Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ། ཕར་ཕྱིན་སྟོད་ཆ།


  expand section
  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉིས་པ་རྒྱས་འགྱུར་ཆད་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ་རྒྱས་འགྱུར་ཆད་ཚུལ།next

གཉིས་པ་རྒྱས་འགྱུར་ཆད་ཚུལ།

གཉིས་པ་རྒྱས་འགྱུར་ཆད་ཚུལ་ལ།

དངོས་དང༌། མཐར་ཐུག་ཐེག་གཅིག་ཚོལ་བ་གཉིས། དང་པོ་ནི། རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་རིགས་མེད་པ་ལ་གནས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གཉིས་གསུངས་ཏེ། དེའི་དུས་ཏེ་མྱུར་བར་མྱ་ངན་ལས་མི་འདའ་བ་དང་གཏན་མྱ་ངན་ལས་མི་འདའ་བའོ། །དང་པོ་ལ་བཞི་སྟེ། གང་ཟག་ལ༷་ལ༷་མཐའ་གཅི༷ག་ཏུ༷་མཚམས་མེད་པ་ལ་སོགས་པའི་ཉེ༷ས་པ༷ར་སྤྱོ༷ད་པ་མི་དགེ་བ་འབའ་ཞིག་ངེ༷ས་པར་བྱེད་པ་ཡོ༷ད་པ་དང༌། ལ༷་ལ༷་རྒྱུ་འབྲས་ལ་{ར་པར་འདེབས་པའི་ལོག་ལྟ་ལ་སོགས་པས་དཀ༷ར་པོ༷འི་ཆོ༷ས་དགེ་བའི་རྩ་བ་སྔར་བསགས་པ་རྣ༷མས་ཀུ༷ན་ཏུ༷་བཅོ༷མ་པ་དང༌། ལ༷་ལ༷་བསོད་ནམས་ཆ་མཐུན་གྱི་དགེ་བ་ཅུང་ཟད་ཡོད་ཀྱང་ཐ༷ར་པ༷འི་ཆ༷་དང་མཐུ༷ན་པའི་དགེ༷་བ༷་བསགས་པ་མེ༷ད་པ་དང༌། ལ་ལ་ཐར་བ་ཆ་མཐུན་གྱི་དགེ་བ་དཀ༷ར་པོ༷་དམ༷ན་པ༷་ཅུང་ཟད་ཡོ༷ད་པ༷་རྣམས་ཀྱང་ལེ་ལོ་ལ་སོགས་པའི་དབང་གིས་ཚོགས་ཡོངས་སུ་རྫོགས་པར་མ་བྱས་པའོ། །འདི་རྣམས་ནི་ནོར་ཉུང་བ་ལ་མེད་ཅེས་དམན་པ་ལ་དགག་པའི་སྒྲ་སྦྱོར་བ་ལྟར་རེ་ཞིག་མྱ་ངན་ལས་མི་འདའ་བ་ལ་དགོངས་པ་ཡིན་གྱི། གཏན་མྱ་ངན་ལས་མི་འདའ་བ་མ་ཡིན་ཏེ་མྱ་ངན་ལས་འདས་པའི་མདོ་ལས། ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་བཅོམ་ནས། གདོད་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཡོད་པར་གསུངས་སོ་ཞེས་པ་ལྟར་རོ། །གཉིས་པ་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསུངས་པ་ནི། རྒྱུ༷་ད༷ང་བྲ༷ལ་ཞེས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཐར་པ་ཆ་མཐུན་གྱི་དགེ་བའི་བག་ཆགས་མ་བཞག་པས་རྒྱས་འགྱུར་གྱི་རིགས་ཆད་ནས་འཁོར་བ་མཐའ་མེད་པར་གནས་པ་རྣམས་སོ། །དེ་དག་ལ་ཡང་རང་བཞིན་གྱི་རིགས་མེད་པ་ནི་མ་ཡིན་ཏེ། རྒྱུད་བླ་མར།ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་རྟེན་ཀུན་འགྲོ་བ་ཉིད། །ཅེས་ནམ་མཁའ་ལྟར་ཁྱབ་པར་གསུངས་པའི་ཕྱིར་རོ། །དེ་བས་ན་རང་བཞིན་གྱི་རིགས་ཆད་པ་ནི་མི་སྲིད་ཅིང་འཁོར་བ་མཐའ་མེད་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཡོད་ལ། མཐའ་ཅན་དུ་འདོད་པའི་ལུགས་ལ་རྒྱས་འགྱུར་གྱི་རིགས་ཆད་ཀྱང་མེད་པར་ཤེས་པར་བྱ། ཞེས་རྒྱན་གྱི་ས་འགྲེལ་ལས་གསུངས་སོ། །མདོ་རྒྱན་གྱི་ལུང་འདི་ལ་ཞང་སྟོན་རྒྱུད་བླའི་འགྲེལ་བ་ལས། མདོ་སྡེ་རྒྱན་གྱི་ལུང་འདི་ཡང་སེམས་ཙམ་གྱི་ལུགས་སུ་འདོད་པ་མང་མོད། ལེགས་པར་དཔྱད་ན་མདོ་སྡེ་རྒྱན་གྱིས་ཆོས་མཆོག་ཆེན་པོའི་བར་དུ་དབུ་སེམས་ཐུན་མོང་བ་དང༌། ས་དང་པོ་ནས་སེམས་ཙམ་ལས་འདས་པ་སྟོན་པས་རིགས་ཆད་བཤད་པ་འདི་ཡང་དབུ་སེམས་ཐུན་མོང་བ་ཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་མཐར་ཐུག་ཐེག་པ་གཅིག་ཏུ་ཚོལ་བ་ལ་དོན་དངོས་བསྟན་པ་དང༌། དགོས་པ་བཤད་པའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ནི་ཐེག་གཅིག་ཉིད། །ཅེས་ཡུམ་ལས། འཇིག་རྟེན་དེ་བཞིན་ཉིད་དང་དགྲ་བཅོམ་དེ་བཞིན་ཉིད། །རང་རྒྱལ་དེ་བཞིན་ཉིད་དང་རྒྱལ་སྲས་དེ་བཞིན་ཉིད། །གཅིག་པ་ཉིད་དེ་དངོས་བྲལ་གཞན་མིན་དེ་བཞིན་ཉིད། །ཅེས་པ་ལ་སོགས་པ་གསུངས་པ་ལྟར་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་མཚུངས་ཤིང་གཅིག་པའི་ཕྱིར་བགྲོད་པར་བྱ་བའི་ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་ལ་སོགས་པ་རྣམས་གང་ཟག་གི་བདག་མེད་པར་རྟོགས་པར་མཚུངས་པའི་ཕྱིར་བགྲོད་པ་པོའི་ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པ་རྣམས་འབྲས་བུ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བ་རྣམས་མཚུངས་པའི་ཕྱིར་བགྲོད་བྱ་གནས་ཀྱི་ཐེག་པ་གཅིག་པ་ཉིད་དང༌། ཉན་ཐོས་རིགས་མ་ངེས་པ་རྣམས་སྔར་བྱང་ཆུབ་སེམས་དཔའ་དང་རིགས་ནི་ཐ་དད་པ་ཡིན་ཡང་ཕྱིས་དགེ་བའི་བཤེས་གཉེན་གྱིས་བསྐུལ་ནས་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ཏེ་ངེས་པར་འབྱུང་བའི་ཕྱིར་འདིས་འགྲོ་བའི་ཐེག་པ་གཅིག་པ་ཉིད་དང༌། སངས་རྒྱས་རྣམས་ཀྱིས་ནི་ས་དང་པོ་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་དང་བདག་ཉིད་རང་བཞིན་མཉམ་པ་ཉིད་ཀྱི་དགོངས་པ་བརྙེས་ཤིང༌།ཉན་ཐོས་དེའི་རིགས་སུ་ངེས་པ་སྔོན་བྱང་ཆུབ་ཀྱི་ཚོགས་སྤྱད་པ་རྣམས་ཀྱིས་ཀྱང༌། སངས་རྒྱས་ཀྱི་མཐུས་རྗེས་སུ་གཟུང་བའི་ཁྱད་པར་ཕྱོགས་ཙམ་ཐོབ་པ་ཡིན་པའི་ཕྱིར། རྒྱུད་ཐ་དད་མེད་པར་མོས་པའི་སྒོ་ནས་སངས་རྒྱས་ཀྱི་དགོངས་པ་ལྟ་བུ་ཐོབ་པ་ན། བསམ་པ་ཁྱད་པར་ཅན་གཉིས་པོ་དེ་མཚུངས་པར་ཐོབ་པའི་ཕྱིར་དགོངས་པའི་ཆ་ནས་ཀྱང་ཐེག་པ་གཅིག་པ་ཉིད་དང༌། ང་ནི་ལན་བརྒྱ་ཕྲག་ཏུ་མར་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་སོ་ཞེས་གསུངས་པ་ནི་གདུལ་བྱ་རྣམས་ཀྱི་དོན་དུ་སྤྲུལ་པ་སྟོན་པ་ཙམ་ཡིན་གྱི། མི་གནས་པའི་མྱང་འདས་ལས་གཡོ་བ་མེད་པའི་ཕྱིར་ཡང་ཐེག་པ་གཅིག་པ་ཉིད་དང༌། རྒྱུའི་ཆོས་ཐེག་པ་ཆེན་པོ་ཉིད་ཀྱང་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ཕུལ་དུ་ཕྱིན་པ་དང༌། འབྲས་བུའི་ཆོས་སངས་རྒྱས་ཉིད་ནི་ཐོབ་པར་བྱ་བ་ཕུལ་དུ་ཕྱིན་པ་ཡིན་པས། དེ་དག་ལས་ལྷག་པའི་མཆོག་གཞན་མེད་པས་