Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། མ༽


   
  collapse section
  collapse section
   
   
   
   
   
   
   
  collapse section
   
   
  collapse section
  collapse section
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
  collapse section
   
   
   
   
   
  collapse section
   
  collapse section
  collapse section
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
  collapse section
   
   
   
  collapse section
   
   
   
   
མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ།
   
   
   
   
  collapse section
   
   
   
   
   
   
   


 
previousམཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ།next

མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ།

༄༅། །མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ་བཞུགས་སོ། །ཤོག་སེར།

༄༅། །མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྐུ་ཚེ་སྔ་མར་ཟབ་གཏེར་གདན་དྲངས་ནས། །ད་ལྟ་ཉམས་ལེན་ལོངས་སྐུའི་ཞིང་ཁམས་ཉུལ། །མ་འོངས་བུམ་ཐང་མཛད་པ་མཐར་ཕྱིན་ནས། །མངོན་པར་བྱང་ཆུབ་དེ་ལ་ཕྱག་འཚལ་ལོ། །འདས་པའི་དུས་ན་རྒྱལ་སྲས་པདྨ་གསལ། །མ་འོངས་གུ་རུ་དྲི་མེད་འོད་ཟེར་ཏེ། །ད་ལྟར་ཀུན་མཁྱེན་ཚུལ་ཁྲིམས་བཟང་པོའི་བློ། །ཟབ་མོའི་ཐུགས་གཏེར་ཕྲིན་ལས་རྒྱས་མཛད་ཅིང་། །འགྲོ་དོན་དཔག་མེད་མཛད་པ་ལྷུན་གྲུབ་ཅེས། །མཁའ་འའའགྲོས་ལུང་བསྟན་རྣམ་ཐར་མདོ་ཙམ་བྲི། །

