Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
དགེ་བསྔོའི་སྨོན་ཚིག་དང་མཇུག་བྱང་།


 
previousདགེ་བསྔོའི་སྨོན་ཚིག་དང་མཇུག་བྱང་།no next

དགེ་བསྔོའི་སྨོན་ཚིག་དང་མཇུག་བྱང་།


GLG020_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྔོའི་སྨོན་ཚིག་དང་མཇུག་བྱང་།སྨྲས་པ། རྣམ་ཀུན་མཆོག་ལྡན་འགྱུར་མེད་བདེ་ཆེན་དཔྱིད་ཀྱི་དཔལ་མོའི་མངལ་ཁུར་ལས། །མཚན་དཔེའི་མྱུ་གུ་གཡུར་དུ་ཟ་བའི་འཁྲི་ཤིང་གཞོན་ནུ་ལེགས་ལྡན་པར། །གཅིག་ལས་དུ་མར་སྣང་བའི་སྒྱུ་འཕྲུལ་ཕང་ཕུང་འདབ་མ་རྒྱས་པའི་རྩེར། །དངོས་གྲུབ་བྱེ་བའི་འབྲས་བཟང་རབ་དུད་ཡོངས་འདུ་ས་བརྟོལ་དང་པོའི་མགོན། །ཐུབ་གསུང་སྙིང་པོ་སྣ་ཚོགས་རིན་ཆེན་ཁམས། །ཟླ་བཟང་མཁྱེན་མངས་སོར་མོའི་འདུ་བྱེད་ལས། །ལེགས་བྱས་པདྨ་སྤུངས་པའི་ཕྲ་ཚོམས་ཅན། །གཏན་བདེའི་འོད་དུ་འབར་བ་རྣ་བའི་རྒྱན། །དམར་སྣུམ་རལ་པའི་རྩེ་ན་ཟླ་ཚེས་པའི། །སྲིད་ཞིའི་བྱེད་པོའི་དཔལ་གྱི་མགྲིན་པ་ལས། །ལྐོག་གྱུར་གཟུགས་ཀུན་རི་མོའི་ཨཱ་དཪྴ། །འཆར་བའི་གཡུལ་ལས་རྣམ་རྒྱལ་དབྱངས་དེ་འཇེབས། །མ་རིག་ས་ཀུ་ཙི་ཏྲའི་ཁ་ཆུ་ལ། །(༥༤ན)


GLG020_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉོན་ཐགས་སུ་གྲུབ་པའི་ཁམས་ལྔའི་དར། །བླང་དོར་ཚོན་རིགས་བསྡེབས་པའི་ཟ་འོག་གོས། །འདི་སྣང་ལུས་ལ་རེག་བྱ་འཇམ་པས་བདེ། །སྒྲ་ཚད་བཟོ་གསོའི་རི་མོ་རྣམ་བཀྲ་བའི། །སྨྲ་བའི་སྤོབས་པ་གཟེངས་སུ་མཐོ་བའི་གླུ། །མགྲིན་པའི་འཁོར་ལོའི་དབུས་ནས་བླངས་པའི་དབྱངས། །འགྱུར་ཁུགས་སྙན་པའི་དཔལ་དེ་སྒྲ་འཛིན་དཔྱིད། །ཉེས་བརྒྱའི་ཁུང་བུར་འཁྱིལ་བའི་ཚུལ་འཆོས་ཅན། །དམ་པའི་སྤྲུལ་པར་ཁས་འཆེའི་ལྕེ་གཉིས་སྐྱོང་། །སྨྲ་བཅད་སྟོབས་འབྱོར་བཟང་བརྫུའི་ལྟོ་འགྲོའི་སྲོག །ལེགས་བཤད་མཁའ་ལྡིང་འགྱིང་བའི་སྡེར་མོས་བཅད། །གཙུག་ལག་རྒྱ་མཚོར་མཁྱེན་ཅན་དཀྱུས་རིང་པོར། །འཇུག་པའི་རིག་སྔགས་འཆང་བའི་འཁོར་ལོས་སྒྱུར། །གང་དེས་ལེགས་བཤད་དྲི་ཚིག་ཏམྦུ་ར། །ཉུང་ངུ་རྣམ་གསལ་སོར་མོས་བསྐུལ་འདི་སྙན། །ཐོས་ཉུང་མཚན་མོའི་བློ་ཡིས་པདྨའི་སྦུབས། །རྨོངས་རྟུལ་འདབ་མའི་རྒྱ་ནང་འཐུམས་པའི་དབུས། །སྨྲ་བའི་རྐང་དྲུག་འཕུར་འདོད་གླུ་ལེན་ན། །བསླབ་སྦྱང་གསར་པའི་སྐྱ་རེངས་འཆར་དེ་སྒུགས། །དེ་ལྟའི་མ་རིག་མུན་པ་སྟུག་པོའི་ནང་། །ཅི་བརྟོལ་བསྐྱེད་པའི་ཚིག་འཕྲེང་འདོམ་འཇལ་མཁན། །དྲི་བྱེད་ཡུལ་བཅས་བཅུད་བྲལ་བུམ་པ་ཟུང་། །ཕན་ཚུན་འཇོ་བའི་སྒྱུ་མའི་འཁྲུལ་འཁོར་བཞིན། །འོན་ཀྱང་ཐོས་བསམ་གཤོག་རྩལ་རྫོགས་པའི་རྒོད། །བཅུ་ཕྲག་རིག་གནས་མཁའ་དབྱིངས་མཐའ་འཇལ་ཡང་། །རེས་འགའ་ཅོང་རོང་ཁྲོད་དུ་མཚུན་ཟས་ལ། །(༥༤བ)


