Nitartha Digital Library
Tibetan
 
previousསྦྱོར་བ། next

སྦྱོར་བ།


DTG081_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ནི་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་གཞན་དག་ལ་སྟོན་པར་འདོད་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། དེ་བཞིན་གཤེགས་པ་ལ་སོགས་པ་ཡིད་ལ་བྱེད་པ་ཡང་ཆགས་པ་ཕྲ་མོ་ཡིན་པས་མི་མཐུན་པའི་ཕྱོགས་ཡིན་པ་དང༌། དེ་ཅི་ལྟར་སྤངས་པ་དང༌། ཆོས་ཉིད་དང༌། རང་བཞིན་གྱིས་ཟབ་པ་དང༌། རྟོགས་པར་དཀའ་བ་བསྟན་ཏེ། ཆགས་པ་ཕྲ་བ་ཡང་མདོའི་ཚིག །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གན་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆགས་པའི་མཐའ་དེ་དག་བསྟན་པ་ལེགས་སོ་ལེགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། དེ་ཅི་ལྟར་སྤོང་བ་ཡང་མདོའི་ཚིག །བཅོམ་ལྡན་འདས་


DTG081_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཆོས་ཀྱང་རང་བཞིན་གཉིས་མ་ཡིན་ཏེ་གཅིག་ཏུ་ཟད་དོ་ཞེས་པ་མན་ཆད་ཀྱིས་བསྟན། ཟབ་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པར་དཀའ་བ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། རྟོགས་པར་དཀའ་བ་ཉིད་ཇི་ལྟ་བུ་ཡིན་པ་ཡང་མདོའི་ཚིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། དེ་ལྟར་མི་མཐུན་པའི་ཕྱོགས་ལ་སོགས་པ་བརྗོད་ནས། དེ་དག་རྣམ་པར་བསྒོམ་པའི་སྦྱོར་བ་ནི་ལེའུ་སུམ་ཅུ་རྩ་བདུན་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྱིད་པ་ཆེན་པོ་ལགས་སོ་ཞེས་པ་ནས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལོ་སྙམ་མོ་ཞེས་པའི་བར་གྱིས་ནི་སྦྱོར་བ་རྣམ་པ་བཅུ་བསྟན་ཏེ། དེ་ལ་སྦྱོར་བ་རྣམ་པ་བཅུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མི་དམིགས་པར་སྦྱོར་བ་དང༌། ཆོས་དེ་དག་ཉིད་མི་རྟག་པ་དང་སྟོང་པ་ཉིད་ལ་སོགས་པ་དང༌། སོ་སོར་མ་རྫོགས་པ་དང༌། རྫོགས་པ་ཉིད་དང༌། ཆགས་པ་མེད་པ་དང༌། གཞན་དུ་མི་འགྱུར་བ་དང༌། བྱེད་པ་པོ་མེད་པ་ཉིད་དང༌། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཆེད་དུ་བྱ་བ་དང༌། སྦྱོར་བ་དང༌། བྱ་བ་རྣམས་དཀའ་བ་ཉིད་དང༌། སྐལ་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པ་དང༌། མིག་སྟོང་པ་ཉིད་དང༌། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་དུའང་མི་དམིགས་པར་སྦྱར་རོ། །དེ་ལ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་མི་དམིགས་པར་སྦྱོར་བ་ནི་མདོའི་ཚིག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བགྱིད་པ་མ་མཆིས་པའོ། ཞེས་པ་མན་ཆད་ཀྱིས་བསྟན། ཆོས་དེ་དག་ཉིད་ཀྱི་མི་རྟག་པ་ལ་སོགས་པ་ཡང་མདོའི་ཚིག །གལ་


DTG081_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་ཡང་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་པ་མན་ཆད་ཀྱིས་བསྟན། སོ་སོར་མ་རྫོགས་པ་དང༌། རྫོགས་པ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་གཟུགས་ཡོངས་སུ་མ་རྫོགས་སོ་ཞེས་བྱ་བར་མི་སྤྱོད་ན་ཞེས་པ་མན་ཆད་ཀྱིས་བསྟན། ཆགས་པ་མེད་པ་ཡང་མདོའི་ཚིག །གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ལ་ཆགས་པ་འམ་མ་ཆགས་པ་ལེགས་པར་བསྟན་པ་འདི་ངོ་མཚར་ཏོ་ཞེས་པ་མན་ཆད་ཀྱིས་བསྟན། གཞན་དུ་མི་འགྱུར་བ་ནི་མདོའི་ཚིག །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཟབ་མོ་འདི་བསྟན་ཀྱང་ཡོངས་སུ་མི་འགྲིབ་ཅེས་པ་མན་ཆད་ཀྱིས་བསྟན། བྱེད་པ་པོ་མེད་པ་ཉིད་ནི་མདོའི་ཚིག །རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནམ་འཚོའི་བར་དུ་ནམ་མཁའི་ལེགས་པའམ་མ་ལེགས་པ་བརྗོད་ཀྱང་ཞེས་པ་མན་ཆད་ཀྱིས་བསྟན། ཆེད་དུ་བྱ་བ་ནི་མདོའི་ཚིག །རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྒྱུ་མའི་སྐྱེས་བུ་ནི་ལེགས་པ་བརྗོད་ཀྱང་འཕེལ་བ་མེད་དོ་ཞེས་པ་མན་ཆད་ཀྱིས་བསྟན། སྦྱོར་བ་ནི་མདོའི་ཚིག །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཚེ་ཞུམ་པ་འམ་གཡེང་བར་མི་འགྱུར་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བགྱིད་ཅིང་ཞེས་པ་མན་ཆད་ཀྱིས་བསྟན། བྱ་དཀའ་བ་བྱེད་པ་ནི་མདོའི་ཚིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སླར་མི་ལྡོག་པ་ནི་དཀའ་བ་བགྱིད་པའོ་ཞེས་པ་མན་ཆད་ཀྱིས་བསྟན། སྐལ་བ་ཅི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པ་ནི་མདོའི་ཚིག །བཅོམ་


DTG081_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་གོ་ཆ་འཚལ་བ་དེ་དག་ནི་ཕྱག་བགྱི་བར་འོས་པའོ་ཞེས་པ་མན་ཆད་ཀྱིས་བསྟན། མིག་སྟོང་པ་ཉིད་ནི་མདོའི་ཚིག །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་སྟེ། འདམ་བུའི་དབྱིངས་སམ་འོད་མའི་ཚལ་ཞེས་པ་མན་ཆད་ནས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་སྙམ་པའི་བར་གྱིས་བསྟན། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཉིད་ནི་མདོ་ལས་མ་བྱུང༌། སྦྱོར་བ་དེ་ཡང་མཉམ་པ་ཉིད་ཀྱི་སྒོ་ནས་སྦྱོར་བ་བསྒོམ་དགོས་པས་མཉམ་པ་ཉིད་བསྟན་པ་ཡང་མདོའི་ཚིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་རྣལ་འབྱོར་དུ་བྱེད་པ་དེ་གང་ལ་རྣལ་འབྱོར་དུ་བྱེད་པ་ཡིན་ཞེས་པ་ནས། སྤྲུལ་པའི་མཚན་མར་ཡང་རློམས་སེམས་སུ་མི་བྱེད་པ་ཡིན་ཞེས་པའི་བར་གྱིས་བསྟན།


previousསྦྱོར་བ། next