དཔྱད་ན་ཕྱག་རྫོགས་ཀྱི་ལམ་ལ་ཁྱད་པར་ཡོད།
དཔྱད་ན་ཕྱག་རྫོགས་ཀྱི་ལམ་ལ་ཁྱད་པར་ཡོད་དེ། རྫོགས་ཆེན་སེམས་སྡེ་བ་དང་ལམ་གྱི་སྣེ་ཁྲིད་ཚུལ་ཕྱག་ཆེན་དང་ཕྱོགས་མཚུངས་ཙམ་ལ། སེམས་སྡེ་བས་ཡུལ་ཅན་སེམས་ཉིད་རིག་སྟོང་ཀ་དག་ཏུ་གཏན་ལ་འབེབས་པས་ཁྱད་པར་དུ་བྱས། ཀློང་སྡེ་བས་འོད་གསལ་ལ་རྩིས་སོ་ཆེར་བྱེད་པ་གསར་མའི་རིམ་ལྔ་དང་ཆ་འདྲ་ཙམ་ལ་རིམ་ལྔ་ནི། རླུང་གི་བྱེད་ཆིངས་ཀྱི་གནད་ལས་སྒྱུ་ལུས་སྟོང་གཟུགས་ཀྱི་སྣང་བརྙན་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་དུ་དངོས་སུ་འཇུག་པ་ཡིན་པས་བྱ་རྩོལ་དང་བཅས་པ་ཡིན་ལ། ཀློང་སྡེས་ནི་དམིགས་གཏད་དང་བྲལ་བའི་གནད་ཟབ་མོས་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཟབ་གསལ་ཡེ་ཤེས་ཟུང་འཇུག་གིས་འཇའ་ལུས་རྡོ་རྗེའི་སྐུར་འགྲུབ་པའི་ཐབས་ཟབ་པས་ལམ་འདིར་ཞུགས་པ་རྣམས་ཡེ་ཤེས་ཀྱི་སྐུར་གཤེགས་པ་ཤ་སྟག་བྱུང་བས་ཁྱད་པར་དུ་བྱས། མན་ངག་སྡེས་ལམ་ཐོད་རྒལ་གྱི་སྣང་བ་གཙོ་བོར་བྱེད་པས་གསར་མའི་སྦྱོར་
དྲུག་དང་ཆ་འདྲ་མོད། དོན་ལ་ཁྱད་པར་ཆེ་སྟེ། སྦྱོར་དྲུག་པས་རླུང་ལྔ་དབུ་མར་བཅིངས་པའི་གནད་ཀྱིས་སྟོང་གཟུགས་ཀྱི་སྣང་བ་ཤར་བ་བྱེད་རྩོལ་གྱིས་བདེ་བ་ཆེན་པོའི་ལམ་ལ་རིམ་གྱིས་དཀྲི་བ་ཡིན་ལ། འདིར་ནི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ལ་དྲན་པ་གཞུར་དུ་འཛུད་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་རང་རིག་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་ནས་རིག་པ་ཡེ་ཤེས་ཀྱི་སྐུར་སྨིན་ཏེ་གདོད་མའི་དབྱིངས་སུ་སྐྱེལ་བས་ཁྱད་པར་དུ་འཕགས་ཤིང་། ལམ་འདིས་ཡེ་ཤེས་ཀྱི་སྐུ་འཇའ་ལུས་སུ་གྲོལ་བའང་ཀློང་སྡེ་སོགས་ཀྱིས་བསྒྲུབ་པ་ལས་འཕགས་ཏེ། འདིར་ནི་རགས་པའི་སྒོ་གསུམ་ཕྲ་བ་དངས་མའི་སྐུར་བསྒྱུར་བ་ཙམ་མ་ཡིན་པར། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་པས་སྒོ་གསུམ་ཕྲ་རགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་ལ་གཞི་མེད་དུ་དངས་པ་ཡིན་པའི་ཕྱིར་རོ། །ཞེས་སྨིན་གླིང་པ་བཞེད།དོན་དུ་རྒྱལ་བས་གདུལ་བྱའི་ཁམས་དབང་བསམ་པ་དང་རྗེས་མཐུན་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པར་བསྟན་པ་དག་རང་རང་གི་གནས་སྐབས་དེ་དང་དེར་སོ་སོར་བདེན་ཅིང་འབྲས་བུ་འབྱུང་བ་ལ་མི་བསླུ་བས་ཟབ་མི་ཟབ་དང་། བཟང་རྟོག་ངན་རྟོག་གི་ལྷད་མ་ཕྱེས་པར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་བློ་བཞག་ན་རྡོ་རྗེ་ཐེག་པའི་རྩ་ལྟུང་དྲུག་པས་ཀྱང་མི་གོས་ཤིང་ཆོས་སྤང་གི་ལས་མི་བསོག་པ་འདི་རང་གནད་ཟབ་ལ།
ཐོས་བསམ་སྒོམ་པས་ཕྱུག་ཅིང་སྐྱེས་སྦྱངས་ཀྱི་ཡོན་ཏན་མངོན་པར་མཐོ་བ་དང་། ཁྱད་པར་སྒོམ་བྱུང་གི་ཤེས་རབ་ཀློང་རྡོལ་བས་ཆོས་ཀྱི་དེ་ཉིད་རིག་པ་རྣམས་ཀྱིས་ནི། ཟབ་མོའི་གནད་གསང་མཁྱེན་ཅིང་རྟོགས་པས་ཐེག་པ་དང་གྲུབ་མཐའི་རྩེ་མོར་གྱུར་པའི་རྫོགས་ཆེན་དངོས་ཀྱི་སྐོར་ལ་ཡང་ལྟ་བ་མཐོ་དམན་དང་ལམ་གྱི་ཁྱད་འབྱེད་པ་ལ་མཁས་ཕྱིར་། ཕྱག་རྫོགས་ཀྱི་ལམ་མྱུར་བུལ་དང་འབྲས་བུ་ཁྱད་དབྱེ་བ་ནི་ལོས་ཀྱང་བདེན། དེང་དུས་ལམ་ཁྱད་མྱུར་བུལ་དང་ཟབ་མི་ཟབ་ལྟ་བ་མཐོ་དམན་བཅས་ཆོས་ལ་མ་ལྟོས་པར་ཉམས་སུ་ལེན་པའི་གང་ཟག་དེར་རག་ལས་འདུག་སྙམ་ཞིང་། འབྲས་བུ་མཐར་ཕྱིན་དུས་ཆུ་དང་འཁྱགས་རོམ་ངོ་བོ་དབྱེར་མེད་ལྟར་ལ། གནས་སྐབས་སུ་ཇི་བཞིན་མངོན་དུ་གྱུར་ནུས་མ་ནུས་དང་། ཡོན་ཏན་གྱི་རྩལ་ཁ་རྫོགས་མ་རྫོགས་ལ་ཐེག་པ་དང་གྲུབ་མཐའ་སོ་སོའི་འབྲས་བུ་རིམ་པ་ཇི་སྙེད་ཅིག་སྣང་བ་སྟེ། དེ་ལྟར་མིན་ན་གྲོལ་འབྲས་ཐ་དད་པས་དབྱིངས་མི་མཚུངས་པར་མེ་དང་ཆུར་འགྱུར་ན་འབྲས་བུ་རྟག་པར་འགྱུར་ཞིང་ཕྱི་རོལ་པའི་ལུགས་སོ། །