Nitartha Digital Library
Tibetan
 
previousམཉམ་ཉིད། next

མཉམ་ཉིད།


DTG081_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའི་མཉམ་པ་ཉིད་རྟོགས་ནས་མཐོང་བའི་ལམ་བསྒོམ་དགོས་པས་མཐོང་བའི་ལམ་བསྟན་པ་ཡང་མདོའི་ཚིག །དེ་ནས་སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟེང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་ཞེས་པ་ནས། ལེའུ་སུམ་ཅུ་རྩ་བདུན་བ་རྫོགས་པའི་བར་གྱིས་མཐོང་བའི་ལམ་བདེན་པ་བཞི་རྣམ་པ་དང་བཅས་པ་བསྟན་ཏེ། སྡུག་བསྔལ་གྱི་བདེན་པ་ལ་ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་ལ་སོགས་པ་རྟག་པ་དང་མི་རྟག་པ་མ་ཡིན་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གཟུགས་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་བྱ་བ་མན་ཆད་ཀྱིས་བསྟན། སྡུག་པ་དང་མི་སྡུག་པ་དང་བྲལ་བས་རྟག་ཆད་ཀྱི་མཐའ་སྤངས་པ་ཡང་མདོའི་ཚིག །གཟུགས་


DTG081_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ཅེས་བྱ་བ་དང་མི་སྡུག་ཅེས་བྱ་བར་ཆོས་སྟོན་པར་མི་འགྱུར་རོ་ཞེས་པ་མན་ཆད་ཀྱིས་བསྟན། སྟོང་པ་དང་མི་སྟོང་པ་དང་བྲལ་བ་ཡང་མདོའི་ཚིག་ལས། རབ་འབྱོར་གཟུགས་ཤིན་ཏུ་རྣམ་པར་དག་གོ་ཞེས་ཤིན་ཏུ་རྣམ་པར་དག་པའི་ཆོས་སྟོན་པར་འགྱུར་རོ་ཞེས་པ་མན་ཆད་ཀྱིས་བསྟན། བདག་དང་བདག་མེད་པ་མ་ཡིན་པས་སྐྱེ་འགག་ལ་སོགས་པ་དང་བྲལ་བ་ཡང་མདོའི་ཚིག །རབ་འབྱོར་གཟུགས་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་ནི་གཟུགས་ཡོངས་སུ་དག་པ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། ཀུན་འབྱུང་བའི་རྣམ་པ་བཞི་ཡང་རྒྱུ་དང་རྒྱུ་མ་ཡིན་པ་གསོག་ཉིད་དེ་ནམ་མཁའ་དང་འདྲ་བར་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་ནམ་མཁའ་ཡོངས་སུ་དག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། ཀུན་འབྱུང་བ་དང་ཀུན་འབྱུང་མེད་པ་མི་དམིགས་པས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པ་ཡང་མདོའི་ཚིག །རབ་འབྱོར་ནམ་མཁའ་གོས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། རབ་ཏུ་སྐྱེ་བ་དང་སྐྱེ་བ་མེད་པས་ཀུན་ནས་ཉོན་མོངས་པས་ཡོངས་སུ་འཛིན་པ་ལས་གྲོལ་པ་ཡང་མདོའི་ཚིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ནམ་མཁའ་གོས་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་པ་མན་ཆད་ཀྱིས་བསྟན། རྐྱེན་དང་རྐྱེན་མ་ཡིན་པ་ལས་གྲོལ་བའི་ཕྱིར་བརྗོད་དུ་མེད་པ་ཡང་མདོའི་ཚིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་སྨྲ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ་ཞེས་པས་བསྟན། འགོག་པའི་རྣམ་པ་ཡང་བཞི་སྟེ། འགོག་པ་དང་འགོག་པ་མེད་པར་མ་འབྲེལ་བས་འགོག་པའི་དོན་ཚིག་ཏུ་བརྗོད་པས་རྒྱུད་གཞན་ལ་སྤྱིན་དུ་མེད་པ་ཡང་མདོའི་ཚིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ནམ་མཁའ་སྨྲ་བ་མ་མཆིས་པའི་སླད་དུ། ཤེས་


DTG081_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ལགས་ཞེས་པ་མན་ཆད་ཀྱིས་བསྟན། ཞི་བ་དང་ཞི་བ་མེད་པས་དམིགས་པ་དང་དམིགས་པ་མེད་པར་བྱེད་པ་ཡང་མདོ་ལས། རབ་འབྱོར་ནམ་མཁའ་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། གྱ་ནོམ་པ་དང་གྱ་ནོམ་པ་མ་ཡིན་པ་དང་བྲལ་བར་མཐའ་གཉིས་ལས་འདས་ཤིང་རྣམ་པར་དག་པ་ཡང་མདོ་ལས། རབ་འབྱོར་གཟུགས་ཤིན་ཏུ་རྣམ་པར་དག་པ་དང༌། དམིགས་སུ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་བ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། ངེས་པར་འབྱུང་བ་དང་ངེས་པར་འབྱུང་བ་མེད་པའི་ཕྱིར་ནད་ཐམས་ཅད་མི་སྐྱེ་བ་ཡང་མདོའི་ཚིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་བར་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་ནི་མིག་གི་ནད་འབྱུང་བར་མི་འགྱུར་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན།


previousམཉམ་ཉིད། next