ཆོས་སྨྲ་བའི་བཙུན་པར་མིང་གི་ཅོད་པཎ་སྦྱིན་པའི་བཀའ་ལུང་།
རྗེ་མཚུངས་མེད་ཀཿ ཐོག་པ་ཆེན་པོས་བོང་བ་གསེར་གཟིགས་ཀྱིས་ཆོས་སྨྲ་བའི་བཙུན་པར་མིང་གི་ཅོད་པཎ་སྦྱིན་པའི་བཀའ་ལུང་ལས། གང་གི་ཞབས་ཀྱི་ཆུ་སྐྱེས་ལ་ཆགས་རྡུལ། །སྲིད་ན་དྲེགས་པ་རྣམས་ཀྱིས་དོ་ཀེར་རྩེ། །རབ་ཏུ་འདར་ལྡན་བཏུད་པའི་བསྟི་སྟང་གིས། །མཆོད་བྱས་སངས་རྒྱས་གཉིས་པས་བཀྲ་ཤིས་སྩོལ། །ཞེས་ཤིས་པར་བརྗོད་པའི་དབྱངས་ཀྱི་མེ་ཏོག་མན་ད་ར་བས་མངོན་པར་འཐོར་བ་སྔོན་དུ་འགྲོ་བས་ཐོག་མའི་དུས་ནས་གཞན་ཕན་ཐུགས་བསྐྱེད་དམ་བཅའི་ས་བོན་གྲུང་པོ་རིགས་ཀྱི་ནུས་པ་སད་པ་ལས་ཐུབ་བསྟན་ཡོངས་སུ་རྫོགས་པའི་མྱུ་གུ་གཞོན་ནུ་སྔོན་བྱོན་གྲུབ་པ་རྣམས་ཀྱི་བསྟི་གནས་ཁྱད་པར་དུ་འཕགས་པ་འདིར་བྱོན་ནས། ཁོ་བོ་ཅག་གི་གམ་དུ་ཉེ་བར་བསྙེན་པར་མཛད་པའི་རིང་ཕྱིའི་རིག་པ་འཛིན་པ་རྗོད་བྱེད་ཐ་སྙད་ཀྱི་གཞུང་ཆེན་པོ་ཕལ་ཆེ་བ་རྣམས་ལ་གསན་བསམ་དཔྱིས་ཕྱིན་པ་དང་། ནང་རིག་པ་སྨིན་གྲོལ་གྱི་གདམས་ཁྲིད་ཟབ་མོའི་བདུད་རྩི་ལེགས་པར་གསོལ་བས་བརྗོད་བྱ་རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཐོག་མར་གཟིགས་ཤིང་བསྒྲུབ་པ་ཉམས་ལེན་གྱི་གོམས་པ་སྟོབས་སུ་འགྱུར་བའི་ཉེར་ལེན་གྱི་རྒྱུ་ཕུན་སུམ་ཚོགས་པར་བསྒྲུབས་ཟིན་པས་གསང་སྔགས་སྔ་འགྱུར་གྱི་བསྟན་པ་འདི་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་རོང་ཟོམ་པཎྜི་ཏ་དང་། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར། མངའ་རིས་པཎ་ཆེན་རིན་པོ་ཆེ། སྨིན་
གླིང་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་མཆེད་ཡབ་སྲས། གོང་ལོ་གཞན་ཕན་རྡོ་རྗེ། མཁས་མཆོག་སོག་བཟློག་པ། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་པ་བཟང་པོ་ལ་བདག་གིར་མཛད་པས། མཁས་བཙུན་བཟང་པོའི་དབང་ཕྱུག་ཆེན་པོའི་གནས་ལ་བརྫི་བ་མེད་པར་སྤྱོན་ནས་སངས་རྒྱས་གཉིས་པའི་བཤད་སྒྲུབ་ཀྱི་བསྟན་པ་དྲི་མ་མེད་པ་འདི་ཉིད་ཀུན་ནས་ཀུན་ཏུ་འཛིན་པ་དང་། འཆད་པ་དང་། རྩོམ་པ་དང་། སྤེལ་བ་དང་། ཀུན་ནས་ཀུན་ཏུ་སྐྱོང་བ་དང་། སྒྲུབ་པ་ལ་སོགས་པས་མཚོན་འཁོར་ལོ་གསུམ་གྱི་སྒོ་ནས་བྱ་བ་ཡང་དག་པར་བྱེད་པར་མངའ་གསོལ་ཞིང་གཟེངས་བསྟོད་པས། དགེ་མཚན་འགོག་པ་མེད་པའི་རྟེན་འབྱུང་གི་སྒོ་གསར་དུ་དབྱེ་བ་ལ་གེགས་ཀྱི་རྒྱུ་བ་ཕྲ་མོ་ཙམ་གྱིས་ཀྱང་སྐབས་རྙེད་པར་མ་གྱུར