Nitartha Digital Library
Tibetan
 
previousརྣམ་པ། next

རྣམ་པ།


DTG081_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བརྒྱད་ཀྱིས་བསྟན་པའི་བཞི་པ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་ཡང་རྣམ་པ་དང༌། སྦྱོར་བ་དང༌། ཡོན་ཏན་དང༌། སྐྱོན་ལ་སོགས་པ་དོན་བཅུ་གཅིག་གིས་བསྟན་པ་ལ། རྣམ་པ་ཡང་གསུམ་སྟེ། ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རྣམ་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པའོ། །དེ་ལ་ཐམས་ཅད་ཤེས་པའི་རྣམ་པ་ཡང་བདེན་པ་བཞི་ལ་མེད་པ་དང༌། མི་སྐྱེ་བ་ལ་སོགས་པའི་རྣམ་པ་ཉི་ཤུ་རྩ་བདུན་ཏེ། དེ་ལ་སྡུག་བསྔལ་གྱི་བདེན་པ་ལ་མེད་པ་ཡང་མདོ་ལས་ལེའུ་སུམ་ཅུ་རྩ་བརྒྱད་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པར་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མ་མཆིས་པ་ལགས་སོ་ཞེས་པས་བསྟན། མི་སྐྱེ་བ་ཡང་མདོའི་ཚིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཉམ་པ་ཉིད་ལགས་སོ་ཞེས་པ་ལ་སོགས་པས་བསྟན། དབང་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དབེན་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། མི་བརྫི་བ་ཡང་མདོ་


DTG081_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྫི་བ་མ་མཆིས་པ་ལགས་སོ་ཞེས་པ་ལ་སོགས་པས་བསྟན། ཀུན་འབྱུང་གི་བདེན་པ་ལ་ཡང་བཞི་སྟེ། གནས་པ་མེད་པ་ཡང་མདོ་ལས་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞི་མ་མཆིས་པ་ལགས་སོ་ཞེས་པ་ལ་སོགས་པས་བསྟན། ནམ་མཁའ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནམ་མཁའ་ལྟ་བུ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། བརྗོད་དུ་མེད་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བརྗོད་དུ་མ་མཆིས་པ་ལགས་སོ་ཞེས་པ་ལ་སོགས་པས་བསྟན། མིང་མེད་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་མ་མཆིས་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། འགོག་པ་ཡང་བཞི་སྟེ། འགྲོ་བ་མེད་པ་ཡང་མདོའི་ཚིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འགྲོ་བ་མ་མཆིས་པ་ལགས་སོ་ཞེས་པ་ལ་སོགས་པས་བསྟན། མི་འཕྲོགས་པ་ནི་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་འཕྲོགས་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། མི་ཟད་པ་ནི་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་བས་པ་ལགས་སོ་ཞེས་པས་བསྟན། སྐྱེ་བ་མེད་པ་ནི་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྐྱེ་བ་མ་མཆིས་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། བཞི་ཚན་གསུམ་པོ་དེ་དག་ཀྱང་མི་རྟག་པ་ནས་ངེས་པར་འབྱུང་བའི་བར་དང་རིམ་བཞིན་སྦྱར་རོ། ལམ་གྱི་བདེན་པ་ནི་གསུམ་སྟེ།