བགྲོད་པར་བྱ་བ་མཐར་ཐུག་ཡིན་པའི་ཕྱིར་ན་ངེས་པའི་དོན་གྱི་ཐེག་པ་ནི་གཅིག་པ་ཉིད་དུ་ཤེས་པར་བྱའོ། །དགོངས་པ་དེ་དང་དེ་དག་ལ་བརྟེན་ནས་མཐར་ཐུག་ཐེག་པ་གཅིག་གི་འབྲས་བུར་གནས་པར་རིག་པར་བྱའོ། །གནས་སྐབས་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་མེད་པ་ནི་མ་ཡིན་ནོ། །དེ་ལ་ཁ་ཅིག་མདོ་དེ་དང་དེ་ལས་ནི་དགོངས་པ་དེ་དང་དེས་ཐེག་པ་གཅིག་ཉིད་དུ་གསུངས་ཞེས་དགོངས་པ་བསྟན་པས་ཐེག་པ་གཅིག་ཏུ་བསྟན་པ་ནི་དྲང་དོན་ཡིན་ལ། གསུམ་དུ་བསྟན་པ་ནི་ངེས་དོན་ཡིན་ནོ་ཞེས་འདོད་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། དགོངས་པ་བསྟན་པས་དྲང་དོན་དུ་འགྱུར་ན་ངེས་དོན་ཐམས་ཅད་ཀྱང་དགོངས་པ་ཟབ་མོ་སྟོན་པས་དྲང་དོན་དུ་ཐལ་བར་འགྱུར་བའི་ཕྱིར་དང༌།མདོ་ལས་ཀྱང༌། ང་ཡི་མྱ་ངན་འདས་གཅིག་ཐེག་པ་གཅིག །ང་ཡི་ཐེག་པ་ཐ་དད་མེད་པ་སྟེ། །ཡང་དག་ཏུ་ན་ཐེག་པ་གཅིག་ཏུ་བསྟན། །ཞེས་པ་དང༌། ང་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་འཇོག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འདུ་ཤེས་ཐ་དད་པ་དང་བྲལ་བའི་ཕྱིར་རོ་ཞེས་པ་ལ་སོགས་པ་དང༌། དཔེ་མེད་པར་བསྟོད་པར་ཡང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེར་མ་མཆིས་སོ། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་པ་ལ་སོགས་པས་ཐེག་པ་གཅིག་ཏུ་བསྟན་པ་ནི་ངེས་པའི་དོན་དང་གསུམ་དུ་བསྟན་པ་ནི་དྲང་བའི་དོན་དུ་གསུངས་པའི་ཕྱིར་རོ། །དེ་ལྟར་ཉ་ཊཱིཀ་སྐབས་གཉིས་པ་ལས། ཐེག་པ་གསུམ་དུ་རྣམ་པར་བཞག་པ་ནི་མཐར་ཐུག་གི་དབང་དུ་བྱས་ནས་དགོངས་པ་ཅན་ཡིན་ཏེ། དགོངས་གཞི་གནས་སྐབས་སུ་རང་བཞིན་གྱིས་དབང་བོ་རྟུལ་འབྲིང་རྣོ་གསུམ་གྱི་ལམ་ཡོད་པ་ལ་དགོངས། དགོས་པ་རེ་ཞིག་བསྟི་བའམ་ངལ་གསོ་བའི་དོན་དུ་གསུངས་ཀྱི་མཐར་ཐུག་གི་ངེས་དོན་མཚན་ཉིད་པ་ནི་མ་ཡིན་ནོ། །ཞེས་དབུ་མའི་ལུགས་ལས་འབྱུང་བའི་ཕྱིར། ལང་གཤེགས་ལས། སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་གསུམ་དུ་ངེས་བསྟན་ཏེ། །ཐེག་པ་གཞན་རྣམས་ཡོད་མ་ཡིན། །བྱིས་པ་རྣམས་ནི་ཡོངས་དྲངས་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང༌། པད་དཀར་གྱི་མདོར། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་སོ། །དཔལ་ཕྲེང་གི་མདོར། ཐེག་པ་གསུམ་པོ་ཐམས་ཅད་ཀྱང་ཐེག་པ་གཅིག་ཁོ་ནས་གྲངས་སུ་འགྲོ་སྟེ། ཐེག་པ་གཅིག་ཁོང་དུ་ཆུད་པས་བླ་མེད་ཡང་དག་བྱང་ཆུབ་ཁོང་དུ་ཆུད་དོ། །ཞེས་སོ། །ཀླུའི་སེམས་འགྲེལ་ལས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོས་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་རྣམས་ལ། །ངལ་གསོའི་དོན་ཏེ་དེ་ཉིད་མིན། །ཞེས་དང༌། མཚན་བརྗོད་དུ། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོགས་རྒྱ་ཆེར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དགོས་པ་ནི།