ལེགས་པའི་ཡོན་ཏན་རྨད་དུ་བྱུང་བས་རབ་ཏུ་བརྒྱན་པའི་བླ་མ་དམ་པ་འདི་ནི་སྐུ་ཚེ་སྔ་མའི་རབས་དཔག་ཏུ་མེད་པའི་སྔོན་རོལ་ནས་རང་བྱུང་པདྨ་རྒྱལ་པོས་རྗེས་སུ་བཟུང་ཞིང་། མཁྱེན་རབ་དང་ཐུགས་རྗེའི་འོད་ཟེར་མཐའ་ཡས་པས་གདུལ་བྱའི་པདྨ་འཛུམ་པ་ལ་མཁས་ཤིང་། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་པོ་ཆེའི་སྲོལ་བཏོད་པ་ལ་སྙིང་རྗེ་ཆེན་(༡༠༢)པོའི་ཤིང་རྟས་འགྲོ་བ་རྣམས་འདྲེན་ཞིང་། རྣམ་པར་གྲོལ་བའི་སྐྱེད་མོའི་ཚལ་ཤིན་ཏུ་ཉམས་དགའ་བར་ཐར་པ་ཆེན་པོའི་དུས་སྟོན་ལ་འགོད་པར་མཛད་པའི་རྣམ་པར་ཐར་པ་མཐའ་ཡས་པ་ལས། འདིར་ཅུང་ཟད་ཅིག་མཆིམས་ཕུ་རིན་པོ་ཆེ་ཞི་བ་སྒྲུབ་པའི་ནགས་ཁྲོད་དུ་དཔལ་རྡོ་རྗེ་ཕག་མོས་ཇི་སྐད་གསུངས་པ་བཞིན་བརྗོད་པར་བྱའོ། །དེའང་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་སུ་གསོལ་ཏེ། རབ་གནས་ཆུང་ངུའི་ཚེ་མཆིམས་ཕུར་གཤེགས་ནས་ཚོགས་ཀྱི་འཁོར་ལོ་མཛད་པའི་དུས་སུ། བཙུན་མོ་འབྲོ་བཟའ་བྱང་ཆུབ་ལ་འཁྲུངས་པའི་སྲས་མོ་པདྨ་གསལ་ཞེས་བྱ་བ། ལོ་བརྒྱད་ལོན་པ་ཞིག་འདས་པས། རྒྱལ་པོས་མྱ་ངན་མཛད་པ་ན། སློབ་དཔོན་གྱིས་ཆོས་བསྟན་པས། དེའི་ཚེ་རྒྱལ་པོས་གསེར་གཞོང་རིན་པོ་ཆེས་བཀང་བ་ཕུལ་ནས། ངའི་གཙུག་ལག་ཁང་དང་སངས་རྒྱས་ཀྱི་བསྟན་པ་ཇི་ཙམ་གནས། བུ་མོ་འདིའི་ཆོས་སྐལ་གང་ལགས་ལ་སོགས་པ་ཞུས་པས། ལན་རྒྱས་པར་གསུངས་ཏེ། དེའི་ཚེ་སློབ་དཔོན་གྱིས་རྣམ་ཤེས་བཀུག་པས་བུ་མོ་སླར་སོས་ཏེ་སློབ་དཔོན་དང་ཡབ་ཡུམ་སྲས་ཀུན་མཇལ་དུས་དབང་བསྐུར་ཏེ། གསང་མཚན་པདྨ་ལས་འབྲེལ་རྩལ་དུ་བཏགས། ཚེ་ལོ་ལྔ་བཅུ་ཁ་རལ་ན་ཟབ་གཏེར་གྱིས་སེམས་ཅན་མང་པོ་ལ་ཕན་འདོགས་ཤིང་གུ་རུ་དྲི་མེད་འོད་ཟེར་དུ་ལུང་བསྟན་དུས་བུ་མོས་མཁའ་འགྲོ་སྙིང་ཏིག་གི་དཔེ་སྒྲོམ་སྤྱི་བོར་བཞག་ནས་སྨོན་ལམ་བཏབ་བོ། །དེ་ནས་སྐྱེ་བ་མང་ཞིག་ནས། གསལ་རྗེ་གངས་ཀྱི་ཤར་ཕྱོགས་སུ། སྤ་སྒང་པ་རིན་ཆེན་རྡོ་རྗེ་ཞེས་པར་སྐྱེས་ནས། དྭགས་པོ་དྭངས་ལུང་ཁྲ་མོ་བྲག་ནས་ཟབ་གཏེར་གདན་དྲངས་ཏེ། རིང་པོར་མ་ལོན་པར་སྐུ་གཤེགས་སོ། །ཆུ་མོ་གླང་ནས་དེང་སང་ཤིང་མོ་ཡོས་ཀྱི་བར་ལོ་སུམ་ཅུ་སོ་དྲུག་ཟབ་གཏེར་ཐོན་ནས་སོང་ལ། ལོ་བཞིར་ནི་གཏེར་སྟོན་ཉིད་ཀྱིས་མཆོད་པར་མཛད་ཅིང་། ལྷག་པར་གཏེར་ཆོས་རྣམས་ཕྱོགས་ཀུན་ཏུ་འཐོར་ཞིང་རྒྱས་སོ། །

དེ་ནས་(༡༠༣)རིན་ཆེན་རྡོ་རྗེ་ཉིད་ཀྱི་ཞུས་ལན་གསེར་ཕྲེང་ལས། དར་ཅིག་ལོངས་སྐུའི་ཞིང་ཁམས་ཉུལ་ཏེ་བུམ་ཐང་ཐར་པ་གླིང་དུ་སྐྱེ་བ་བཞེས་པར་གསུངས་པ་བཞིན་དུ། ལོངས་སྐུའི་ཞིང་ཉུལ་བའི་ཕྱིར་གཡོ་རུ་གྲྭ་ཞེས་བྱ་བའི་ཕུ་སྟོད་གྲོང་དབེན་རྩ་ཞེས་བྱ་བར། ཡབ་སློབ་དཔོན་བསྟན་པ་སྲུང་བ་དང་། ཡུམ་འབྲོ་བཟའ་མོ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ལོ་བདུན་ལ་ཡི་གེ་འབྲི་ཀློག་དང་། བརྒྱད་དང་དགུ་ལ་ཕུར་པ་དང་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་ཕྲིན་ལས་དང་བཅས་པ་མཁྱེན་དུས་ཡུམ་འདས་སོ། །བཅུ་ལ་གུ་རུའི་ཆོས་གཏེར་སྣ་བོ་ལུགས་ཀྱི་སྐོར་ཕྲིན་ལས་དང་བཅས་པ་དང་། བཅུ་གཅིག་ལ་རྒྱ་ནག་པོའི་རྩིས་ལ་ཐུགས་སྦྱོང་དུས་ཡབ་འདས་སོ། །དགུང་ལོ་བཅུ་གསུམ་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་སྟེ་འདུལ་བ་ལ་སྦྱངས་པས། དགུང་ལོ་བཅོ་ལྔ་ལ་གསུང་སྟེ་ལོ་གསུམ་བསྐྱངས་སོ། །དེའི་བར་དུ་འདུལ་བའི་ལུང་ཕྲན་རྣམས་དང་། ཐེག་པ་ཆེ་ཆུང་གི་ཆོས་རྣམས་ལ་ལུང་ནོད་མཛད་དོ། །བཅུ་དགུ་ལ་དཔལ་གསང་ཕུ་ནེའུ་ཐོག་ཏུ་བྱོན་ཏེ། སློབ་དཔོན་ཆེན་པོ་བླ་བྲང་པ་ཆོས་དཔལ་རྒྱལ་མཚན་དང་། གཞོན་ནུ་རིན་ཆེན་ལ་སོགས་པ་ལས་མཚན་ཉིད་ཀྱི་ཐེག་པ་རྣམས་གསན་ཅིང་། ཕ་རོལ་ཏུ་ཕྱིན་པ་དང་། རྒྱུད་བླ་མ་ལ་སོགས་པ་མཁྱེན་པར་མཛད་དེ། ལོ་གསུམ་དུ་ཕྱི་ནང་གི་ཆོས་རྣམས་ལ་ཐུགས་སྦྱོང་དང་ལུང་ནོད་མང་པོ་མཛད་དོ། །དེའི་དུས་སུ་སློབ་དཔོན་གཞོན་