Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཅིག་པ།


  expand section
  collapse section
   
  collapse section
  collapse section
  expand section
  collapse section
   
   
   
   
  collapse section
  expand section
  expand section
  expand section
  expand section
  expand section
  expand section
  expand section
  expand section


 
previousསྐྱོན། next

སྐྱོན།


DTG081_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་དོན་བཅུ་གཅིག་གིས་བསྟན་པའི་བཞི་པ་སྦྱོར་བའི་བར་ཆད་དུ་འགྱུར་བའི་སྐྱོན་བསྟན་པ་ལ་ཡང་དོན་བཞི་བཅུ་རྩ་དྲུག་གིས་བསྟན་པའི་དང་པོ་ཚོགས་ཆེན་པོས་ཐོབ་པ་ཡང་མདོ་ལས། ལེའུ་བཞི་བཅུ་པའི་ཀླད་ནས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ལ་སོགས་པ་སྤོབས་པ་ཧ་ཅང་འཕྱི་སྟེ་སྐྱེ་བའི་དབྱེ་བས་བསྟན། དོན་གཉིས་པ་སྤོབས་པ་ཧ་ཅང་མྱུར་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་སྤོབས་པ་ཧ་ཅང་མྱུར་བར་སྐྱེ་ན་ཞེས་པ་མན་ཆད་ཀྱིས་བསྟན། གསུམ་པ་ལུས་ཀྱི་གནས་ངན་ལེན་ཡང་མདོ་ལས། རབ་འབྱོར་གཞན་ཡང་གླན་ཞིང་ཞེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འདྲེན་ཞེས་པ་མན་ཆད་ཀྱིས་བསྟན། བཞི་པ་སེམས་ཀྱི་གནས་ངན་ལེན་ཡང་མདོ་ལས། རབ་འབྱོར་གཞན་ཡང་སེམས་རྣམ་པར་གཡེངས་ཤིང་ཡི་གེར་འདྲི་ན་ཞེས་པ་མན་ཆད་ཀྱིས་བསྟན། ལྔ་པ་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་དོན་བྱེད་པ་ལ་སོགས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་གླལ་ཞིང་ཁ་དོན་བྱེད་དམ་ཞེས་པ་མན་ཆད་ཀྱིས་བསྟན། དྲུག་པ་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་བ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་འདི་


DTG081_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉམས་མ་རྙེད་དོ་སྙམ་ནས་སྟན་ལས་ལངས་ཏེ་འགྲོ་ན་ཞེས་པ་མན་ཆད་ཀྱིས་བསྟན། བདུན་པ་རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་ཡང་མདོ་ལས། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ནས་མདོ་སྡེ་གཞན་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་མ་ཡིན་པ་དེ་ལ་རྣལ་འབྱོར་དུ་བྱ་བ་དང་ཞེས་པ་མན་ཆད་ཀྱིས་བསྟན། བརྒྱད་པ་གྱ་ནོམ་པའི་རོ་མྱང་བའི་ཉམས་པ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཁྱི་ཞིག་གིས་ཇོ་བོའི་དྲུང་ནས་ཟན་གོང་བོར་ལ་ལས་མི་ལས་ཟན་ཁམ་གཅིག་སླང་བར་སེམས་པ་དེ་བཞིན་དུ་ཞེས་པ་མན་ཆད་ཀྱིས་བསྟན། དགུ་པ་རྣམ་པ་ཐམས་ཅད་དུ་ཐེག་པའི་མཆོག་ཀུན་འཛིན་པ་ཉམས་པ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་གླང་པོ་ཆེ་ལྟ་འདོད་པར་གྱུར་ལ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་པ་རྟག་ཏུ་ཆེད་དུ་བྱ་བྱ་ཉམས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན་མི་ཞིག་རྒྱ་མཚོ་ཆེན་པོ་ལྟ་འདོད་པར་གྱུར་ལ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གཅིག་པ་རྒྱུ་དང་འབྲས་བུར་འབྲེལ་པ་ཉམས་པ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཤིང་མཁན་ནམ་ཤིང་མཁན་གྱི་སློབ་མ་མཁས་པ་ཞིག་ཁང་བཟངས་རྣམ་པར་རྒྱལ་བྱེད་ཀྱི་ཚད་ཙམ་གྱི་ཁང་བཟངས་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གཉིས་པ་གོང་ན་མེད་པ་ཉམས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་འདོད་པར་གྱུར་ལ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་གསུམ་པ་ཡུལ་རྣམ་པ་མང་པོ་ལ་རྟོགས་པ་འབྱུང་བའི་སྤོབས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་ན་དེ་དག་རྣམ་པར་གཡེངས་ཤིང་འདྲི་བར་འགྱུར་སྤོབས་པ་མང་དུ་འབྱུང་བར་འགྱུར་ཏེ་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་བཞི་པ་ཡི་གེར་འདྲི་བ་ལ་མངོན་པར་ཞེན་པ་ཡང་མདོ་ལས། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་