GLG020_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལྟར་དོགས་པའི་གནས་ཀུན་བསལ་བར་བྱས། །ཆུ་འཛིན་གསར་པའི་ལང་ལོང་གཡོ་བའི་དབུས། །འབྲུག་སྒྲ་དལ་གྱིས་རྒོད་ཚེ་གཙུག་ཕུད་ཅན། །སྒྲོ་གཤོག་ཟླུམ་པོར་བྱས་ནས་དགའ་བའི་བར། །སྒྱུར་བ་དབྱར་གྱི་རྒྱལ་མོའི་ངང་ཚུལ་ཡིན། །ལོ་པཎ་བརྒྱུད་པའི་ཡང་སྲིད་མཚན་སྙན་ཡང་། །བློ་ལྡན་མདུན་སར་མིག་ཕབ་ངག་བཅད་ནས། །རྔུལ་ཆུའི་མུ་ཏིག་འཕྲེང་བ་འགྲམ་འཆང་བའི། །རྣམ་པར་ཐར་དེ་བདག་འདྲས་ཟིན་མ་གྱུར། །དགུ་མཐའ་ཙམ་གྱི་རི་མོ་མི་ཤེས་པར། །དང་པོའི་སངས་རྒྱས་རྒྱུད་ཀྱི་དགོངས་འགྲེལ་དག །རྩོམ་པར་རློམ་རྣམས་རིགས་ལྡན་རིགས་ཡིན་ན། །མ་ཁའི་ཡུལ་གྱི་སྦྲང་རྩིའི་བློ་གྲོས་སུ། །ཀྱེ་མ་ལུང་རིགས་མ་འབྲེལ་མདོ་སྔགས་འཆད། །ལེགས་སྦྱར་སྡེབ་སྦྱོར་མི་ཤེས་རྡོག་བཅག་སྒྲིག །ཚད་བྲལ་བཟོ་དང་གྲོང་ཚིག་སྙན་ངག་ཏུ། །རློམ་རྣམས་གཞན་འཕྲུལ་གནས་ཀྱི་བྱེད་པོའི་བུ། ཁུངས་བྲལ་རང་བཟོའི་དབང་ཁྲིད་མན་ངག་ལུང་། །ཧ་ལའི་རྐྱལ་པ་ཐོགས་པའི་གསོ་རིག་པ། །གཟའ་སྐར་ལོག་པར་སྟོན་པའི་རྩིས་མཁན་རྣམས། །འདི་ཕྱིའི་བདེ་འཕྲོག་འཕྲོག་པའི་གཤིན་རྗེ་དངོས། །ཡང་ཡང་ཚུལ་དེ་བསམས་ཚེ་འཁྲུལ་མེད་དུ། །མང་མང་བཅུ་ཕྲག་རིག་པའི་དཀའ་གནས་ཀུན། །གསལ་གསལ་རྗེན་པར་སྟོན་པའི་ཡོངས་འཛིན་རྣམས། །དད་དད་སེམས་ཀྱིས་ལག་པད་སྙིང་གར་ཟུམ། ཁོ་བོ་སྔོན་བསགས་ལེགས་བྱས་མི་དམན་པས། །མང་ཐོས་མཁས་མཆོག་དུ་མའི་ཚོགས་དང་མཇལ། །རྒྱ་ཆེན་ཤེས་བྱའི་(༥༥ན)


GLG020_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་མཐའ་ཀླས་པར། །དག་དང་མ་དག་འབྱེད་པའི་སྤོབས་པ་ཐོབ། །དེ་ལྟ་ན་ཡང་མཁས་ལས་བླུན་བྲིན་པའི། །མཐའ་འཁོབ་ཁ་བས་བསྐོར་བའི་བོད་དུ་སྐྱེས། །གཟིག་ལྤགས་གྱོན་པའི་མགྲིན་བཟང་གྲལ་རིང་དེར། །ཉམ་ཆུང་སྔོན་མེད་ཀ་ལ་པིང་ཀ་ཚུད། །འོན་ཏང་ཤར་རིའི་རྩེ་ནས་ཉིན་བྱེད་དབང་། །བགྲང་མེད་ཤར་ཡང་འཛད་མི་ཤེས་པ་ལྟར། །མགྲིན་པའི་ལམ་ནས་ལེགས་བཤད་མི་ཟད་ཀྱང་། །དང་པོའི་ལས་ཅན་དོན་དུ་ཉུང་ངུར་བཀོད། །དགེ་བའི་ལེགས་བྱས་འཕྲུལ་གྱི་ལྡེ་མིག་གིས། །སྡེ་བཞིའི་སྒོ་འཕར་ཕྱེ་བའི་གན་མཛོད་ལས། །ཆོས་སྲིད་འབྱོར་བར་སྤྱོད་པའི་གདུགས་དཀར་པོའི། །བསིལ་བའི་གྲིབ་མར་འགྲོ་ཀུན་ངལ་གསོར་ཤོག །ཅེས་རྩིས་དཀར་ནག་ལས་བརྩམས་པའི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ་ཞེས་བྱ་བ་འདི་ནི། སློབ་དཔོན་གཞིས་ཀ་ཤར་པ་ཨ་འགུར་དང་། དཔལ་ནོར་བུ་སྤུན་གྱིས་སྔ་ཕྱིར་ནན་གྱིས་བསྐུལ་ཅིང་། གཞན་ཡང་དོན་གཉེར་ཅན་དུ་མས་བསྐུལ་བ་ལ་བརྟེན་ནས། རྡོ་རྗེ་ཐེག་པ་དང་ཐ་སྙད་ཀྱི་ཚུལ་ལ་མཁྱེན་སྤྱན་རྣམ་པར་ཡངས་པ་ཟུར་འུག་བྱ་ལུང་པའི་རིགས་ལས་རྡོ་རྗེ་འཛིན་པ་ཆེན་པོ་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱི་དྲུང་དུ་དཀར་ནག་གི་རྩིས་ཕྲ་རགས་ཐོས་བསམ་གྱིས་གཏན་ལ་ཕབ། གཉགས་ཀྱི་བནྡེ་བླ་མཁྱེན་ངག་དབང་འཇམ་དཔལ་བློ་གྲོས་ལས་རྩིས་དཀར་ནག་དང་དབྱངས་འཆར་གྱི་ལེགས་བཤད་མང་དུ་ཐོས་ལ། སྨོན་མདར་སོགས་མཁས་པ་མང་དུ་བསྟེན་པས་རིག་གནས་དུ་མའི་འཕྲེང་བ་མགྲིན་པར་འཆང་བ་(༥༥བ)