ནུ་རྒྱལ་པོ་ལ་སོགས་པ་ལས་དབུ་མ་ཚིག་གསལ་དང་འཇུག་པ་ལ་སོགས་པ་གསན་ནས་མཁྱེན་པར་མཛད་དོ། །གཞན་ཡང་ལུང་དང་། རིག་པ་དང་། སྒྲུབ་སྡེ་དུ་མའི་གཞུང་ལུགས་མང་པོ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཉི་ཤུ་རྩ་ལྔ་པ་ལ་བླ་མ་བཀྲ་ཤིས་རིན་ཆེན་ལ་སོགས་པ་ལས་དཔལ་འཁོར་ལོ་བདེ་མཆོག་དང་། ཀྱེ་རྡོ་རྗེ་ལ་སོགས་པ་གསང་སྔགས་གསར་མའི་དབང་ཁྲིད་གདམས་པ་དང་བཅས་དུ་མ་ལ་ཐུགས་སྦྱངས་སོ། །དེའི་དུས་སུ་ཁྱད་པར་དུ་ལམ་འབྲས་བུ་དང་བཅས་པ། ལམ་རིམ་པ་ལྔ་པ། ནཱ་རོ་དང་(༡༠༤)ནི་གུའི་ཆོས་དྲུག །རྫོགས་ཆེན་སེམས་ཕྱོགས། སྒྱུ་འཕྲུལ་ཞི་ཁྲོ། གཅོད་ཡུལ་ཞི་བྱེད་ལ་སོགས་པ་ལ་ཐུགས་སྦྱོང་མཛད་དོ། །ཉི་ཤུ་རྩ་བདུན་པ་ལ་དཔལ་ལྡན་ཆོས་ཀྱི་རྗེ་ཀུ་མ་རཱ་ཛ་དང་མཇལ་ཏེ། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་དབང་ཁྲིད་གདམས་པ་དང་བཅས་པ་ཐོབ་ཅིང་། ཕྱིས་དེ་ལོ་དབང་གོང་མ་རྒྱུད་ལུང་མན་ངག་དང་བཅས་པའི་གཏད་རྒྱ་བབས་ཏེ། ལོ་གསུམ་གྱི་བར་སྒྲུབ་པ་མཛད་དོ། །སུམ་ཅུ་རྩ་གཅིག་པ་ལ་མཐར་འབྱོན་པར་བཞེད་ནས་སྙེ་ཕུ་ཤུག་གསེབ་ཏུ་ལམ་འགྲོན་པ་གཟིགས་སུ་བྱོན་དུས། སྐལ་ལྡན་གྱི་སློབ་མ་དུ་མས་གསོལ་བ་བཏབ་ནས། རྫོགས་པ་ཆེན་པོ་སྙིང་ཏིག་གི་ཁྲིད་མཛད་དུས་སུ། རྣལ་འབྱོར་པ་འོད་ཟེར་གོ་ཆས་ལོ་རོ་ནས་དཀའ་སྤྱད་ཆེན་པོས་ཞུས་པའི་མཁའ་འགྲོ་སྙིང་ཏིག་གི་དཔེ་ཡོངས་སུ་ཚང་བ་བླ་མ་ལ་གཟིགས་སུ་ཕུལ་དུས། གཟིམ་ལམ་དུ་སྲོག་སྒྲུབ་མས་ཕྱག་དཔེ་གཏད་པ་རྨིས་སོ། །