DTG081_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་ན་ཆོས་དེ་དག་ལ་རྣམ་པར་གཡེང་བར་བྱེད་ན་ཞེས་པ་མན་ཆད་ཀྱིས་བསྟན། བཅོ་ལྔ་པ་དངོས་པོ་མེད་པ་ལ་མངོན་པར་ཞེན་པ་ཡང་མདོ་ལས། རབ་འབྱོར་གལ་ཏེ་ཐེག་པ་ཆེན་པོའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་མེད་ཅེས་བྱ་བར་འདུ་ཤེས་ན་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་དྲུག་པ་ཡི་གེ་ལ་མངོན་པར་ཞེན་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཐེག་པ་ཆེན་པོའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེ་འབྲུ་དག་གིས་ཡི་གེར་བྲིས་ནས་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་བདུན་པ་ཡི་གེ་མེད་པ་ལ་མངོན་པར་ཞེན་པ་ཡང་མདོ་ལས། བཅོམ་ལྡན་འདས་གལ་ཏེ་ཐེག་པ་ཆེན་པོའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པ་ལགས་སོ་སྙམ་དུ་མངོན་པར་ཞེན་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། བཅོ་བརྒྱད་པ་ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་ན་ལྗོངས་ཀྱི་རྣམ་པ་ཀུན་དུ་འབྱུང་བར་འགྱུར་ན་ཞེས་པ་མན་ཆད་ཀྱིས་བསྟན། བཅུ་དགུ་པ་རྙེད་པ་དང་བཀུར་སྟི་ལ་སོགས་པའི་རོ་མྱང་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བའི་ཚེ་རྙེད་པ་དང་བཀུར་སྟི་དང་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་པ་ལམ་མ་ཡིན་པས་ཐབས་ལ་མཁས་པ་ཚོལ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་ལུང་ནོད་པ་དང་གཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་གཅིག་པ་འདུན་པ་དང་སྙོམ་ལས་ཀྱིས་ཉམས་པ་ཡང་མདོ་ལས། ལེའུ་བཞི་བཅུ་རྩ་གཅིག་པའི་ཀླད་ནས། རབ་འབྱོར་


DTG081_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་འདྲི་བ་དང༌། གཟུང་བ་དང༌། ལུང་ནོད་པ་དང༌། ཁ་ཏོན་བྱེད་པ་དང༌། ཀླག་པར་འདུན་ལ་ཆོས་སྨྲ་བ་ནི་སྙོམ་ལས་བྱེད་པར་གྱུར་ན་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་རྩ་གཉིས་པ་འདུན་པའི་ཡུལ་ཐ་དད་པས་ཉམས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང༌། གཟུང་བ་དང༌། ལུང་འབོགས་པ་དང༌། ཁ་ཏོན་བྱ་བ་ལ་སྙོམ་ལས་བྱེད་པར་གྱུར་ལ་ཆོས་ཉན་པ་ནི་ཡུལ་གཞན་དུ་སོང་བར་གྱུར་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་གསུམ་པ་འདོད་ཆེན་ཆུང་བ་དང༌། འདོད་ཆེན་ཆུང་བ་མ་ཡིན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལ་གདུ་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་བཞི་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་མི་ལྡན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་དགོན་པ་པ་དང་བསོད་སྙོམས་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་ལྔ་པ་དགེ་བ་དང༌། དགེ་བ་མ་ཡིན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དད་ཅིང་དགེ་བའི་ཆོས་རྣམས་དང་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་དྲུག་པ་གཏོང་པ་དང་སེར་སྣ་བྱེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། ཉི་ཤུ་བདུན་པ་སྦྱིན་པ་དང་ཀུན་ཏུ་འཛིན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བ་ལས་གོས་དང༌། བྲས་དང༌། མལ་ཆད་དང༌། སྟན་དང༌། ན་བའི་གསོས་སྨན་དང་ཞེས་པ་ལ་སོགས་པས་བསྟན། ཉི་ཤུ་བརྒྱད་པ་མགོ་སྨོས་པས་གོ་བ་དང་རྣམ་པར་སྤྲོས་པས་གོ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་མགོ་སྨོས་པས་གོ་བ་ཡིན་ལ་ཞེས་པ་ལ་སོགས་པས་བསྟན། ཉི་ཤུ་དགུ་པ་མདོ་ལ་སོགས་པ་མངོན་པར་ཤེས་པ་དང༌། མི་ཤེས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་


