Nitartha Digital Library
Tibetan
 
previousཡོན་ཏན། next

ཡོན་ཏན།


DTG081_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་དོན་བཅུ་གཅིག་གིས་བསྟན་པའི་གསུམ་པ་ཡོན་ཏན་བསྟན་པ་ལ་ཡང་དོན་བཅུ་བཞི་སྟེ། དེ་ལ་དང་པོ་བདུན་གྱི་མཐུ་བཅོམ་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདུད་སྡིག་ཅན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་མི་འབྲི་བ་དང་ཞེས་པ་མན་ཆད་ཀྱིས་བསྟན། གཉིས་པ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་པ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་གང་དག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཅེས་པ་མན་ཆད་ཀྱིས་བསྟན། གསུམ་པ་སངས་རྒྱས་མངོན་དུ་བྱེད་བ་དེ་ཡང་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བ་དང་ཞེས་པ་མན་ཆད་ཀྱིས་བསྟན། བཞི་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡང་མདོ་ལས། ཤཱ་རིའི་བུ་ཐེག་པ་ཆེན་པོའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། ལྔ་པ་དོན་ཆེན་པོ་ཉིད་ལ་སོགས་པ་ཡང་མདོ་ལས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲིས་ཤིང་འཆང་བ་དེ་


DTG081_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་དོན་ཆེ་བ་དང་ཞེས་པ་མན་ཆད་ཀྱིས་བསྟན། དྲུག་པ་ཡུལ་དཔྱད་པ་ཡང་མདོ་ལས། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་ནས་སྤྱོད་པར་འགྱུར་ཏེ་ཞེས་པ་མན་ཆད་ཀྱིས་བསྟན། བདུན་པ་ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པར་ཡང་མདོའི་ཚིག །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་བྱང་ཕྱོགས་ལོགས་སུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འགྱུར་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། བརྒྱད་པ་སྨྲ་བའི་སྐྱེས་བུ་ཡང་མདོ་ལས། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བས་ཉེ་བར་བསྟན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ལས་བརྩམས་ནས་དེ་དག་སྐྱེ་བོ་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་པ་མན་ཆད་ཀྱིས་བསྟན། དགུ་པ་མི་ཕྱེད་པ་ཉིད་ཀྱང་མདོ་ལས། བདུད་དམ་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་དབྱེ་བར་མི་ནུས་ན་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་པ་དགེ་བའི་རྩ་བ་ཐུན་མོང་མིན་པ་སྐྱེ་བ་ཡང་མདོ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པར་འགྱུར་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གཅིག་པ་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་སྒྲུབ་པ་ཡང་མདོ་ལས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་ངའི་མངོན་སུམ་དུ་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་ན་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གཉིས་པ་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པ་ཡང་མདོ་ལས། ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་རྣམས་ལ་མོས་པ་རླབས་པོ་ཆེ་འབྱུང་བར་འགྱུར་ཞིང་ཞེས་པ་མན་


DTG081_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱིས་བསྟན། བཅུ་གསུམ་པ་སེམས་ཅན་གྱི་དོན་བསྒྲུབ་པ་ཡང་མདོ་ལས། རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་བཟུང་བས་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་རྣམ་པར་སྨིན་པ་ལས་རྣམ་པར་སྨིན་པ་རྒྱ་ཆེན་པོ་ཡོངས་སུ་འཛིན་པར་འགྱུར་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་བཞི་པ་ངེས་པར་འཐོབ་པ་ཡང་མདོ་ལས། བཅོམ་ལྡན་འདས་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་གི་སླད་དུ་བརྩོན་པར་བགྱིད་ཅིང་ཞེས་པ་མན་ཆད་ཀྱི་ལེའུ་སུམ་ཅུ་རྩ་དགུ་པ་རྫོགས་པ་ཡན་ཆད་ཀྱིས་བསྟན་ཏོ། །


previousཡོན་ཏན། next