DTG081_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ཀྱི་ཉོན་མོངས་པའི་སྒྲིབ་པ་སྤོངས་པའི་གཉེན་པོ་ཟག་པ་མེད་པའི་ལམ་དང༌། རང་སངས་རྒྱས་ཀྱི་ཤེས་བྱའི་སྒྲིབ་པ་སྤོང་པའི་གཉེན་པོ་བསྒོམ་པའི་ལམ་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་སྟེ་གསུམ་མོ། །དེ་ལ་ལམ་དང་པོ་ལ་བྱེད་པ་པོ་མེད་པ་དང༌། ཤེས་པ་པོ་མེད་པ་དང༌། འཕོ་བ་མེད་པ་དང༌། འདུ་བ་མེད་པ་བཞི་སྟེ། དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱེད་པ་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། ཤེས་པ་པོ་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། འཕོ་བ་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། འཇིགས་པ་མ་མཆིས་པ་ལགས་སོ་ཞེས་པ་དང་རིམ་བཞིན་སྦྱར་ཏེ། དེ་གཞི། ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པ་དང༌། གོ་རིམས་བཞིན་སྦྱར་རོ། །ལམ་གཉིས་པ་ལ་ཡང་རྣམ་པ་ལྔ་སྟེ། རྨི་ལམ་ལྟར་ངོ་བོ་ཉིད་མེད་པ་དང༌། སྦྲ་བརྙན་ལྟར་མ་སྐྱེས་པ་དང༌། མིག་ཡོར་ལྟར་མ་འགགས་པ་དང༌། སྨིག་རྒྱུ་ལྟར་གཟོད་མ་ནས་ཞི་པ་དང༌། སྒྱུ་མ་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་ལྔ་སྟེ། དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་རྨི་ལམ་ལྟ་བུ་ལགས་སོ་ཞེས་པ་དང༌། འོག་ནས། བྲག་ཅ་ལྟ་བུ་ལགས་སོ་ཞེས་པ་དང༌། མིག་ཡོར་ལྟ་བུ་ལགས་སོ་ཞེས་པ་དང༌། འོག་ནས་སྨིག་རྒྱུ་ལྟ་བུ་ལགས་སོ་ཞེས་པ་དང༌། སྒྱུ་མ་ལྟ་བུ་ལགས་སོ་ཞེས་པ་དང༌། གོ་རིམས་བཞིན་བསྟན་ཏེ། དག་པ་འཇིག་རྟེན་པ་དད་སྦྱར་རོ། །གསུམ་པ་ལ་དྲུག་སྟེ། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། གོས་བ་མེད་པ་དང༌། སྤྲོས་པ་མེད་པ་དང༌། རློམ་སེམས་མེད་པ་དང༌། མི་གཡོ་བ་སྟེ། དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏི་མུག་མ་མཆིས་པ་ལགས་སོ་ཞེས་བྱ་བ་ནས། ཀུན་ནས་


DTG081_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་པའི་བར་དང༌། འོག་ནས། རྣམ་པར་བྱང་བ་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། གནས་པ་མ་མཆིས་པ་ལགས་སོ་ཞེས་པ་ནས་གནས་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་པ་དང༌། འོག་ནས། སྤྲོས་པ་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། རློམ་སེམས་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། གཡོ་བ་མ་མཆིས་པ་ལགས་སོ་ཞེས་པ་ལ་སོགས་པས་གོ་རིམས་བཞིན་དུ་བསྟན་ཏེ། དེ་ལྟར་བདེན་པ་གསུམ་པ་ལ་ཡང་རྣམས་པ་བཅུ་གཉིས། ལམ་གྱི་བདེན་པ་ལ་བཅོ་ལྔ་སྟེ། ཐམས་ཅད་ཤེས་པ་ལ་དེ་ལྟར་རྣམ་པ་ཉི་ཤུ་རྩ་བདུན་ནོ། །ལམ་གྱི་རྣམ་པ་ཤེས་པ་ལ་རྣམ་པ་སུམ་ཅུ་རྩ་དྲུག་སྟེ། དེ་ལ་ཀུན་འབྱུང་བའི་རྣམ་པ་བརྒྱད་དེ། འདོད་ཆགས་དང་བྲལ་བ་དང༌། མི་གནས་པ་དང༌། ཞི་བ་དང༌། འདོད་ཆགས་མེད་པ་དང༌། ཞེས་སྡང་མེད་པ་དང༌། གཏི་མུག་མེད་པ་དང༌། ཉོན་མོངས་པ་མེད་པ་དང༌། སེམས་ཅན་མེད་པ་སྟེ། དེ་ལྟར་བརྒྱད་ནི་རྒྱུ་ལ་དང་པོ་གསུམ་ནི་རྒྱུ། དེའི་འོག་མ་གསུམ་ནི་ཀུན་འབྱུང་བ། དེའི་ཕྱི་མ་གཅིག་རབ་ཏུ་སྐྱེ་བ། ཐ་མ་གཅིག་རྐྱེན་དང་སྦྱར་ཏེ། དེ་དག་ནི་གཉེན་པོའི་སྒོ་ནས་དེ་ལྟར་བསྟན་ལ། དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདོད་ཆགས་དང་བྲལ་བ་ལགས་སོ་ཞེས་པ་དང༌། འོག་ནས། ཀུན་ནས་ལྡང་བ་མ་མཆིས་པ་ལགས་སོ་ཞེས་པ་དང། འོག་ནས། ཞི་བ་ལགས་སོ་ཞེས་པ་དང༌། འོག་ནས། འདོད་ཆགས་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། ཞེ་སྡང་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། གཏི་མུག་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། ཉོན་མོངས་པ་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། སེམས་ཅན་མ་མཆིས་པ་ལགས་སོ་ཞེས་པ་ལ་སོགས་པ་སོ་སོའི་ཞུ་བའི་ཚིག་མཇུག་དང་བཅས་པ་བསྟན། ལམ་གྱི་བདེན་རྣམ་པ་བདུན་ཏེ། ཚད་མེད་པ་དང༌། མཐའ་གཉིས་དང༌། མ་འབྲེལ་