DTG081_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞེས་པ་ལ་སོགས་པས་བསྟན། སུམ་ཅུ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་མི་ལྡན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་བར་གྱུར་ལ་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་གཅིག་པ་ཐབས་དང་ཐབས་མ་ཡིན་པ་ལ་མཁས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་མཁས་པ་ཡིན་ལ་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་གཉིས་པ་གཟུངས་ཐོབ་པ་དང་མ་ཐོབ་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཟུངས་ཐོབ་པར་གྱུར་ལ་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་གསུམ་པ་ཡི་གེར་འདྲི་བར་འདོད་པ་དང༌། མི་འདོད་པ་ཡད་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཡི་གེར་འདྲིར་འདོད་ཅིང་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་བཞི་པ་འདོད་པའི་འདུན་པ་དང་བྲལ་བ་དང་མ་བྲལ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པ་ལ་འདུན་པ་དང་ཞེས་པ་ལ་སོགས་པས་བསྟན། སུམ་ཅུ་ལྔ་པ་ངན་སོང་གི་འགྲོ་བ་ལས་ཕྱིར་ཕྱོགས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་བསྒོམ་པའི་བར་དུ་བྱེད་པ་ན་ལ་ལ་ཞིག་དེར་འོངས་ཏེ། སེམས་ཅན་དམྱལ་བ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་རྩ་དྲུག་པ་བདེ་འགྲོར་འགྲོ་བ་ལ་ཡིད་བདེ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་བསྒོམ་པའི་བར་དུ་བྱེད་པ་ན། དེར་ལ་ལ་ཞིག་དེར་འོངས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བསྔགས་པ་རྗོད་པར་བྱེད་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་རྩ་བདུན་པ་འཆད་པ་པོ་དང༌། ཉན་པ་པོ་གང་ཡང་རུང་བ་གཅིག་པུ་དང་འཁོར་ལ་དགའ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་གཉིས་སུ་མེད་ཅིང་རང་གི་བྱེད་པ་ཡིན་ལ་ཞེས་པ་ལ་སོགས་པས་བསྟན། སུམ་ཅུ་རྩ་བརྒྱད་པ་གོ་སྐབས་མི་བྱེད་པ་


DTG081_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བའི་ཕྱི་བཞིན་འབྲེང་བར་འདོད་ལ་ཞེས་པ་མན་ཆད་ཀྱིས་བསྟན། སུམ་ཅུ་དགུ་པ་ཟང་ཟིང་གི་སྦྱིན་པར་འདོད་པ་དང་མི་འདོད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྦྱིན་པ་དང་ཞེས་པ་ལ་སོགས་པས་བསྟན། བཞི་བཅུ་པ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཡུལ་གང་དུ་སྲོག་གི་བར་ཆད་འབྱུང་བར་འགྱུར་བའི་ཡུལ་དེར་འགྲོ་འདོད་པར་གྱུར་ལ་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་རྩ་གཅིག་པ་མུ་གེ་འབྱུང་བའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་ན་ཟས་དཀོན་པ་དང་ཆུ་དཀོན་པའི་ཕྱོགས་དེར་འགྲོ་བར་འདོད་ལ་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་རྩ་གཉིས་པ་ཆོམ་རྐུན་ལ་སོགས་པས་དཀྲུགས་པའི་ཕྱོགས་སུ་འགྲོ་བ་དང་མི་འགྲོ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་གང་ན་ཆོམ་རྐུན་གྱི་འཇིགས་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་རྩ་གསུམ་པ་ཁྱིམ་ལ་ལྟ་བའི་ཡིད་མི་བདེ་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་དེ་སློང་ཆོས་སྨྲ་བ་ནི་སློང་མོ་སྟེར་བའི་ཁྱིམ་ལ་གདུ་བར་གྱུར་ནས་ཞེས་པ་མན་ཆེད་ཀྱིས་བསྟན། བཞི་བཅུ་རྩ་བཞི་པ་བདུད་ཀྱིས་འབྱེད་པའི་སྦྱོར་བ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དང༌། དེ་བཞིན་གཤེགས་པའི་ཆ་བྱད་དུ་བསྒྱུར་ཞིང་ཅི་ནས་ཀྱང་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་ལྔ་པ་བཅོམ་མ་ཉེ་བར་བསྒྲུབ་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་འདི་སྐད་དུ་ཞེས་པ་མན་ཆད་ཀྱིས་བསྟན། བཞི་བཅུ་རྩ་དྲུག་པ་ཡུལ་ཇི་ལྟ་བ་བཞིན་མ་ཡིན་བ་ལ་དགའ་བསྐྱེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ལུས་


DTG081_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་མདོག་ལྟ་བུ་འོད་འདོམ་གང་དང་ལྡན་པར་བསྒྱུར་ཏེ་འོངས་ནས་ཞེས་པ་མན་ཆད་ཀྱིས་བསྟན་ཏེ།


previousསྐྱོན། next