ཉི་གྲགས་རྒྱལ་པོའི་བསང་མཆོད།
ཧཱུྃ། གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ལས། །རང་རྩལ་མ་འགག་ཆུ་ཟླའི་རོལ་གར་བཞིན། །སྐུ་ཡི་རྒྱལ་ཆེན་དགྲ་བཅོམ་གཞོན་ནུའི་ཚུལ། །གསང་བའི་ཡུམ་ཆེན་བདུད་མོ་རོ་ལངས་མ། །བཀའ་ཡི་བློན་པོ་རུ་ཏྲ་ནག་པོ་ཆེ། །རུ་འདྲེན་སྡེ་བཞི་འཁོར་དང་བཅས་པ་དང་། །ཕྱི་རོལ་ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས། །འཁོར་བཅས་སྤྲིན་ཕུང་གཏིབ་པ་ལྟ་བུར་གཤེགས། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས། །ཁྱེད་ལ་རབ་ཏུ་དང་བས་ཕྱག་འཚལ་ལོ། །སྨན་སྣ་དར་ཟབ་རིན་ཆེན་རྣམ་པ་ལྔ། །བདུད་རྩི་ཅན་གྱི་ཤིང་སྣའི་ཚོགས་དང་བཅས། །འབར་བའི་མེར་བསྲེགས་དུད་པའི་སྤྲིན་ཕུང་གིས། །སྐུ་ཡི་རྒྱལ་ཆེན་འཁོར་བཅས་བསང་ཞིང་མཆོད། །སྐུ་ཡི་ཡུམ་ཆེན་བདུད་མོ་རོ་ལངས་བསང་། །སྐུ་ཡི་བློན་པོ་བྱ་ཁྲི་མིག་གཅིག་བསང་། །སྐུ་ཡི་སྤྲུལ་པ་དགྲ་བཅོམ་གཞོན་ནུ་བསང་། །ཕྱོགས་བཞིའི་རྒྱལ་ཆེན་སྡེ་བཞི་ཡབ་ཡུམ་བསང་། །བློན་པོ་རུ་འདྲེན་དྲེགས་པའི་ཚོགས་རྣམས་བསང་། །དེ་ལྟར་བསང་མཆོད་ཕུལ་བའི་བྱིན་རླབས་ཀྱིས། །བདག་ཅག་འཁོར་བཅས་ནད་མེད་ཚེ་བསོད་རྒྱས། །ཁམས་གསུམ་དབང་སྡུད་དགྲ་བགེགས་སྒྲོལ་བ་དང་། །རྒྱལ་བསྟན་དར་རྒྱས་བསྟན་འཛིན་སྐྱེས་བུ་རྣམས། །མཛད་འཕྲིན་རྒྱས་ཤིང་རྒྱལ་ཁམས་མཐའ་དག་ཏུ། །བདེ་སྐྱིད་དཔལ་ལ་སྤྱོད་པའི་དངོས་གྲུབ་སྩོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པས་སོ། །