DTG081_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། མ་འདྲེས་པ་དང༌། མཆོག་ཏུ་འཛིན་པ་མེད་པ་དང༌། རྣམ་པར་མི་རྟོག་པ་དང༌། དཔག་ཏུ་མེད་པ་དང༌། ཆགས་པ་མེད་པ་སྟེ། དེ་ཡང་གཉིས་ཚན་གསུམ་ནི་ལམ་རིགས་པ་སྒྲུབ་པ་དང་སྦྱར། ཐ་མ་གཅིག་ནི་ངེས་པར་འབྱིན་པ་དང་སྦྱར་ལ། དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། མཐའ་གཉིས་སུ་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། མ་འདྲེས་པ་ལགས་སོ་ཞེས་པ་དང༌། འོག་ནས། ནག་ངོ་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། རྣམ་པར་མིག་རྟོག་པ་ལགས་སོ་ཞེས་པ་དང༌། འོག་ནས། ཚད་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། ནམ་མཁའ་ལྟ་བུ་ལགས་སོ་ཞེས་པ་སོ་སོའི་ཞུ་བའི་ལན་དང་བཅས་པ་བསྟན། སྡུག་བསྔལ་གྱི་བདེན་པའི་རྣམ་པ་ལྔ་སྟེ། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། མཚན་ཉིད་མེད་པ་སྟེ། དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་རྟག་པ་ལགས་སོ་ཞེས་པ་དང༌། འོག་ནས། སྡུག་བསྔལ་བ་ལགས་སོ་ཞེས་པ་དང༌། འོག་ནས། བདག་མ་མཆིས་པ་ལགས་སོ་ཞེས་པ་དང༌། འོག་ནས། སྟོང་པ་ཉིད་ལགས་སོ་ཞེས་པ་དང༌། འོག་ནས། མཚན་ཉིད་མ་མཆིས་པ་ལགས་སོ། ཞེས་པ་ལ་སོགས་པས་བསྟན། འགོག་པའི་རྣམ་པ་ནི་བཅུ་དྲུག་སྟེ། ནང་དང་ཕྱི་དང་གཉི་གའི་དངོས་པོ་དགག་པར་སྟོང་པ་ཉིད་དང་པོ་གསུམ་དང༌། བརྟག་པའི་བདག་ཞི་བ་ངོ་བོ་ཉིད་ཀྱིས་སྟོང་པས་སྟོང་པ་ཉིད་སྟོང་པ་ཉིད་དང༌། སྣོད་ཀྱི་འཇིག་རྟེན་དང༌། དོན་དམ་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། རྟག་ཆད་ཀྱི་མཐའ་དང༌། འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང༌། རྟོགས་པའི་ཆོས་དོར་བ་མེད་པ་ལ་མངོན་པར་ཞེན་པ་དགག་པ་ཆེན་པོ་སྟོང་པ་ཉིད་ནས་དོར་བ་མེད་པ་སྟོང་པའི་བར་དུ་བརྒྱད་དང༌། ཀུན་བརྟགས་པའི་བྱེད་པ་པོ་དགག་