GLG020_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་པོ་ནས་གཞོན་ནུ་སྐལ་བཟང་པདྨ་དཀར་པོའི་ཞལ་ལུང་གི་སྟེང་ནས་རྒྱུ་མཚན་རྩིས་སོགས་ཀྱི་རིག་པ་དུ་མ་མཐའ་ཆོད་པར་མནོས་ཤིང་། རྒྱ་གར་གྱི་ཆུ་བོ་གངྒ་ཚུན་ཆད་དུ་གནས་ལྔ་རིག་པ་སྨྲ་བ་ལ་ཟླ་མེད་པའི་མཁས་པ་ཆེན་པོ་སྨོན་འགྲོ་ནས་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་ཚེ་དབང་དོན་གྲུབ་པའི་རིགས་ཆོས་ཀྱི་སྲས་ཤེས་བྱ་ཀུན་རིག་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་དྲུང་དུ་དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་སྐོར་ཡོངས་སུ་རྫོགས་པ་དང་། རེའུ་མིག་རྒྱ་མཚོ་སོགས་སྐར་རྩིས་ཀྱི་གནད་དུ་མ། ནག་རྩིས་ཀྱི་གཏོ་དཀར་ནག་སོགས་ཐོས་པས། རྩིས་ཀྱི་གཙུག་ལག་ལ་སྤོབས་པ་དགེ་བ། བཅུ་ཕྲག་རིག་པའི་གནས་སྨྲ་བ་ལ་དབྱངས་ཅན་མགྲིན་པར་ཆགས་པའི་བློ་གྲོས་ཀྱི་ལང་ཚོ་དར་ལ་བབ་ཅིང་། གངས་ཅན་གྱི་ལྗོངས་འདིར་བླ་དཔོན་ཟུང་དུ་འཇུག་པ་སྡེ་སྲིད་རིན་པོ་ཆེ་ཕག་མོ་གྲུ་པའི་མདུན་ན་འདོན། ཟ་ཧོར་གྱི་རིགས་ལས་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ། མིང་གཞན་འཇམ་དབྱངས་གོང་མའི་ལུང་གིས། ཟི་ཐེན། ཏྭ་ཞན། ཅི་ཙེའི་ཕཱེ། ཤཱ་ཝུའི་ཐེན་ཞཱ། ཤི་ཀྱོའུ། ཡི་ཐུང་། བཱི་ཞི། ཏའི་ཆི་ཀྱིང་གང་། དེའི་ཁེའི། ཤང་ཟི། ཙི་ཡིན། ཞེས་སྲིད་ཞིའི་གཙུག་གི་རྒྱན་དུ་དབང་བསྐུར་བ་གང་གིས། འདྲེན་མཆོག་ཟས་གཙང་སྲས་པོ་དྲག་པོ་ཞེས་པ་ལྕགས་སྤྲེལ་སྐུ་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་བཅོ་ལྔར་སླེབ་པ། འཕགས་པའི་ཡུལ་དུ་མ་ད་ན་ཞེས་པ་ཕྱོགས་འདིར་མྱོས་བྱེད་དུ་འབོད་ཅིང་། རྒྱ་ནག་གི་ཡུལ་གྲུར་ལོ་གསར་ཟིན་པས་བིང་ཤིང་ཞེས་པ་བོད་ཡུལ་དུ་མེ་ཕོ་སྤྲེའུར་གྲགས་པ། རྟ་ལྗང་ཅན་ཆུ་སྲིན་གྱི་ཁྱིམ་དུ་སྤྱོད་པ་རྒྱ་གར་བ་པཽ་ཥྱ། རྒྱ་(༥༦ན)


GLG020_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པ་ཤི་དབྲི་ཡོལ་དུ་རྗོད་པའོ། །ཧོར་གྱི་ཟླ་བ་བཅུ་གཉིས་པའི་དུས་འཁོར་བ་ལུགས་ཀྱི་དམར་ཕྱོགས་ཀྱི་གང་བ་དང་པོ། ཡུ་ཎའི་དབྱངས་ཧཱ། གསལ་བྱེད། ྈྐཾྈྐཱཿ ཁམས་སྙིང་སྟོབས་ཀྱི་མུན་པ་འཇུག་པ་ཆུང་ངུའི་སྨིན་པ། དབྱངས་འཆར་བའི་དཀར་ཕྱོགས་ཀྱི་གང་བ་དང་པོ། དབྱངས་ཨཽ། གསལ་བྱེད་ཙ། ཁམས་ནམ་མཁའ། འདོད་ཡོན་སྒྲ་འཆར་བ། རྟ་བདུན་གྱི་དབང་པོ་མེ་བཞིའི་དགའ་མ་དང་རྩེ་བའི་ཏཏྐཱ་ལ་བུམ་པའི་དུས་སྦྱོར་ལ། ལུགས་གཉིས་ཀྱི་མདུན་ས་ཆེན་པོ། དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་གི་གཟིམས་ཆུང་དགའ་ལྡན་སྣང་གསལ་དུ་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་གིས་བགྱིས་པ་སིདྡྷི་རསྟུ།། །།ཡེ་དྷརྨཱ་ཧེ་ཏུ་པྲབྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མཧཱ་ཤྲམ་ཎཿ ཤུ་བྷམ་སྟུ་སརྦྦ་ཛ་ག་ཏཾ།། །


previousདགེ་བསྔོའི་སྨོན་ཚིག་དང་མཇུག་བྱང་།no next