འོད་གསལ་བ།
ཁ་དོག་རྣམ་པར་བཤིག་པའི་སྒྲས་ནི་གཉིས་སུ་རྟོགས་ཏེ། ཞི་བ་ལ་སོགས་པའི་དབྱེ་བའི་དོན་གྱིས་ཁ་དོག་དེ་བཞིན་གཤེགས་པའི་ང་རྒྱལ་དང༌། འོད་གསལ་དུ་འཇུག་པའི་ཐབས་བརྟོད་པ་སྟེ། དེ་ལྟར་ཨཱ་ལི་དང་ཀཱ་ལི་རྣམས་དབུགས་དབྱུང་བ་དང་རྔུབ་པ་ལས་སྤྲོས་ཏེ་བསྡུས་ནས་དེ་ཉིད་དུ་རང་ཉིད་ཞུགས་ཏེ་གཅིག་ཏུ་གྱུར་པའོ་ཞེས་པ་ནི་ཨཱ་ལི་དང་ཀཱ་ལིའི་ཕྲེང་བ་རྣམས་སྤྲོས་ནས་སོ། །གང་ལས་ཤེ་ན། དབུགས་དབྱུང་བ་ལས་ཏེ་དབུགས་ཕྱིར་འབྱུང་བའི་ལམ་ནས་ཨཱ་ལི་དང་ཀཱ་ལི་འཐོན་ནས་དེའི་འོད་ཟེར་རྣམས་ཀྱིས་མཚན་དང་དཔེ་བྱད་རྣམས་ཡང་དག་པར་སྦྱངས་ཏེ། རྒྱུ་བ་དང་མི་རྒྱུ་བར་བཅས་པ་གཅིག་ཏུ་གྱུར་ནས་དེ་ཉིད་ལ་བཅུག་སྟེ་གཽ་རཱི་ལ་སོགས་པ་རྣམས་དང་བདག་མེད་མ་རང་ཉིད་ལ་འདུས་ནས་བདག་ཉིད་རྡོ་རྗེ་འཛིན་པའི་གོ་འཕང་ལ་མ་བརྟགས་པའི་རང་བཞིན་གྱིས་གནས་པའོ། །དེ་ནས་ཞལ་གཅིག་ཕྱག་གཉིས་པ་དཀར་པོ་སྟེ། དེ་ལ་རི་བོང་ཅན་དང༌། ཉི་མ་ཁ་སྦྱར་བའི་དབུས་སུ་དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པ་ཞེས་པ་སྟེ། དེས་ན་རིགས་ཀྱི་ལེའུར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་མ་སྐྱེས། །ཞེས་ལོངས་སྤྱོད་རྫོགས་པས་གསུངས་ཤིང༌། དེ་ལྟར་ཡང༌། མེ་ལོང་གཟུགས་ལ་ཡན་ལག་མཐའ་དག་པའི། །དང་པའི་མཆོག་གི་གཟུགས་ནི་ཇི་ལྟར་མཛེས་པ་སྟེ། །དཔེ་བྱད་བརྒྱད་ཅུ་དང་ནི་མཚན་གྱིས་ཕྱུག་པ་ཡིས། །རྡོ་རྗེ་འཛིན་པའི་སྐུ་ནི་དེ་ལྟར་རྟག་པ་ཉིད། །འདི་ནི་རང་བྱིན་གྱིས་བརླབ་པའི་རིམ་པ་སྟེ། འགྲོ་བའི་དོན་དང་པོར་བྱས་ནས་ལྷན་ཅིག་སྐྱེས་པའི་མཐར་ཐུག་པས་ནི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའོ།།
དེ་ནས་ས་བོན་གྱི་གནས་སྐབས་ལ་གནས་པ་ཞེས་པ་སྟེ། འདིའི་གང་ཞེ་ན། ལྷན་ཅིག་སྐྱེས་པ་དེ་ནི་ས་བོན་ནོ། །སྐབས་འདིར་འདི་དྲན་པར་བྱ་སྟེ་ཞེས་པ་ནི་དགོད་པ་དང༌། བལྟ་བ་དང༌། འཁྱུད་པ་དང༌། སྙོམས་པར་འཇུག་པ་བཞི་རྣམ་པར་དག་པས་ཤེས་པར་བྱ་སྟེ། སློབ་དཔོན་དང༌། གསང་བ་དང༌། ཤེས་རབ་དང༌། མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