Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
དྲི་བ་བཞི་པའི་དྲིས་ལན།
   
   


 
previousདྲི་བ་བཞི་པའི་དྲིས་ལན།next

དྲི་བ་བཞི་པའི་དྲིས་ལན།


GLG020_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་བཞི་པའི་དྲིས་ལན།དྲི་བ་བཞི་པ་ནི། བཞི་པ་གཙུག་ལག་སྐོར་མགོ་མང་མཆིས་ཀྱང་། །རྒྱ་ནག་ཡུལ་དུ་སྤྱི་དོན་བཅོ་ལྔ་ཞེས། །བོད་དུ་འགྱུར་བར་རྩིས་མགོ་བཅོ་ལྔ་སྟེ། །དང་པོ་གནམ་གྱི་རིམ་པ་བཅུ་གསུམ་སྟེང་། །ཤེལ་གྱི་བྱ་ཁྱུང་དཀར་པོ་དེ་ཡི་སྟེང་། །ས་བདག་རྒྱལ་པོར་རྩིས་མགོ་ལྔ་སྟོན་ཏེ། །ཤེལ་གྱི་བྱ་ཁྱུང་དཀར་པོ་ཞེས་པ་འདི། །ལོ་འགྲོས་གང་གི་སྟེང་ནས་བསྐོར་རྒྱུ་ཡིན། །འདི་ལྟར་རྒྱུད་རྒྱལ་གཙུག་ལག་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་གྱི་རིག་པ་འཆང་བ་པོ། །ཁོ་བོ་འཕན་ཡུལ་བསྟན་པའི་མིང་ཅན་གྱིས། །བྲིས་པའི་དུས་འཁོར་རི་མོའི་ལས་ཚུལ་དང་། །གཙུག་ལག་རིག་པ་སྨྲ་བའི་མཁྱེན་ལྡན་རྣམས། །རྒྱ་ལ་ལེགས་བཤད་ལུང་རིགས་མཐུན་པ་ཡིས། །ལན་འདེབས་གསལ་བ་གནས་འདིར་མྱུར་སྩོལ་ཅིག །ཅེས་པ་རྒྱ་ནག་དཔྱད་ལྡིང་བཅུ་མ་སྐོར་མགོ་ལ། གནམ་གྱི་བྱ་ཁྱུང་དཀར་པོའི་སྟེང་ནས་རྗེ་ས་བདག་རྒྱལ་པོའི་རྩིས་བྱེད་པར་འདོད་ན། གོས་སྔོན་གོང་པ་ནས་རལ་ལམ་མ་རལ། རྗེ་རྒྱལ་དབུ་ཐོད་ས་ལ་ལྷུང་ངམ་མ་ལྷུང་། ཕོ་བྲང་གི་གདན་ས་སྟོངས་སམ་མ་སྟོངས། མི་ཁ་མང་གིས་སྟོད་གླེང་བྱས་སམ་མ་བྱས། འབངས་སྟོང་སྡེའི་ཁ་ལག་བྱུང་ངམ་མ་བྱུང་། རྐང་འོག་གི་རྡེའུ་དེ་ཀླད་ལ་ཤོར་རམ་མ་ཤོར། སྟག་གཟིག་གི་གྲ་ཡལ་ལམ་མ་ཡལ། གྲུམ་ཟེའི་གདན་ས་སྟོངས་སམ་མ་སྟོངས། ཞེས་པས་མཚོན་ཏེ། གངས་ཀྱི་སེང་གེ་དཀར་མོའི་སྟེང་ནས་དགེ་བའི་བཤེས་གཉེན་གྱི་རྩིས། གསེར་སྦྲུལ་སེར་པོའི་སྟེང་ནས་གསང་སྔགས་རྡོ་རྗེ་འཛིན་པའི་རྩིས། གཡུ་འབྲུག་སྔོན་མོའི་སྟེང་ནས་གཡུང་དྲུང་བོན་གྱི་རྩིས། གསེར་གྱི་གླང་པོ་ཆེའི་སྟེང་ནས་ཕ་ཚན་གཙོ་བོའི་རྩིས། ལྕགས་སྟག་སྔོན་མོའི་སྟེང་ནས་ཞང་བློན་ངར་མའི་རྩིས། (༥༡ན)


