Nitartha Digital Library
Tibetan
 
previousསྦྱོར་བ། next

སྦྱོར་བ།


DTG081_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལས་དོན་བཅུ་གཅིག་གིས་བསྟན་པའི་གཉིས་པ་སྦྱོར་བ་ལ་ཡང་གཉིས། སྦྱོར་བ་པོ་དང། སྦྱོར་བའོ། །དེ་ལ་སྦྱོར་བ་པོ་ནི་འདས་པ་དང༌། ད་ལྟར་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པའི་བདེ་བར་གཤེགས་པ་རྣམས་ལ་ལུས་ལ་སོགས་པས་བསྙེན་བཀུར་བྱས་པ་དང༌། ཐེ་ཚོམ་གྱི་དོན་ཞུ་བ་དང༌། ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་དང༌། དགེ་བའི་བཤེས་གཉེན་གྱིས་བྱིན་གྱིས་བརླབས་པ་དང་ལྡན་པ་ཡིན་ཏེ། དེ་ཡང་ལེའུ་སུམ་ཅུ་རྩ་དགུ་པའི་ཀླད་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་ཞེས་པ་ནས། དགེ་སློང་གི་དགེ་འདུན་ཡོངས་སུ་བསྡུ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱའོ་ཞེས་པའི་བར་གྱིས་བསྟན། སྦྱོར་བ་ནི་རྣམ་པ་ཉི་ཤུ་སྟེ། དང་པོ་གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པས་མི་གནས་པའི་སྦྱོར་བ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནས་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། སྦྱོར་བ་སྟེ་སྦྱོར་བ་མེད་པའི་སྦྱོར་བ་ནི་མདོ་ལས། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་སྦྱོར་བར་མི་བྱེད་དེ་ཞེས་པ་མན་ཆད་ཀྱིས་བསྟན། གསུམ་པ་ངོ་བོ་ཉིད་ཀྱིས་ཟབ་པའི་སྦྱོར་བ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། བཞི་པ་གཏིང་དཔག་དཀའ་བའི་སྦྱོར་བ་ཡང་མདོའི་ཚིག །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཏིང་དཔག་དཀའ་བ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། ལྔ་པ་ཚད་མེད་པའི་སྦྱོར་བ་ཡང་མདོ་ལས། ཤཱ་རིའི་བུས་གསོལ་པ།


DTG081_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མ་མཆིས་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། འོག་ནས། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་སོ་ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་སྐྲག་དངང་ལ་དངང་བར་འགྱུར་ལགས་སོ་ཞེས་པའི་བར་གྱིས་ནི་སྤྱིར་གོང་མ་ལྔ་པོ་དེ་དག་བཤད་པ་དང་སྦྱར། དྲུག་པ་སྟེ། སྐྲག་པས་ཡུན་རིང་མོ་ཞིག་ནས་འཚང་རྒྱ་བ་ཡང་མདོ་ལས། བཅོམ་ལྡན་འདས་འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བཤད་པར་བགྱི་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། བདུན་པ་མི་སྐྲག་པས་ལུང་བསྟན་པ་ཐོབ་པའི་སྦྱོར་བ་ཡང་མདོ་ལས། ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བ་དེ་དག་ནི་ཞེས་པ་མན་ཆད་ཀྱིས་བསྟན། བརྒྱད་པ་ཡང་དག་པར་འཛིན་པས་མི་ལྡོག་པའི་སྦྱོར་བ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔེར་བརྗོད་པར་བདག་ཤིན་ཏུ་སྤོབས་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། དགུ་པ་བར་ཆད་ཀྱི་ཆོས་སྤོང་བས་ངེས་པར་འབྱུང་བའི་སྦྱོར་བ་ཡང་མདོ་ལས། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་མི་ཞིག་འབྲོག་དགོན་པ་དཔག་ཚང་བརྒྱ་པ་ཞིག་ནས་འབྱུང་བར་གྱུར་ཏམ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་པ་རྟག་ཏུ་ཆོས་བསྒོམ་པ་ལ་བར་ཆད་མེད་པར་སྦྱོར་བ་ཡང་མདོ་ལས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ་སངས་རྒྱས་ཀྱི་མཐུས་ཁྱོད་ཤིན་ཏུ་སྤོབས་པར་གྱིས་ཤིག་ཅེས་པ་མན་ཆད་ཀྱིས་བསྟན། བཅུ་གཅིག་པ་


DTG081_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་པ་མེད་པའི་ཆོས་གསར་གྱི་རྟེན་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་སྦྱོར་བ་ནི་མདོ་ལས། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་དཔྱིད་བྱུང་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གཉིས་པ་འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པས་མྱུར་དུ་མངོན་པར་བྱང་ཆུབ་པའི་སྦྱོར་བ་ནི་མདོ་ལས། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་བུད་མེད་སྦྲུམ་མ་ནི་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གསུམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བས་གཞན་གྱི་དོན་དུ་སྦྱོར་བ་ནི་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྨན་བཏགས་པ་ནི་ངོ་མཚར་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་བཞི་པ་འཕེལ་འགྲིབ་མེད་པར་སྦྱོར་བ་ནི་མདོ་ལས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་པ་མན་ཆད་ཀྱིས་བསྟན། བཅོ་ལྔ་པ་ཆོས་དང་ཆོས་མ་ཡིན་པ་མི་དམིགས་པའི་སྦྱོར་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་དྲུག་པ་བསམ་གྱིས་མི་ཁྱབ་པར་མི་དམིགས་པའི་སྦྱོར་བ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པ་བསྟན་པ་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་བདུན་པ་རྣམ་པར་མི་རྟོག་པའི་སྦྱོར་བ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སུ་དག་མོས་པར་འགྱུར་ཞེས་པ་མན་ཆད་ཀྱིས་བསྟན། བཅོ་བརྒྱད་པ་འབྲས་བུ་དང་པོ་མཐོང་བའི་རིན་པོ་ཆེ་སྦྱིན་པ་ཡང་མདོ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྒྱུན་ཏུ་


DTG081_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་འབྲས་བུ་དང༌། ཞེས་པ་མན་ཆད་ཀྱིས་བསྟན། བཅུ་དགུ་པ་གཟུགས་ལ་སོགས་པ་དག་པའི་སྦྱོར་བ་ཡང་མདོ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཀྱི་དག་པའི་ཕུང་པོ་ལ་སོགས་སོ་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་པ་ལོ་སྐོར་དུ་མངོན་པར་བརྩོན་པ་མི་འདོར་བས་ས་མཚམས་ལ་སྦྱོར་བ་ནི་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ན་བར་ཆད་མང་དུ་མི་འབྱུང་བ་འདི་ངོ་མཚར་ལགས་སོ་ཞེས་པ་མན་ཆད་ཀྱིས་བསྟན།


previousསྦྱོར་བ། next