པ་རྣམས་ལ་འདིས་ནི་དགའ་བའི་སྐད་ཅིག་མའི་དབྱེ་བ་རྣམས་བརྗོད་དེ། སློབ་དཔོན་གྱི་སྒྲས་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྟེ་དང་པོ་དགའ་བའོ། །གསང་བའི་སྒྲས་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ་མཆོག་དགའོ། །ཤེས་རབ་ཀྱི་སྒྲས་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ་དགའ་བྲལ་ལོ། །མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པ་ཞེས་པའི་སྒྲས་ནི་མཚན་ཉིད་མེད་པའི་སྐད་ཅིག་མ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལས་ཀྱི་ཕྱག་རྒྱའི་སྦྱོར་བས་ལྷན་ཅིག་སྐྱེས་པའི་གྲིབ་མ་ཅུང་ཞིག་བྱེ་བ་ཙམ་ཞིང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་སྦྱོར་བས་ཡང་དག་པར་སྦྱོར་བ་སྟེ་ཕྱག་རྒྱ་ཆེན་པོའི་སྦྱོར་བས་སླར་ཡང་ཚོར་བ་མེད་པའོ། །ཇི་ལྟར། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཏེ། །བདག་མེད་གཞན་ཡང་མེད་པའོ། །ཞེས་ལྷན་ཅིག་སྐྱེས་པའི་གནས་སྐབས་སུ་རིག་པར་བྱས་ནས་དེ་ནས་བཅོམ་ལྡན་འདས་ཀྱང་འོད་གསལ་དུ་འཇུག་གོ་ཞེས་པའི་དོན་ཏོ། །འདིས་ནི་ས་བོན་གྱི་ཡི་གེ་དང་ཟླ་བ་དང༌། ཉི་མ་དག་འདྲེས་པར་གྱུར་ཏེ་ཞེས་པ་འདིས་ནི་ཡེ་ཤེས་གསུམ་གྱི་ངོ་བོ་མེད་པར་གསལ་བའོ། །བདུད་རྩིའི་རང་བཞིན་ཞེས་པ་འདིས་ནི་ལྷན་ཅིག་སྐྱེས་པའི་གནས་སྐབས་བརྟན་པོར་བྱས་པའོ། །འོད་ཟེར་གྱི་ཕུང་པོའི་རྣམ་པའི་རིམ་པས་མར་མེའི་རྩེ་མོ་བཞིན་དུ་ཇི་སྲིད་དམིགས་པར་བྱའོ་ཞེས་པ་ལ་འོད་ཟེར་ནི་འོད་ཟེར་རོ། །ཕུང་པོའི་རྣམ་པའི་རིམ་པ་ཞེས་པ་ནི་ཕུང་པོའི་ཚོགས་སོ། །རིམ་པས་ཞེས་པ་ནི་ཕུང་པོ་ལྔའི་རིམ་གྱིས་འཇུག་ཅིང༌། མར་མེའི་རྩེ་མོ་བཞིན་དུ་ཞེས་པ་ནི་ཇི་ལྟར་མར་མེའི་རྩེ་མོ་མར་མེ་ལས་སྐད་ཅིག་གི་ནུབ་པ་སྟེ། དེ་ལྟར་བཅོམ་ལྡན་འདས་ནི་ཕུང་