དེ་ནས་སང་ཕོད་སུམ་ཅུ་རྩ་གཉིས་པ་ཤིང་མོ་ཡོས་ཀྱི་ལོ་དཔྱིད་ཟླ་འབྲིང་པོ་ལ་མཆིམས་ཕུ་རི་མོ་ཅན་གྱི་ནགས་སུ་སྐལ་ལྡན་གྱི་རྣལ་འབྱོར་ཕོ་མོ་བརྒྱད་ལ་རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་གི་གདམས་པ་བཙུགས་ཏེ་སྤྲོས་མེད་ཀྱི་དབང་མཛད་དུས་བྱིན་ཕབ་པས། དཔལ་སྔགས་སྲུང་ཆེན་མོ་རྣལ་འབྱོར་མ་ཞིག་ལ་བབས་ནས་འཁྲབ་པ་ལ། ཐམས་ཅད་ཐེ་ཚོམ་དུ་གྱུར་དུས་བླ་མའི་གསུང་གིས་འདིར་མཁའ་འགྲོ་དངོས་སུ་བབས་པ་ཡིན་པས་ཨའུ་ཙི། ང་སྣང་སེམས་རོ་གཅིག་ཏུ་རྟོགས་པའི་རྣལ་འབྱོར་པ་ཡིན་པས་བར་ཆད་མི་འོང་གསུངས་པ་དང་། བླ་མ་ལ་རྣལ་འབྱོར་མས་ཕྱག་འཚལ་ཏེ། མཆོད་གཏོར་རྣམས་ལ་བལྟས་ནས་རྨ་བྱ་མ་འཛོམ་པ་ལ་ག་རེ་གསུངས་དུས། ཡིད་ཀྱིས་མོས་པ་བྱེད་པ་ཡིན་མོད་གསུངས་པས། བརྡའི་ཆོས་ལ་ཡིད་ཀྱིས་གར་འོང་འདི་མི་དགོས་གསུངས་ནས་བུམ་པ་སྟེང་གི་མཉྫིལ་ནས་གཞོང་དང་བཅས་པ་བོར་ཏེ་བུམ་པ་གསུམ་འབྲེལ་བར་བཞག་གོ། །བླ་མས་ཆོ་གའི་རྣམ་བཤད་ཞིབ་མོར་མཛད་དུས་ཐལ་མོ་སྦྱར་ཏེ་ལེགས་སོ་གསུངས་ཤིང་དབུ་ཁུགས་པ་རེའང་མཛད་དོ། །རིགས་(༡༠༥)དང་ཞེས་པའི་ཡི་གེའི་ས་ཆད་པས། མིན་མིན་རིགས་ཟེར་བ་ཡིན་གསུངས་སོ། །ཨཱ་ལ་སོགས་པའི་ཡི་གེ་བཟླས་དུས་ངའི་ལད་མོ་གྱིས་ཟེར་ནས་མཁའ་འགྲོའི་སྐད་དུ་སྔགས་རྣམས་འབྲེལ་ལ་མ་འདྲེས་པའི་གདངས་སྙན་པོ་བྱུང་ངོ་། །དངོས་གཞིའི་ཚིག་བརྒྱད་ཀྱི་སྐབས་སུ་བསྒོམ་དུ་མེད་པའི་ཆད་པའང་གསོས་ཏེ། བློ་སྒོམ་དང་བྲལ་ན་དགའ་བ་ལ། །སྒོམ་བློ་དང་བྲལ་ན་ཨ་རེ་སྐྱིད། །ཟེར་ཞིང་གླུ་བླངས་སོ། །མཆོད་པ་ངན་པ་ལའང་འདིས་མི་འོངས་གསུངས་ཤིང་མཆོད་དབྱངས་སྙན་པོའང་མཛད་དེ། ཚོགས་ཀྱི་དུས་སུ་བླ་མ་ལ་བདུད་རྩི་གསོལ་ཞལ་ཆེ་བ་བཀང་ནས་དྲངས་དུས། འདི་མཁའ་འགྲོའི་དམ་རྫས་ཡིན་པས་ཅིས་ཀྱང་བརྟེན་དགོས་གསུངས་ནས་ལྷག་མ་མ་ལུས་པར་དྲངས་སོ། །དེ་དུས་རྣལ་འབྱོར་པ་རིན་ཆེན་འོད་འཕྲོས། དཔལ་མགོན་པོ་མཐིང་ནག་རྒྱན་ཆ་རྫོགས་པའང་མཐོང་ངོ་། །དེ་ནས་ནམ་ལངས་ཀྱི་བར་མཁའ་འགྲོའི་བྱིན་རླབས་ཁྱད་པར་ཅན་བྱུང་ངོ་། །