གདུལ་བྱ་འདྲེན་ཚུལ་ཐུན་མོང་དུ་བསྟན་པ་ལ། རྒྱན་ལས།ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ཡང་དག་གཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་ཐེག་དམན་དུ་རིགས་ངེས་པ་རྣམས་རེ་ཞིག་དྲང་བར་མི་ནུས་པས་བཏང་སྙོམས་སུ་བཞག་སྟེ། ཉན་ཐོས་དགྲ་བཅོམ་དུ་རིགས་མ་ངེས་པ་ཁ་ཅིག་དག་ནི་ཐེག་ཆེན་ལ་བཅུག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བཀོད་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དུ་དྲང་བར་བྱ་བའི་ཕྱིར་དང༌།ཐེག་ཆེན་དུ་རིགས་ངེས་པ་རྣམས་དྲང་མི་དགོས་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་སུ་རིགས་མ་ངེས་ཐེག་ཆེན་གྱི་སྤྱོད་པས་སྐྱོ་ནས་ཐེག་དམན་དུ་ལྟུང་སྲིད་པ་གཞན་དག་ཡང་དག་པར་རྗེས་སུ་གཟུང་བའི་ཕྱིར། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རང་རང་གི་འབྲས་བུར་རིགས་མ་ངེས་པ་རྣམས་ལ། ངེས་པའི་དོན་དུ་མཐར་ཐུག་གི་མྱང་འདས་ཀྱང་གཅིག་ཡིན་ལ། དེར་བགྲོད་པའི་ཐེག་པ་ཡང་གཅིག་ཁོ་ན་ཡིན་ནོ་ཞེས་བསྟན་ཏེ། ཇི་སྐད་དུ། དམ་ཆོས་པདྨ་དཀར་པོ་ལས། དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང༌། །མྱ་ངན་འདས་ཐོབ་འདུ་ཤེས་ཏེ། །རྒྱལ་བས་བཤད་པ་དེ་དག་ལ། །མྱ་ངན་མ་འདས་དེ་ངལ་བའོ། །ཞེས་པ་དང་ཤཱ་རིའི་བུ་ཐེག་པ་ནི་གཅིག་སྟེ། འདི་ལྟར་སངས་རྒྱས་ཀྱི་ཐེག་པའོ། །ཞེས་པ་དང༌། འདི་ལྟར་མྱ་ངན་འདས་པར་གང་བརྗོད་པ། །འཁོར་བའི་སྡུག་བསྔལ་དག་ལས་ཁྱེད་ཐར་ཡང༌། །ཁྱེད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་གྱིས། །ཞེས་པ་ལ་སོགས་པས་སོ། །འདི་དག་ལའང༌། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །ཞེས་པ་དང་ཐེག་པ་གཅིག་ཏུ་བསྟན་པའི་དགོས་པ་གསུངས་པས་དྲང་བའི་དོན་ཡིན་ནོ་ཞེས་འདོད་པ་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་ངེས་དོན་གྱི་གསུང་རབ་ཐམས་ཅད་གདུལ་བྱ་རྣམས་དམན་པའི་གནས་ནས་དྲངས་ཏེ་མཆོག་ལ་སྦྱར་བའི་དོན་དུ་གསུངས་པ་དང༌། དགོས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གསུངས་པས་དྲང་བའི་དོན་ཡིན་པར་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །མཁས་པ་ཁ་ཅིག་གིས་མདོ་སྡེ་རྒྱན་གྱི་ལུང་འདི་དག་གིས་མཐར་ཐུག་ཐེག་གསུམ་དུ་བསྟན་པར་བཤད་དོ། །དེ་མི་འཐད་པ་ནི།མདོ་རྒྱན་ལས། དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་པའི་ཕྱིར་རོ། །རྒྱས་པར་གཞན་ལས་ཤེས་པར་བྱའོ། །


previousགཉིས་པ་རྒྱས་འགྱུར་ཆད་ཚུལ།next