GLG020_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་མོ་དམར་མོའི་སྟེང་ནས་བཟའ་མ་བུད་མེད་ཀྱི་རྩིས། གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་སྟེང་ནས་བྱིས་པ་ཆུང་ངུའི་རྩིས། མཐིང་གི་ནེ་ཙོའི་སྟེང་ནས་དམན་ཤར་གྱི་རྩིས། རྨེ་བ་དགུ་གླིང་གི་སྟེང་ནས་བྲན་གཡོག་གི་རྩིས། རྟ་མཆོག་ངང་པ་གསེར་ལྡན་གྱི་སྟེང་ནས་འོག་རྟའི་རྩིས། འབྲོང་པོ་རྭ་སྔོན་གྱི་སྟེང་ནས་ཕྱུགས་ལུག་གི་རྩིས། བུམ་པ་དང་འཁོར་ལོ་འབར་བའི་སྟེང་ནས་བཟའ་མི་བྱེ་བྲལ་འོང་མི་འོང་གི་རྩིས། རྨ་བྱ་མཇིང་བསྣོལ་གྱི་སྟེང་ནས་བག་མ་འགྲོ་ལམ་གྱི་རྩིས། ལྷ་ཁང་ཁྱུང་མགོའི་སྟེང་ནས་ཁང་པའི་རྩིས། གླིང་བརྒྱད་གསེར་གྱི་ས་གཞིའི་སྟེང་ནས་སོ་ནམ་ལས་བྱེད་ཀྱི་རྩིས། རིན་པོ་ཆེ་འོད་འབར་གྱི་སྟེང་ནས་དཀོར་ནོར་གྱི་རྩིས། གསེར་གྱི་ཆུ་མིག་གི་སྟེང་ནས་བྱིས་པ་བཙས་ཀླུང་གི་རྩིས། ལྷ་བྱ་དཀར་མོའི་སྟེང་ནས་ཕན་པའི་ལྷ་འགོའི་རྩིས། དུར་བྱ་ནག་མོའི་སྟེང་ནས་འདྲེ་གང་གནོད་ཀྱི་རྩིས། ཤ་བ་དམར་མོའི་སྟེང་ནས་སྐྲ་དང་རྒས་པའི་རྩིས། གསོན་པོ་རྒྱབ་སྙེས་ཀྱི་སྟེང་ནས་ནད་པ་འཚོ་འཆིིའི་རྩིས། མི་རོ་དམར་པོའི་སྟེང་ནས་གཤིན་པོའི་རྩིས། ཤིང་སྡོང་དམར་པོའི་སྟེང་ནས་ཚེ་འདས་རོ་སྲེག་གི་རྩིས། ཐོད་པ་དགུ་བརྩེགས་ཀྱི་སྟེང་ནས་དཀར་དུར་རུས་པའི་རྩིས། ས་བདག་མགོ་གསུམ་གྱི་སྟེང་ནས་གཏོ་དཀར་ནག་ཁྲ་གསུམ་ཀྱི་རྩིས། རྡོ་རྗེ་རྒྱ་གྲམ་གྱི་སྟེང་ནས་སྐྱེས་དར་མའི་སྲོག་གི་རྩིས། གཡུང་དྲུང་འཁྱིལ་བའི་སྟེང་ནས་བཟའ་མ་བུད་མེད་ལ་དབང་ཐང་གི་རྩིས། འཁོར་ལོ་རྩིབས་བརྒྱད་ཀྱི་སྟེང་ནས་བྱིས་པ་ཆུང་ངུའི་ལུས་ཀྱི་རྩིས་པདྨ་འདབ་བརྒྱད་ཀྱི་སྟེང་ནས་ཡ་རབས་གོང་མ་དང་ཡོན་ཏན་ཅན་གྱི་ཀླུངས་རྟའི་རྩིས་རྣམས་དཔྱད་ལྡིང་དཀྱུས་མར་མི་གསལ་ཡང་། མན་ངག་ལུགས་སུ་ཡོད་པའི་ཤེལ་གྱི་བྱ་ཁྱུང་གི་ཁ་ནས་ས་བདག་རྒྱལ་པོའི་རྩིས། དེ་སྤྱིར་བཏང་ལྕགས་བྱ་ནས་སྐོར་མོད། མན་ངག་ལུགས་སུ་ལྕགས་བྱ་(༥༡བ)
སྤྲེ་སྟེང་ནས་བསྐོར་ཞེས་པས། གཞན་རྣམས་ལའང་སྐོར་མགོའི་འཕྲུལ་ཞེས་དགོས་སོ། །དྲི་བའི་དངོས་དོན་ཙམ་ཞིག་བློ་ལྡན་དོན་གཉེར་ཅན་འདྲ་ལ་ཕན་སྙམ་ལན་བྲིས་པ་ལས་མཆོད་བརྗོད་སྦྱར་བྱང་སོགས་ནི་མཁས་པ་ཟུར་མཁར་བས། འདི་ན་གྲོང་པ་རྣམས་ཀྱི་ཚིག །རང་གར་རྐང་པས་བཅད་པ་ལ། །སྙན་ངག་མཁན་དུ་འཛིན་པ་ནི། །ཀྱེ་མ་འཁྲུལ་བའི་མཚང་རེ་ཆེ། །ཞེས་པའི་དོན་དུ་སྣང་བས། སོལ་བ་ནག་པོའི་རང་བཞིན་ལ་དཀར་ནག་གི་རྟོག་དཔྱོད་བྱེད་མ་དགོས་སོ། །


previousདྲི་བ་བཞི་པའི་དྲིས་ལན།next