DTG081_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་རང་བཞིན་སྟོང་པ་དང༌། ཡུལ་དང་མཚན་ཉིད་དང་དུས་སུ་འཁྲུལ་བ་དགག་པར་ཆོས་ཐམས་ཅད་སྟོང་པ་དང༌། རང་གི་མཚན་ཉིད་སྟོང་པ་དང༌། མི་དམིགས་པ་སྟོང་པ་དང༌། ངེས་པར་འབྱུང་བར་བརྟགས་པས་དགག་པར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནང་སྟོང་པ་ཉིད་ལགས་སོ་ཞེས་པ་ནས། མི་དམིགས་པ་སྟོང་པ་ཉིད་དུ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་པའི་བར་བཅོ་ལྔ་དང༌། ངེས་པར་འབྱུང་བར་བརྟགས་པ་དགག་པ་མདོའི་ཚིག །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་དངོས་པོ་མེད་པ་སྟོང་པ་ཉིད་ལགས་སོ་ཞེས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན། རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པས་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པས་ཉན་ཐོས་ལ་རྣམ་པ་སུམ་ཅུ་རྩ་བདུན་དང༌། བྱང་ཆུབ་སེམས་དཔའ་ལ་སུམ་ཅུ་རྩ་བཞི་དང༌། སངས་རྒྱས་ལ་སུམ་ཅུ་རྩ་དགུ་སྟེ། སྤྱིར་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་འབྱུང་བ་ལ། དེ་ལ་ཐམས་ཅད་ཤེས་པ་ཉིད་ལ་དང་པོར་དངོས་པོར་ཡོངས་སུ་རྟོགས་པའི་ལམ་བདེན་པ་བཞི་ལ་འཇུག་པའི་ཕྱིར་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ལ་བརྟགས་པ་དྲན་པ་ཉེ་བར་གཞག་པ་བཞི་དང༌། དེ་ལྟ་བུ་ལ་བརྩོན་འགྲུས་འབྱུང་བས་རྩོལ་བའི་ལམ་ཡང་དག་པའི་སྤོང་བ་བཞི་དང༌། བརྩོན་འགྲུས་ལ་སེམས་ལས་སུ་རུང་བར་འགྱུར་བས་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། སེམས་སྦྱང་བ་ལ་དྲོད་དང་རྩེ་མོའི་སྦྱོར་བ་འབྱུང་བས་མངོན་པར་རྟོགས་པའི་སྦྱོར་བའི་ལམ་ལ་དབང་པོ་ལྔ་དང༌། དེ་ལ་བཟོད་པ་དང༌། འཇིག་རྟེན་ཆོས་ཀྱི་མཆོག་འབྱུང་བས་མངོན་པར་རྟོགས་པ་དང༌།


