Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
  expand section
  collapse section
   
   
   
   
   
ཡར་ཀླུང་བཀྲ་ཤིས་རྩེའི་པཎྜི་ཏར་རློམས་པ་ཉི་འོག་མཁས་པར་གྲགས་པའི་རྩིས་རིག་ལས་འཕྲོས་པའི་དྲི་བ་འགའ་ཞིག་གི་དྲིས་ལན་གོ་བདེར་བཀོད་པ།
   


 
previousཡར་ཀླུང་བཀྲ་ཤིས་རྩེའི་པཎྜི་ཏར་རློམས་པ་ཉི་འོག་མཁས་པར་གྲགས་པའི་རྩིས་རིག་ལས་འཕྲོས་པའི་དྲི་བ་འགའ་ཞིག་གི་དྲིས་ལན་གོ་བདེར་བཀོད་པ།next

ཡར་ཀླུང་བཀྲ་ཤིས་རྩེའི་པཎྜི་ཏར་རློམས་པ་ཉི་འོག་མཁས་པར་གྲགས་པའི་རྩིས་རིག་ལས་འཕྲོས་པའི་དྲི་བ་འགའ་ཞིག་གི་དྲིས་ལན་གོ་བདེར་བཀོད་པ།


GLG020_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ཀླུང་བཀྲ་ཤིས་རྩེའི་པཎྜི་ཏར་རློམས་པ་ཉི་འོག་མཁས་པར་གྲགས་པའི་རྩིས་རིག་ལས་འཕྲོས་པའི་དྲི་བ་འགའ་ཞིག་གི་དྲིས་ལན་གོ་བདེ་བར་བཀོད་པ།ཡར་ལུངས་བཀྲིས་རྩེ་བ་པཎྜི་ཏར་རློམས་པ་ཉི་འོག་མཁས་པར་གྲགས་པའི་དྲི་བ་ཞིག་འདུག་པ་འགོ་འཇུག་ལ་ཚིགས་བཅད་སོགས་ཀྱང་མེད་ཅིང་ཤོག་དྲིལ་ཀྱང་ཧྲུལ་ནས་ཐམས་ཅད་ཀློག་རྒྱུ་མི་འདུག་རུང་། ཕལ་ཆེར་ཚང་འདུག་པ་རྣམས་འདི་ལྟ་སྟེ། ཐུབ་པས་དུས་འཁོར་གསུངས་དུས་སུ། །ལོངས་སྐུའི་ཆ་བྱད་ཅན་ཡིན་ནམ། །སྤྲུལ་སྐུའི་ཆ་བྱད་ཅན་གྱིས་གསུངས། །གླིང་འདིར་རེས་གཟའ་འཕོ་བའི་འཚམས། །ནམ་ལངས་ཡིན་ཞེས་ཕལ་ཆེར་འདོད། །དེ་ཡི་རྒྱུ་མཚན་ཇི་ལྟར་ཡིན། །སྡིག་གཟའ་རྣམས་ཀྱི་རང་འགྲོས་ཀྱིས། །རི་རབ་དག་ལ་འཁོར་མི་འཁོར། །ཉི་ཟླ་གཉིས་ལ་འགྲོས་བཞི་ཡོད་དམ་མེད། །ཉི་ཟླ་གཡས་སུ་འཁོར་བ་ལ། །རླུང་འགྲོས་ཞེས་ནི་འདོད་མི་འདོད། །སྒྲ་གཅན་གཡས་སུ་འཁོར་བ་དང་། །ཉི་ཟླ་གཡོན་དུ་འཁོར་བ་གཉིས། །འཕྲད་འཚམས་ཤར་གྱི་ཕྱོགས་ཡིན་ན། །ཉི་མ་ནུབ་ནས་འཛིན་པ་ཅི། །གཟའ་འཛིན་དུས་སུ་མིག་སྨན་མདོག །མཐོའམ་ཉི་མ་ཟླ་བ་མཐོ། །སྣོད་ཀྱི་འཇིག་རྟེན་འཇིག་པའི་དུས། །ཉི་མའི་དཀྱིལ་འཁོར་བདུན་འཆར་བ། །ཚད་ལྡན་གཞུང་ནས་བཤད་ཨེ་ཡོད། །རྣམ་དག་གྲུབ་མཐའི་རྩིས་ཉིད་ལ། །སྐྱེས་ཁྱིམ་ཟླ་དུས་སྐྱོང་བ་དང་། །དཀར་དྲུག་ཞེ་ལྔ་སྦྱོར་བ་གཉིས། །(༥༢ན)


GLG020_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་ཐུགས་རྩེ་ཅི་ལ་གཏོད། །གཏོད་ན་རྒྱུ་མཚན་ཇི་ལྟར་ཡོད། །དེ་མཚུངས་ཉི་ཟླ་བསྲེས་པ་ཡིས། །སྦྱོར་བ་དག་ཏུ་འགྱུར་མོད་ཀྱང་། །ཉི་ཟླ་སྤྱོད་འགྱུར་ལོངས་སྤྱོད་ནི། །མི་མཚུངས་པས་ན་སྦྱོར་བ་ཉིད། །ཡུལ་ལ་སྤྱོད་དམ་དུས་ལ་སྤྱོད། །ལོངས་སྤྱོད་ཉིན་ཞག་གཅིག་དང་མཚུངས་སམ་ཅི། །གཟའ་ལྔ་ཉིན་ཞག་དང་ནི་ཚེས་སྤྱོད་གཉིས། །སྐྱེས་ཁྱིམ་སྦྱོང་ཁྱད་འགལ་ཁྱབ་ཆེ་བ་འདི། །སྐྱེས་སྐར་མི་གཅིག་སྙམ་ན་དགོས་པ་ཅི། །ངེས་དོན་ཕྱག་ལེན་ཐུགས་རྩེ་གང་ལ་གཏོད། །གཟའ་ལྔ་ཉིན་ཞག་མ་ནི་འདེབས་པའི་ཚེ། །རྐང་འཛིན་ཚེས་ཞག་ཉི་བར་ལ་བྱེད་པའི། །ཕྱག་ལེན་མཛད་པ་མང་དུ་འདུག་ལགས་ཀྱང་། །ཉེ་ཚེས་ལོངས་སྤྱོད་མང་ཉུང་མི་མཚུངས་པར། །གྲུབ་རྩིས་ཚེས་ཉི་དག་ལ་བྱེད་པ་ཅི། །ཕྱག་ལེན་གང་གི་སྟེང་ནས་གནང་བར་བཞེད། །གཟའ་རྣམས་ཀུན་གྱི་བགྲོད་གཞི་ཡི། །ཁྱིམ་ནི་བཅུ་གཉིས་ཡོད་པ་ལས། །ཉིན་མཚན་རིང་ཐུང་ཐམས་ཅད་དུ། །ཉིན་དྲུག་མཚན་དྲུག་འཆར་མི་འཆར། །འཆར་ན་སྔ་གསུམ་ཕྱི་གསུམ་གྱི། །འཆར་ལུགས་ཞལ་གྱིས་བཞེས་ཨེ་ཐུབ། །མི་བཞེས་འགལ་བ་ཅི་ཞིག་འབྱུང་། །བཞེས་ན་གཏད་སོ་ཇི་ལྟར་མཆིས། །བཅུ་བཞི་དང་ནི་བཅོ་ལྔ་དང་། །དེ་བཞིན་ཚེས་བརྒྱད་གནམ་སྟོང་ལ། །དུས་བཟང་འོང་བའི་རྒྱུ་མཚན་ཅི། །སྒྲ་གཅན་ལྷོ་བགྲོད་བྱང་བགྲོད་ཡོད་དམ་མེད་ལགས། །གཞན་ཡང་། ཉམས་དགའི་ཁུལ་ཞུ་ནག་རྩིས་དྲི་བ་ཞུ། །སངས་རྒྱས་མ་བྱོན་གོང་ནས་རྩིས་འདི་ནི། །གོ་རིམ་ཡོད་ཅེས་ཁ་ཅིག་སྨྲ་བ་ལ། །ཡོད་མེད་མཁས་པས་གཟིགས་ནས་ཕེབས་སྒོ་མཁྱེན། །ཁྱུང་ནག་སྒང་དྲིལ་སོགས་ནས་གསུངས་པ་ལ། །ཡར་གྱི་ལྔ་ནི་གནམ་གྱི་འཇུ་ཐག་ཡིན། །མར་གྱི་ལྔ་ནི་ས་ཡི་རྟེན་ཕུར་ཡིན། །ཡར་གྱི་བརྒྱད་ནི་གནམ་རྒྱང་ཡིན་ཞེས་དང་། །མར་གྱི་(༥༢བ)


