Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀོའུ་ཤི་ཀའི་བཤགས་མདོ།
   
   
   
   
   


 
previousཀོའུ་ཤི་ཀའི་བཤགས་མདོ།next

ཀོའུ་ཤི་ཀའི་བཤགས་མདོ།

༄༅། །ཀོའུ་ཤི་ཀའི་བཤགས་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། ཀོའུ་ཤི་ཀ་པྲ་ཛྙཱ་པ་ར་མི་ཏ་ཡེ་ན་མ་སཱུ་ཏྲ། བོད་སྐད་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ། ཟབ་མོའི་ཆོས་ཀྱི་འཁོར་ལོ་དུས་གསུམ་དུ་བསྐོར་ཞིང༌། སྲས་ཡུམ་བཅུ་བདུན་ཡོངས་སུ་རྫོགས་པའི་སྐབས་སུ། ཀོའུ་ཤི་ཀས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ངེས་པ་དོན་གྱི་མདོ་སྡེ་ལ། །སྨིན་རྒྱས་ནུབ་གསུམ་ཇི་ལྟར་འབྱུང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ཡི་བསྟན་པ་ཟབ་མོ་འདི། །ཐོས་ནས་རྟོགས་ཤིང་སྨིན་པར་འགྱུར། །ཉམས་སུ་བླངས་ཤིང་དད་གུས་དྲག་པོས་སྨིན་པར་འགྱུར། །སྟོན་པའི་བཀའ་དོན་ལྷོ་བྱང་གཉིས་སུ་རྒྱས་པར་འགྱུར། །གདམས་པའི་དོན་བཞི་ལོག་པ་ལས། །གསང་སྔགས་དར་ལ་མ་སྨིན་ཆོས། །དོན་གྱི་སྙིང་པོ་ནུབ་པར་འགྱུར། །བཞི་ཡི་དོན་གྱི་ཡན་ལག་ནི། །ཀློག་དང་འཆང་དང་སྤེལ་བར་བྱ། །གདམས་པའི་དོན་བཞི་ལྡན་པའི་མིས། །ཟུངས་ཤིག་རྟོགས་ཤིག་ཆོངས་ཤིག་ཀློགས། །བཟུང་བས་ཚིག་དང་དོན་བཀླག་བྱ། །རྟོགས་པས་དོན་དང་འབྲེལ་བར་བྱ། །བཅངས་པས་དོན་ལ་བསྒོམ་པར་གྱིས། །བཀླགས་པས་སྟོང་པ་ཉིད་དུ་སྤེལ། །སངས་རྒྱས་ཐོབ་པར་བསྟན་པ་འོ། །གཞུང་གི་འགྲེལ་རྐང་རྣམ་གསུམ་གྱིས། །བདག་ཉིད་རྒྱུ་ནི་བཀླགས་བྱས་པས། །ཐར་པའི་དོན་དེ་ཐོབ་པར་འགྱུར། །ཡོན་བདག་བཞི་ཡི་གནས་སྐབས་སུ། །འབྲི་དང་ཀློག་པའི་དུས་དག་ཏུ། །ཡི་གེ་སྤྲུལ་པའི་སྐུ་ཡིན་པས། །སྤྲུལ་པའི་སྐུ་ཡིས་བྱིན་རློབ་འགྱུར། །ཡི་གེ་གསལ་བའི་དོན་ཡིན་ཕྱིར། །ཕ་རོལ་ཕྱིན་པའི་དོན་རྟོགས་འགྱུར། །ཡི་གེ་མི་བརྗེད་གཟུངས་ཡིན་ཕྱིར། དྲན་པ་ཉམས་པར་མི་འགྱུར་རོ། །མི་བརྗེད་པ་ཡི་གཟུངས་ཐོབ་འགྱུར། །འདྲི་བའི་དོན་དང་ལྡན་པའི་ཕྱིར། །ཐར་པའི་འབྲས་བུ་ཐོབ་པར་འགྱུར། །གཞི་ཤོག་ཆེ་ལ་ཡི་གེ་ཡངས། །བསྟན་པ་འཛིན་དང་བསོད་ནམས་མཉམ། །ཡིག་འབྲུ་ཆེ་ལ་ཡན་ལག་དོད། །བསྟན་པ་སྤེལ་དང་བསོད་ནམས་མཉམ། །ཡིག་འབྲུ་འབྲེལ་དང་འདྲེས་བསལ་བས། །ཡན་ལག་སྐྱོན་དང་ནད་མེད་འགྱུར། །ཡི་གེ་མདོག་དང་སྤྱན་གསལ་བས། མིག་གི་དབང་པོ་སྐྱོན་མེད་འགྱུར། །ཀློག་པའི་དོན་དང་ལྡན་པའི་ཕྱིར། །དད་པའི་དོན་དང་འབྲེལ་བ་ཡིས། །ཐ་མ་འབྲས་བུ་དོན་ཐོབ་འགྱུར། །ལྷག་དང་ཆད་པ་མེད་པ་དང༌། །དབུགས་ལ་མི་བསྐྱོན་དག་པ་དང༌། །ཡིད་ཀྱིས་མི་བཅད་སྒྲ་སྐད་འབྱོར། །དྲི་མ་མེད་པར་བཀླགས་པ་ཡིས། །ཟབ་མོའི་འཁོར་ལོ་བསྐོར་དང་མཉམ། །ཁྲུས་བྱས་ཁ་ཟས་སྐྱོན་བསལ་ནས། ཕྱག་མཆོད་བཀུར་སྟི་གུས་པ་དང༌། །གཞན་གྱི་ཚིག་གིས་བར་མ་ཆོད། །སངས་རྒྱས་འབུམ་ལ་བསྙེན་བཀུར་བྱས་དང་མཉམ། །ཡོན་བདག་ཤིན་ཏུ་མ་དད་པས། །ཟས་དང་ནོར་གྱིས་མ་མཉེས་ཀྱང༌། །བཀའ་ཡི་གསུང་ནི་མཐར་ཕྱུང་བས། །སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། །གཅོད་སྦྱོང་བླུ་བར་མི་བྱའོ། །ཀོའུ་ཤི་ཀས་གསོལ་པ། བཅོམ་ལྡན་འདས་མདོ་སྡེ་འདི་བླུ་བར་མ་གསུངས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀོའུ་ཤི་ཀ་ཐམས་ཅད་ནས་ཐམས་ཅད་དུ་མ་ཡིན་ཏེ། །སྤོང་ལྡན་བཞི་དང་ལྡན་ན་བླུ་བར་བྱའོ། །བཞི་གང་ཞེ་ན། ནོར་གྱི་འདུ་ཤེས་སྤངས་ལ་དཀོན་མཆོག་མཆོད་གནས་སུ་ཤེས་པར་བྱའོ། །རིན་ཐང་སྤངས་ལ་ཕ་རོལ་ཚིམས་པར་བྱའོ། །ཁེངས་གྲགས་སྤངས་ལ་དད་པ་དང་ལྡན་པར་བྱའོ། །བཟང་ངན་སྤངས་ལ་བརྒྱལ་བའི་གནས་ནས་བླུ་བར་བྱའོ། །ངའི་བསྟན་པ་ཟབ་མོ་འདི། །གཞན་གྱིས་འཇིག་པར་མི་ནུས་ཏེ། །ང་མིན་ང་འདྲ་གཅིག་གིས་བཤིག །བཙུན་པ་འདུལ་ཁྲིམས་མེད་པ་དང༌། །བན་དྷེ་དམ་ཚིག་མེད་པ་དང༌། །གཙོ་བོར་ལས་ངན་བསགས་པ་གསུམ། །ཀུན་ལ་མི་རྟོགས་མི་སྲིད་དོ། །གཏོང་དང་བསྡུ་དང་འཚོང་བ་དང༌། །ཁེ་ཕྱིར་འབྲི་ཞིང་གཏོང་བ་དང༌། །རྣམ་སྨིན་མི་ལྟ་སྡིག་ཁེ་བྱེད། །གྲགས་ཕྱིར་གཡོ་སྒྱུ་བཅས་ནས་བསྡུས། །ཟློག་པའི་ཕྱིར་ན་ཀློག་པར་བྱེད། །སྡིག་ཏུ་བྱ་ཕྱིར་འཆང་བར་བྱེད། །གྲོས་ཀྱི་དོན་དུ་ཆུབ་པར་པར་བྱེད། །གཅེས་འཛིན་ནོར་གྱི་ཁྱད་པར་ཕུ་དུད་བྱེད། །བློ་ཡིས་གཏིང་ནས་བཏང་ནས་སྤོང་བར་འགྱུར། །ནོར་དུ་བཟུང་ན་སྨད་པར་འགྱུར། །ཟོལ་སོགས་སྡིག་པའི་ཚོགས་ཀྱིས་བསྣུབས་སོ། །བཟང་ངན་དུ་ཕྱིན་སྐུར་པ་བཏབ་པར་འགྱུར། །བཙོངས་ན་རྡོ་རྗེའི་དམྱལ་བར་སྐྱེ། །གཏོང་དང་བསྡུ་བ་གཉིས་ནི་ཁྲོ་ཆུར་ཚོད། །གཅོད་དང་སྦྱོང་བ་གཉིས་པོ་ནི། །དམྱལ་བ་བསྡུས་འཇོམས་དག་ཏུ་སྐྱེ། །ཚོང་ག་བྱེད་དང་གཏོང་པར་འཇུག །ལྔ་བརྒྱའི་ལྕེ་ལ་གཡག་ཆེན་རྨོད། །བཟང་ངན་ལྷག་ཆད་སྐྱོན་འཛིན་པ། །ལྕེ་ནི་ལྕགས་ཀྱི་ཐག་པས་བརྒྱངས། །གླུ་ལ་སོགས་བསྲེས་རྫུན་སྨྲས་པས། །ཡི་དྭགས་ཆེན་པོས་ཡུན་རིང་གནས། །དབུགས་ལ་བསྐྱོན་ནས་དབུགས་ཀྱིས་གཙེར། །ཚིག་གཞུག་བོར་ནས་ཚིག་འགོ་བླངས། །རོ་མྱགས་འདམ་ལ་མྱུར་དུ་འདྲུད། །མྱུར་དུ་རིང་ནས་བམ་ཤོག་བསྒྱུར། །ཤལ་མ་རི་ལ་དྲག་ཏུ་འདྲུད། མི་གོ་སྒྲ་ཡི་ཤོག་བུ་བསྒྱུར། །ཁ་མེད་ཡི་དྭགས་ཆེན་པོར་སྐྱེ། །དབུགས་ལ་བསྐྱོན་ནས་རྩེ་གཏོགས་བྱེད། །མེ་མ་མུར་ལ་འདྲུད་ཅིང་རྔོད། །ཚེ་འདིར་དབུལ་ཕོངས་ནད་ཀྱིས་ཉེན། །དབང་པོ་སྐྱོན་ཞུགས་མི་ཁོམ་བརྒྱད་དུ་སྐྱེ། །ཀོའུ་ཤི་ཀ །ངེས་པའི་དོན་གྱི་མདོ་སྡེ་ལ། །གཏོང་དང་བསྡུ་དང་འཚོང་བ་དང༌། །སྤངས་སྨད་སྐུར་པ་བཏབ་པ་དང༌། །ལྷག་ཆད་གཉིས་སུ་བཀླགས་པ་དང༌། །སྦྱངས་ཤུགས་དག་གིས་བྱས་པ་ཡིས། །འདིའི་གླུད་ལ་ནས་སམ་གྲོའམ། ཏིལ་གྱི་འབྲུ་ཙམ་མམ། ཐ་ན་ཕྲ་བའི་སྐུད་པ་ཙམ་ལ་འབགས་སམ། གླུད་སྟེང་ལ་ཕྱིན་པའམ། གླུད་བཟོས་པའི་གྲིབ་མས་ཕོག་པ་འམ་མི་འམ་དུད་འགྲོ་ཆ་ཡོད་པའམ། ཆ་མེད་པར་ཏིལ་ཕུལ་གང་ཙམ་ཟློས་ན། རྡོ་རྗེའི་དམྱལ་བར་སྐྱེ་བར་འགྱུར་རོ། །ཚེའི་ཚད་ནི་ཤླཽ་ཀ་རེས་བསྐལ་པ་རེ་ཐུབ་པར་འགྱུར་རོ། །ཀོའུ་ཤི་ཀས་གསོལ་པ། བཅོམ་ལྡན་འདས་འདི་ལ་བཤགས་ཐབས་གསུང་དུ་གསོལ། །འདི་ལ་བཤགས་ཐབས་མ་མཆིས་ན། །སྔར་གསུངས་བཀའ་ལ་དོན་མ་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀོའུ་ཤི་ཀ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །རྒྱལ་པོ་དག་ལ་ཉེས་ཤོར་ན། །ཉིད་ཀྱི་ཞབས་ལ་བཏུད་གྱུར་ན། །ཆད་པ་མེད་པར་འགྱུར་བ་བཞིན། །བཀའ་ཡི་སྒྲིབ་པ་སྟོང་པས་སྦྱངས། །དམ་པའི་སྟོབས་ལྔ་ལྡན་པའི་མིས། །ཀོའུ་ཤི་ཀ་ཡི་བཤགས་མདོ་བཀླགས། །ངེས་པར་བཀླགས་ན་བྱང་བར་འགྱུར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི། སྒྲོ་སྐུར་གྱིས་མ་སླད་པའོ། །མཚན་མས་མ་ཟིན་པའོ། །རེ་དོགས་ཀྱིས་མ་རིག་པའོ། །ཀུན་རྫོབ་ཀྱིས་མ་བརྟེན་པའོ། །མ་སྒྲིབ་པས་སྐྱོན་གྱིས་མ་གོས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་དབེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ནོ། །ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་དོ། །ཆོས་ཐམས་ཅད་རློམ་སེམས་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་དོ། །ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་དོ། །ཆོས་ཐམས་ཅད་འགག་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་དོ། །ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟ་བུའོ། །ཆོས་ཐམས་ཅད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟར་སྟོང་པ་ཉིད་བཅོ་བརྒྱད་དོ། །འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། མདོར་ན་སྟོང་པ་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྐར་མ་རབ་རིབ་མར་མེ་དང༌། སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །སྒྲིབ་པ་སྦྱོང་བའི་སྔགས་འདི་བཟླ་བར་བྱའོ། །ན་མོ་བྷ་ག་ཝ་ཏེ། ཨཱརྻ་པྲཛྙཱ་པཱ་ར་མི་ཏ་ཧྲི་ད་ཡེ། ཨོཾ་དྷི་ཧྲི་ཤྲཱ་གུ་ཏི། སྨྲ་ཏི་མ་ཏི་གཱ་ཏི། བྷི་ཛ་ཡེ་སྭཱ་ཧཱ། ཨོཾ་པྲཛྙཱ་པཱ་ར་མི་ཏ་ཡེ། སརྦ་བུདྡྷ་ཡ་ཤུདྡྷོ་ཨ། དྷརྨ་ཡ་ཤུདྡྷོ་ཤུདྡྷོ་ཨ། སདྡྷ་ཡ་ཤུདྡྷོ་ཤུདྡྷོ་ཨ། སརྦཱ་རོ་ཥ་ན་བྱ་ཏྲི་ཤུདྡྷོ་ཤུདྡྷོ་ཨ། བི་ཤུདྡྷོ་པ་ར་སརྦ་ཤུདྡྷོ་ཤུདྡྷོ་ཨ། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་ཅིང་རྟག་པ་མེད། །འོང་བ་མེད་ཅིང་འགྲོ་བ་མེད། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེ་བར་ཞི་བ་ཉིད། །རྟེན་ཅིང་འབྲེལ་བར་འབྱུང་སྟོན་པ། །རྫོགས་པའི་སངས་རྒྱས་གང་ཡིན་པ། །སྨྲ་མཆོག་དེ་ལ་ཕྱག་འཚལ་ལོ། །སྐབས་ཀྱི་བཤགས་པ་ཐར་པ་ཆེ། །ལས་ཀྱི་སྒྲིབ་པ་སྦྱོང་བ་ཡི། །འདི་ཡི་གཟུངས་སུ་ཤེས་པར་གྱིས། །ཉིན་ལན་རེའམ་ཡང་ན་ཐོང་རངས་སུ། །གུས་པས་ལྷག་ཆད་མེད་པར་བཀླགས། །བསྐལ་པ་འབུམ་གྱི་སྡིག་སྒྲིབ་ཀྱང༌། །བྱང་བར་གྱུར་ཏེ་ཐེ་ཚོམ་མེད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། འཁོར་དེ་དག་ཐམས་ཅད་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤགས་མདོ་རྫོགས་སོ། །


previousཀོའུ་ཤི་ཀའི་བཤགས་མདོ།next