་མི་འགྱུར། འགྱུར་བ་མེད་པས་སྟོན་འཁོར་གནས་དུས་ཕུན་སུམ་ཚོགས་ཤིང་བཀྲ་ཤིས་ལེགས་ལམ་གྱི་དགེ་མཚན་བསམ་གྱིས་མི་ཁྱབ་པའི་དགའ་སྟོན་ཉམས་སུ་བསྟར་བ་ལ་མངོན་དུ་ཕྱོགས་པའི་རྟེན་ཅིང་འབྲེལ་འབྱུང་གི་རེ་ཁ་གསལ་བར་བྱེད་པའི་ཕྱིར། ཞེས་དང་། བཏུང་བའི་ཕུལ་གྱུར་ཞི་བསིལ་བདུད་རྩིའི་རྒྱུན། །གསན་བསམ་སྒོམ་པས་རྫོགས་པ་ཆེན་པོའི་རོ། །ཆོས་རྣམས་ཡོངས་ཀྱི་མདོ་དང་རྒྱས་པ་རུ། །ཉམས་སུ་མྱོང་བ་སྟོབས་སུ་འགྱུར་བ་དང་། །བྱང་ཆུབ་སེམས་གཉིས་མཆིལ་པའི་གཞན་དབང་དུ། །
གྱུར་ཞིང་བསླབ་གསུམ་གསེར་གྱི་དྲ་བས་མཛེས། །བསྐྱེད་རྫོགས་གསུམ་གྱི་ཐེག་པ་རྨད་བྱུང་བ། །གླང་པོ་ཆེན་པོའི་བྱ་བ་འགྲུབ་གྱུར་ཅིག །ཅེས་སོགས་གསུངས་པའི་དོན་དངོས་བསྟན་གྱི་ནུས་པ་ལུས་རྟེན་འདིར་རང་ལ་ཅི་བཞིན་པ་ཚང་བ་རི་བོང་གི་རྭ་ལས་ཀྱང་ཆེས་དཀའ་མོད། སླར་སྐྱེ་བ་འདི་ནས་བརྩམས་ཚེ་རབས་ཀུན་ཏུ་བསྟན་པ་ལ་བྱ་བ་བགྱིད་འགྱུར་དུ་སྨོན་པས་དགོངས་པ་ཅན་གྱི་གསུངས་ཏེ། དེས་ན་འཆད་རྩོད་རྩོམ་པར་བཀའི་གནང་བ་ནོད་པས་རང་ཡང་ཟབ་མོའི་གནད་ལ་གོམས་པ་མཐུ་བརྟས་པའི་སླད་དུ་བག་ཆགས་འཇོག་པ་དང་། ད་ལྟར་ཡང་ཟབ་ཆོས་ཁྱད་པར་ཅན་འདི་ལ་སྤྱོད་པས་ལས་སྐལ་མི་དམན་པར་སྤྲོ་བ་དང་བཅས་པ་སྟེ། རིན་ཆེན་སྤུངས་པ་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅངས་པ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡིས་བཀླག་པ་ཡིས། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པ་དེས། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །དེ་ཡི་ཕྱིར་ན་དམ་པར་གཟུང་། །ཞེས་དང་། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ང་ཡི་རྒྱུད་འདི་སུས་བཟུང་བ། །འཇིག་རྟེན་ཕན་པའི་འབྲས་བུ་དང་། །ངེས་པར་སྣང་བའི་ས་ཐོབ་སྟེ། །སྐུ་གསུམ་ལ་ཡང་ལོངས་སྤྱོད་དོ། །འདི་ཉིད་བཅངས་པ་ཙམ་གྱིས་ནི། །མ་བསྒོམས་བསམ་གཏན་འབབ་པ་དང་། །མ་བསླབས་ཆོས་རྣམས་ཤེས་པ་དང་། །མ་བསྟན་གདམས་
ངག་ཉིད་གོམས་དང་། །མ་བཤད་རྒྱུད་རྣམས་རང་ཤེས་དང་། །མ་བསྐྱེད་ལྷ་ཡང་མངོན་དུ་སྣང་། །དེ་ཡི་ཕྱིར་ན་རྒྱུད་འདི་དག །རྣལ་འབྱོར་གང་ཞིག་སྐལ་ཆེ་བས། །འདི་ཉིད་བཅངས་པས་དངོས་གྲུབ་ཐོབ། །སངས་རྒྱས་མཛད་སྤྱོད་དང་དུ་ལོངས། །ངན་སོང་གནས་གསུམ་དོང་སྤྲུགས་ཏེ། །བདེ་བ་ཆེན་པོའི་ལམ་དུ་འཛུད། །རང་སྣང་གོམས་པའི་གདེང་ཐོབ་ནས། །དབྱིངས་སུ་འཕྱོ་བའི་འཇིགས་མེད་རྙེད། །ཅེས་སོ། །ཨ་ཧོ། ཐེག་ཀུན་རྩེ་རྒྱལ་ཡང་གསང་རྫོགས་པ་ཆེ། །གྲུབ་བརྙེས་བྱེ་བའི་གཤེགས་ལམ་སྙིང་པོའི་ཆོས། །མཐོང་ཐོས་དྲན་པས་གཏན་བདེའི་དཔལ་སྦྱིན་པ། །མཐའ་དག་ཐེག་པའི་གྲུབ་འབྲས་མ་ནོར་ཉིད། །དེང་དུས་ཆོས་འདིར་སྤྱོད་རློམ་གང་ཟག་ཕལ། །ངེས་པའི་གནད་གསང་རྟོགས་པ་རི་བོང་རྭ། །མཚན་ཙམ་དོན་ལ་སྤྱོད་ནུས་ཉིན་མོའི་སྐར། །རྒྱ་མཚོའི་གོར་མོ་རླན་གྱིས་མ་སྦགས་སྐྱོ། །འགྲོ་ཀུན་ཁམས་ལ་བདེ་གཤེགས་སྙིང་པོ་ཉིད། །རྟག་བརྟན་ཞི་བ་གཡུང་དྲུང་འདུས་མ་བྱས། །ཀུན་ཁྱབ་ཆོས་སྐུར་བཞུགས་ལ་དེའི་ངོ་བོ། །སྤང་བླང་བསལ་བཞག་མེད་པར་མངོན་སུམ་དུ། །
སྟོན་ལ་ཚད་མའི་གཞུང་གྲུབ་མན་ངག་སྡེའི། །དགོངས་དོན་རྟོགས་དཀའི་ཉིན་མོར་བྱེད་པའི་གཟིས། །ལོག་རྟོག་བློས་བྱས་གྲུབ་མཐའི་ལྟ་བ་ལ། །གདེང་བཅའི་འབྱུང་བྱ་མུན་པའི་ཁུང་བུར་ཡིབས། །གཟོད་ནས་སྐྱོན་ཀུན་ལས་གྲོལ་ཀ་དག་དབྱིངས། །རྟེན་འབྱུང་འགོག་མེད་ལྷུན་གྲུབ་རོལ་པའི་རྩལ། །དཔྱད་བཟོད་བྲལ་བར་ཁས་བླང་ལས་འདས་པའི། །དབུ་མ་ཆེན་པོ་དངོས་ཀྱང་འདི་ཉིད་དོ། །ཐེག་པའི་རིམ་པ་གྲུབ་མཐའི་རྣམ་གྲངས་སོགས། །ཚུལ་འདི་རྟོགས་བྱེད་ཉིད་ཕྱིར་འདིས་གཞལ་ན། །ཀུན་ཀྱང་འགལ་མེད་རྒྱ་མཚོར་ཆུ་བྲན་ལྟར། །དེས་ན་བསྒྲུབས་འབྲས་ཉིད་ཕྱིར་རྩོད་དང་བྲལ། །ཐེག་པ་མཆོག་འདིར་ཚུལ་བཞིན་ཞུགས་པ་ལྟ། །ལན་གཅིག་མཚན་ཙམ་རྣ་བར་ཐོས་པ་ཡང་། །དེ་འདྲོག་འགྲོལ་བའི་ས་བོན་རྒྱུད་བཞག་པར། །སྲས་བཅས་རྒྱལ་བས་བསླུ་མེད་བདེན་མཐུས་བསྒྲུབས། །འདི་ན་དལ་འབྱོར་ལུས་ཀྱི་ལྗོན་པ་ཡང་། །ཐོས་བསམ་རླན་གྱིས་སྨིན་ལས་འཆད་རྩོད་རྩོམ། །
འབྲས་བུའི་ཁུར་དུད་ཀུན་སློང་རྣམ་དཀར་གྱི། །ཡལ་འདབ་ཡངས་པོར་གྲོལ་བའི་དགེ་མཚན་ནོད། །སླར་ཡང་འདི་ནས་འཁོར་བ་མཐའ་ཅན་བར། །རང་ཉིད་ཞི་བདེར་གཞོལ་བའི་བློ་བཏང་ནས། །མ་རྣམས་གཏན་བདེར་སྦྱོར་དང་དེ་སྲིད་དུ། །ལམ་མཆོག་འདི་ལས་གཡོ་བ་མ་གྱུར་ཅིག །ཁྱད་པར་ཡང་གསང་བླ་མེད་མན་ངག་སྡེའི། །རྟོགས་དཀའི་གནས་ལ་གཞན་དྲིང་མི་འཇོག་པས། །རང་གཞན་སྨིན་གྲོལ་ལམ་ལ་འགོད་མཁས་པའི། །རྒྱལ་དབང་པདྨའི་རྗེས་སུ་འགྲོ་ནུས་ཤོག །ཚུལ་འདིར་ལེགས་བྱས་རྗེ་བཙུན་བླ་མའི་དྲིན། །ནོངས་པར་གྱུར་ན་སོ་སྐྱེའི་སྐྱོན་དུ་ཟད། །འོན་ཏེ་དཔྱོད་པའི་བློ་རྟོག་གཡོས་སྲིད་ན། །རྒྱ་ཆེན་གཞུང་འགྲེལ་ལྡེ་མིག་ཉིད་དུ་བས། །ཞེས་ཀྱང་སྨྲས་སོ། །