GLG020_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ནི་ས་རྒྱང་ཡིན་བརྗོད་པའི། །དེ་ན་མ་བུར་ཕྲད་ན་བཟང་བ་དང་། །དགྲ་གཤེད་ཕྲད་ན་ངན་ཞེས་པ། །འབྱུང་བ་འཐབ་ལུགས་ཇི་ལྟར་དགོས་པར་བཞེད། །རྨེ་བ་བརྒྱད་ཅུ་སྐོར་བ་དག་དང་ནི། །དྲུག་ཅུ་སྐོར་བ་གཉིས་སུ་ཡོད་པ་ལས། །འཇམ་དབྱངས་ཉིད་ཀྱི་གང་ནི་གསུངས་པར་བཞེད། །ངེས་དོན་ཕྱག་ལེན་ད་ལྟ་ཇི་ལྟར་སྐྱོང་། །ཞེས་པ་འདི་རྣམས་ལ་དྲི་བ་གནང་ཡོད་མེད་སྣ་ཚོགས་གྲངས་རེ་མང་འདུག་པར། ཚིག་ལྷུག་གི་རྒྱུ་མཚན་ལུང་ཁུངས་སོགས་ཀྱི་སྒོ་ནས་ལན་བྱས་ན་ཧ་ཅང་ཡི་གེ་མངས་པར་འགྱུར་བས། ཚིགས་བཅད་དུ་སྨྲས་ན། རྒྱུད་རྣམས་རྒྱལ་བའི་སྐུའི་བཀོད་པ། །བསྒྱུར་ནས་གསུངས་ཞེས་རྩོད་སྤོང་ཆེད། །སྟོན་འཁོར་གནས་ཀུན་བྱིན་བརླབས་ནས། །གསུངས་པ་ཚད་ཐུབ་ཡོངས་ལ་གྲགས། །རེས་གཟའ་ཉིན་ཞག་ལ་དབང་བར། །ཕལ་ཆེར་འདོད་ཀྱང་ཆོས་ལོངས་དང་། །བསྟུན་པ་ལུང་རིགས་དང་འབྲེལ་མོད། །རྨོངས་འདྲིལ་མཁས་པ་ཟུར་དུ་དབྱུང་། །བུ་ཡི་རླུང་འགྲོས་གདུགས་འཁོར་དཔེར། །མཛད་ན་གཟའ་དགུས་རང་འགྲོས་ཀྱིས། །རི་རབ་དངོས་སུ་མ་བསྐོར་ཀྱང་། །བཅུ་གཉིས་ཁྱིམ་བསྐོར་དོན་གྱིས་འཐོབ། །ཉི་ཟླ་འགྲོས་བཞི་ཡེ་ཤེས་ལེར། །གསུངས་ཀྱང་གཟའ་ལྔའི་མྱུར་བ་ལྟར། །འཁྱོག་འབྱུང་འགྲོས་བཞི་བཤད་པ་དང་། །མཚུངས་མིན་དངོས་སུ་བསྟན་པ་མེད། །ཉི་ཟླ་ནུབ་འགྲོ་རླུང་འགྲོས་ཏེ། །རང་འགྲོས་དཔེར་ན་ཉི་མ་ལ། །བཞི་ཡི་ཆུ་ཚོད་ཉེར་གཅིག་སྲང་། །དབུགས་ལྔ་ཆ་ཤས་ཞེ་གསུམ་བཤད། །གཟའ་འཛིན་དུས་སུ་ཟླ་བ་དག །ཤར་ནས་འཛིན་ཅིང་རྟ་ལྗང་ཅན། །དེ་ལས་གོ་བཟློག་སྒྲིབ་བྱེད་པ། །འཁོར་ལུགས་ཤིག་གི་གནད་དུ་གོ །དུས་འཁོར་གདན་གྱི་རྩེག་ལུགས་ལྟར། །ཟླ་ཉིའི་སྟེང་གི་སྒྲ་གཅན་གྱིས། །སྒྲིབ་པ་(༥༣ན)