DTG081_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་པའི་ལམ་ལ་སྟོབས་ལྔ་དང༌། དྲོད་ལ་སོགས་པ་བཞིའི་རྟོགས་པ་ལ་མཐོང་བའི་ལམ་འབྱུང་བས་མངོན་པར་རྟོགས་པའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། དེ་ལས་བསྒོམ་པའི་ལམ་འབྱུང་བས་ངེས་པར་འབྱིན་པའི་ལམ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་དེ་དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་དྲན་པ་ཉེ་བར་གཞག་པ་ལགས་སོ་ཞེས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཡན་ལག་བརྒྱད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏེ། གོ་རིམས་བཞིན་སྦྱར་རོ། །ལམ་ཤེས་པ་ཉིད་ལྟ་བ་དང༌། རྣམ་པར་རྟོག་པ་དང༌། ཁམས་གསུམ་ལ་སྨོན་པའི་གཉེན་པོ་ལམ་རྣམ་པར་ཐར་པའི་སྒོ་གསུམ་དང༌། སྤྲུལ་པའི་ལམ་ནང་གཟུགས་དང་གཟུགས་ཅན་མ་ཡིན་པས་ཕྱི་རོལ་གྱི་གཟུགས་ལ་བལྟའོ་ཞེས་བྱ་བ་སྤྲུལ་པའི་སྒྲིབ་པའི་གཉེན་པོ་གཉིས་དང༌། སྡུག་པ་དང༌། མི་སྡུག་པ་སྤྲུལ་པ་ལ་དགའ་བ་དང་མི་དགའ་བའི་ཉོན་མོངས་པའི་གཉེན་པོ་སྡུག་པའི་རྣམ་པར་ཐར་པའི་སྒོ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་གནས་སོ་ཞེས་བྱ་བ་སྟེ། དེ་ལྟར་གསུམ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཐར་པའི་ཆ་དང་མཐུན་པར་གནས་པའི་ལམ་གྱི་རང་བཞིན་སྙོམས་པར་འཇུག་པ་བཞི་དང༌། ཞི་བར་གནས་པའི་ལམ་འགོག་པའི་སྙོམས་པར་འཇུག་པ་སྟེ། དེ་ལྟར་ལྔ་དང༌། འཇིག་རྟེན་ལས་འདས་པའི་ལམ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྤོང་བའི་ལམ་བར་ཆད་མེད་པའི་ལམ་ཉོན་མོངས་པ་མེད་པའི་བདེན་པ་བཞི་དང༌། སངས་རྒྱས་ཀྱི་ལམ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེ་ལྟར་རྣམ་པ་སུམ་ཅུ་རྩ་བཞི་པོ་དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོང་པ་ཉིད་ལགས་སོ་ཞེས་པ་དང༌། འོག་ནས། མཚན་མ་མ་མཆིས་པ་ལགས་སོ་ཞེས་བྱ་བ་དང༌། འོག་ནས། སྨོན་པ་མ་མཆིས་པ་ལགས་


DTG081_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་པ་དང༌། སྤྲུལ་པའི་ལམ་གྱི་རྣམ་པར་ཐར་པ་གསུམ་ནི་བསྡུས་ནས། འོག་ནས། རྣམ་པར་ཐར་པ་ལགས་སོ་ཞེས་བྱ་བ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ལམ་ཐར་པའི་ཆ་དང་མཐུན་པའི་ལམ་ལ་སྙོམས་པར་འཇུག་པ་བཞི་དང༌། ཞི་བར་གནས་པའི་ལམ་ལ་འགོག་པའི་སྙོམས་པར་འཇུག་པ་ཤུགས་ཀྱིས་བསྟན་ནས། འཇིག་རྟེན་ལས་འདས་པའི་ལམ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྙོམས་པར་འཇུག་པ་ལགས་སོ་ཞེས་བྱ་བ་མན་ཆད་དང༌། སྤོང་བའི་ལམ་ཡང་འོག་ནས། འཕགས་པའི་བདེན་པ་ལགས་སོ་ཞེས་པ་ལ་སོགས་པ་དང༌། སངས་རྒྱས་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྨིན་པ་ལགས་སོ་ཞེས་པ་དང༌། འཆལ་པའི་ཤེས་རབ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཕུལ་དུ་བྱུང་བ་ཡིན་པས། ཐུན་མོང་མ་ཡིན་པའི་ལམ་གཅིག་གིས་བསྡུས་ལ་རྣམ་པ་ནི་སུམ་ཅུ་རྩ་དགུ་སྟེ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དང༌། ཆོས་ཐམས་ཅད་ལ་དབང་སྒྱུར་བའི་རང་བྱུང་དང༌། མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་ཀྱི་རྣམ་པ་དང་སུམ་ཅུ་རྩ་དགུ་སྟེ། དེ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྟོབས་བཅུ་ལགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན་ཏེ། གོ་རིམས་བཞིན་སྦྱར་རོ། །


previousརྣམ་པ། next