པོའི་རིམ་གྱིས་གཟུགས་ནས་གཟུགས་ཚོར་བ་ལའོ། །དེ་བཞིན་དུ་ཚོར་བ་འདུ་ཤེས་ལའོ། །དེ་བཞིན་དུ་འདུ་ཤེས་འདུ་བྱེད་ལའོ། །འདུ་བྱེད་རྣམ་པར་ཤེས་པ་ལའོ། །རྣམ་པར་ཤེས་པ་ནམ་མཁའ་ལ་སྟེ་ཕྱོགས་མེད་པའི་ཕྱིར་རོ། །སྔར་ནས་གཽ་རཱི་ལ་སོགས་པ་རྣམས་ཀྱིས་བསྡུ་བ་ཇི་ལྟར་ཡིན་ཞེ་ན། དེ་ལ་རིམ་པ་འདི་བརྗོད་པར་བྱ་སྟེ། ཨཱ་ལི་དང་ཀཱ་ལི་དག་གིས་བྱུང་ནས་འཇིག་རྟེན་གསུམ་པོ་མཐའ་དག་གཅིག་ཏུ་བྱས་ཏེ། རིམ་པ་ཇི་ལྟ་བར་གཞུག་ཅིང་གཽ་རཱིས་རང་གི་ཡུལ་བཟུང་ནས་བཅོམ་ལྡན་འདས་ལ་སོང་ངོ༌། །དེ་བཞིན་དུ་ཙཽ་རཱི་དང༌། བེཏྟཱ་ལི་དང༌། གྷསྨ་རཱི་ནི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་སོང་ངོ༌། །དེ་ལྟར་པུཀྐ་སཱིས་སྲ་བའི་ཁམས་བཟུང་ནས་རྡོ་རྗེ་འཛིན་པའི་གཟུགས་ཀྱི་ཁམས་ལ་སོང་ངོ༌། །དེ་བཞིན་དུ་ཤ་བ་རཱི་དང༌། ཙཎྜ་ལཱི་དང༌། ཌོམྦི་ནཱི་ནི་ཆུ་དང་མེ་དང༌། རླུང་རྣམས་ལ་སོང་ངོ༌། །གང་ཡང་གཽ་རཱི་ལ་སོགས་པ་རྣམས་ཀྱིས་བསྡུ་བར་གྱུར་པ་ན་པུཀྐ་སཱི་ལ་སོགས་པ་རྣམས་ཀྱིས་བསྡུ་བ་བསྟན་ཏེ། དེ་ལྟ་ནའང་དབྱེ་བ་བརྗོད་པར་བྱ་སྟེ། རང་གི་ཁམས་རྣམ་པར་སྤངས་ནས་གཟུགས་ལ་སོགས་པ་རྣམས་ཀྱིས་བསྡུ་བ་ཅི་ཞིག་སྟེ། འོན་ཀྱང་ཉལ་བའི་དུས་སུ་དེ་རྣམས་གཟུང་ནས་སོ། །དེ་ནས་པུཀྐ་སཱི་ལ་སོགས་པ་རྣམས་ཀྱི་ཡང་སྟེ། གཟུང་བར་བྱ་བ་དང༌། འཛིན་པ་པོ་དང༌། འཛིན་པར་ཡོད་ན་ཡེ་ཤེས་གསུམ་རྣམ་པར་དག་ཅིང་མཁའ་སྤྱོད་མ་དང་ས་སྤྱོད་མ་དང་བདག་མེད་མའི་རང་བཞིན་གྱིས་གཟུགས་ཏེ་གཞན་སྣང་བ་དང་སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་པའི་སྒྲས་བརྗོད་པ་རྣམས་སོ། །བདག་མེད་མ་ལྷ་མོས་ཕྱོགས་གཉིས་ཐོབ་ནས་རྡོ་རྗེ་འཛིན་པའི་རྣམ་པར་ཤེས་པ་ལ་སྔོན་ཉིད་དུ་སོང་ངོ༌། །གང་ལས་ཤེ་ན། བདག་མེད་མའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཨཾ་གི་ཡི་གེ་བལྟ་ཞིང༌། དེ་ཉིད་ཀྱིས་ཨཾ་གི་ཡི་གེ་ཟླ་བའི་དཀྱིལ་འཁྱོར་ལྷན་ཅིག་ཞུ་སྟེ། བཅོམ་ལྡན་འདས་མ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་རབ་ཏུ་ཞུགས་པར་བསམ་པར་བྱའོ་ཞེས་པའི་ཚིག་ལས་ཏེ། བཅོམ་ལྡན་འདས་མའི་བསྡུ་བའོ། །འདིས་ནི་ལྷན་ཅིག་སྐྱེས་པ་དང་པོར་བྱས་ནས་འོད་གསལ་
གྱི་མཐར་ཐུག་པ་ནི་ཆོས་ཀྱི་སྐུ་མངོན་པར་བྱང་ཆུབ་པའོ། །