GLG020_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་དྭངས་ཤེལ་སྟེང་། །ཚོན་གཞན་གྱིས་ནི་མདོག་སྒྱུར་བཞིན། །ཉི་མ་བདུན་གྱིས་སྲེག་པ་སོགས། །མེ་ཆུ་རླུང་གིས་བསྐལ་པ་དག །འཇིག་པའི་ཚུལ་གྱི་རྣམ་གཞག་ཀུན། །ཚད་ལྡན་གཞུང་མང་དག་ལས་བཤད། །སྐྱེས་ཁྱིམ་བཤད་ཚུལ་མི་མཐུན་པ། །རི་རབ་དབུས་ཀྱི་ཚངས་ཐིག་ནས། །གཞལ་བའི་ལྷོ་བགྲོད་འགོ་རྩོམ་དང་། །ས་འདིར་བྱེ་བྲག་དབྱེ་བས་འབྱེད། །སྦྱོར་བའི་ཆུ་ཚོད་རེ་གཉིས་སུ། །བཤད་པས་གང་ཤར་འདས་པ་ཡིན། །ཆུ་ཚོད་མ་ཟད་དུས་དེའི་བར། །སྦྱོར་བའི་ལྷ་ཡིས་བཟང་ངན་བྱེད། །མཁས་པ་སུས་ཀྱང་མ་མཁྱེན་པའི། །ཉིན་ཞག་ཉི་བར་ཞལ་ལུང་ལུགས། །གཟའ་ལྔ་ཉི་ཞག་བྱེད་བཞིན་དུ། །ཉི་དག་ལ་བརྟེན་རྩིང་ཆོས་ཡིན། །བགྲོད་གཉིས་ཚེ་ཡང་ཉིན་མཚན་ལ། །ཁྱིམ་དྲུག་སོ་སོར་འཕྱུག་མེད་འབྱུང་། །ཆུ་ཚོད་སྲང་མདའི་མཐོ་དམའ་སྟེ། །དུས་ཀྱི་སྦྱོར་བས་མངོན་སུམ་མཐོང་། །འདུལ་ལུང་བསྙེན་གནས་ས་སྙིང་མདོར། །དུས་བཅུ་གསུངས་ཤིང་གཟའ་འཛིན་ཚེ། །དྷཱུ་ཏཱིར་རོ་རྐྱང་རླུང་འཇུག་པའི། །ཕྱི་ནང་སྦྱར་བའི་བཤད་པ་འཐོབ། །སྒྲ་གཅན་གདོང་དང་དུས་མེ་གཉིས། །རྒྱུ་ལམ་གཅིག་ཏུ་ངེས་པས་ན། །ཉི་ཟླ་ལྟ་བུར་ལྷོ་བྱང་དུ། །བགྲོད་པའི་གནས་སྐབས་ཅུང་ཟད་མེད། །ཟས་གཙང་སྲས་སྔོན་རྔ་བོང་དུ། །གྱུར་ཚེ་དྲུག་ཁྲིར་དཀའ་ཐུབ་མཐུས། །གཟའ་སྐར་གོ་རིམ་མཛད་ཅེས་པ། །ཉི་མའི་སྙིང་པོའི་མདོ་ལས་གསུངས། །ཡར་ལྔ་ལ་སོགས་རྟོགས་པ་ལ། །བརྩི་བྱའི་ལོ་ཡི་མ་བུ་དང་། །ཁམས་ལྔའི་འགྱུར་ཚུལ་ཤེས་དགོས་པས། །གྲྭ་ཕུག་ལུགས་ཀྱི་རྗེས་འབྲང་རིགས། །ཞེས་ཚིགས་སུ་བཅད་པའི་སྒོ་ནས་ལན་ཉུང་ངུར་བརྗོད་ཟིན་ལ། དེ་ཡང་། ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ཀྱིས་ཡོངས་སུ་ལེན། །དྲི་ཞིམ་འབྱུང་ན་(༥༣བ)
རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །ཞེས་པ་ལྟར། དྲི་བ་བྱེད་པོ་ཕྱི་མ་གཉིས་ཀྱི་དྲི་ཚིག་རྣམ་དཔྱོད་དང་ལྡན་པ་ཆེར་མི་འདུག་ཀྱང་། ལ་ལའི་སར་གནད་ཅུང་ཟད་སྣང་བས་ལན་བཏབ་ན་གཞན་ལ་ཕན་པར་འགྱུར་བའི་སྐབས་མཐོང་སྟེ་བྲིས་པ་ཡིན་ཞིང་། མཐར་རྒྱས་དགེ་སློང་གི་དྲི་བ་མང་པོ་ཡོད་ཟེར་བ། ཡི་གེ་མ་མཐོང་བས་ལན་འདེབས་ཚོད་ཀྱང་མ་ཟིན་ལ། བློ་དང་ལྡན་ན་མ་སྨྲས་ཀྱང་། །རྣམ་འགྱུར་ཉིད་ལས་བསམ་པ་གོ །བལ་པོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །ཞེས་པ་ལྟར། ས་བདག་འཕོ་བསྐྱེས་ཀྱི་ལོ་འགོ་དེ་རྩ་ལྟ་བའི་ལོ་འགོ་དང་མཐུན་པར་འཛིན་པ་སོགས་ཀྱིས་གཞན་རྣམས་ཀྱང་རྗེས་སུ་དཔག་ནུས་པས་ལེགས་ཉེས་ཀྱི་རྟོག་དཔྱོད་བྱེད་པའི་ཡུལ་མིན་ནོ། །


previousཡར་ཀླུང་བཀྲ་ཤིས་རྩེའི་པཎྜི་ཏར་རློམས་པ་ཉི་འོག་མཁས་པར་གྲགས་པའི་རྩིས་རིག་ལས་འཕྲོས་པའི་དྲི་བ་འགའ་ཞིག་གི་དྲིས་ལན་གོ་བདེར་བཀོད་པ།next