དེ་ནས་ཁྲིད་མ་ཐོན་གྱི་བར་ལ་རྣལ་འབྱོར་ཕོ་མོ་ཐམས་ཅད་ཉམས་འུར་ཏེ་གླུ་ལེན་བྲོ་བརྡུངས། ཉིན་མཚན་ཐམས་ཅད་དུ་ཤེས་པ་བདེ་གསལ་མི་རྟོག་པའི་ཉམས་འབར་ཞིང་། གཉིད་སོང་བའི་རྨི་ལམ་མེད། མ་སོང་བའི་སད་རྒྱུ་བྱུང་ངོ་། །དེ་དུས་ཉི་ཤུ་བཞི་ལ་རྣལ་འབྱོར་པ་འོད་ཟེར་གོ་ཆ་ཡང་གཅིག་པུ་གསེར་ཞོ་དོའི་མཎྜལ་དང་བཅས་པ་བླ་མའི་དྲུང་དུ་ཕྱིན་ནས་ཕུལ་ལོ། །དེ་ནུབ་རྣལ་འབྱོར་མ་གཞན་ཞིག་གིས་བླ་མའི་དྲུང་དུ་སྐྱེས་པ་ལོ་བརྒྱད་ལོན་པ་ཕོད་ཀ་སྨུག་ནག་ཅན་རིགས་ལྔའི་དབུ་རྒྱན་གསོལ་ཞིང་བྷནྡྷ་དང་ཕུར་པ་ཐོགས་པ་མཁའ་འགྲོ་བཞིས་བསྐོར་བ་མཐོང་ངོ་། །ཉི་ཤུ་ལྔའི་ཉི་མ་ཕྱེད་ཡོལ་ན་རྣལ་འབྱོར་མས་ནམ་མཁའི་དཀྱིལ་ན་ཡེ་ཤེས་མགོན་པོ་མཁའ་འགྲོ་ལྔས་བསྐོར་བ་བྱོན་པ་མཐོང་ངོ་། །དེ་དུས་ནམ་མཁའ་ཐམས་ཅད་མཁའ་འགྲོས་གང་བ་སྣང་ངོ་། །ཉི་མ་ནུབ་མཚམས་སུ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་གཟིམ་ཆུང་ན་བུད་མེད་ལོ་བཅོ་ལྔ་ཙམ་ལོན་པ་དཀར་དམར་མཐིང་གསུམ་རྒྱན་ཐམས་ཅད་ཀྱི་བརྒྱན་པའང་མཐོང་ངོ་། །ཡང་སྔགས་པ་བྲོ་བརྡུངས་(༡༠༦)པ་དང་། བུད་མེད་རྒྱན་ཆས་བཀླུབས་པ་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་དུ་བུད་མེད་སྐྲའི་ལན་ཚར་རྟིང་པར་སླེབས་པ་གཟུགས་ཤིན་ཏུ་རིང་བ་གཅིག་བླ་ཡེ་ན་འདུག་པ་དང་། ཆོས་ར་ན་སྐྱེས་པ་དཀར་སངས་པ་རྒྱན་ཅན་ལྔ་བྲོ་བརྡུངས་པ་ལ་འཁོར་དཔག་ཏུ་མེད་པས་ས་དང་བར་སྣང་གང་བར་མཐོང་ངོ་། །བྱིས་པ་སེ་རལ་ཅན་གསུམ་ཡང་རྫུ་འཕྲུལ་སྟོན་པ་དང་། བུད་མེད་དཀར་མོ་གསེར་གཡུ་དར་ཟབ་ཀྱིས་བརྒྱན་པ་གཅིག་གིས་བླ་མའི་དབུ་ཐོག་ན་རྨ་བྱའི་གདུགས་ཆེན་པོ་འཛིན་པ་མཐོང་ངོ་། །དེ་ནུབ་ཚོགས་འཁོར་གྱི་དུས་སུ་བུད་མེད་ནག་མོ་གཅིག་གིས་ཀྱང་དེ་བཞིན་དུ་གདུགས་འཛིན་པ་མཐོང་ངོ་། །ཉིན་མཚན་དུ་རྒྱལ་མཚན་སྣ་ཚོགས་པ་འཛིན་མཁན་མེད་པར་རོང་ངེར་ཡོད་པས་དར་གྱི་འཕན་ལྡིར་ཕྱར་རེ་མཐོང་ངོ་། །དེའི་ཉི་མ་ནུབ་ཁར་རྣལ་འབྱོར་མ་ཞིག་གི་དངོས་སྣང་དུ། སྐྱེས་པ་བེར་སྨུག་དང་རིགས་ལྔའི་དབུ་རྒྱན་ཅན་མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བ་བླ་ཡེ་དང་བར་སྣང་ཁེངས་པ་ལ། མུན་སྲོས་དུས་དབང་ཁང་དུ་འགྲོ་བ་མཐོང་ནས་རྣལ་འབྱོར་མས་གར་བྱས་སོ། །ཡང་རྣལ་འབྱོར་མ་ཞིག་གིས་མི་ནག་པོ་ཆེན་པོ་གཅིག་དང་། སྔགས་པ་མཐིང་ནག་མཁའ་འགྲོ་སྡེ་ལྔས་བསྐོར་བ་གླུ་ལེན་པ་མང་པོ་ནམ་མཁའ་ནས་དབང་ཁང་དུ་བྱོན་པ་མཐོང་ནས་ཚོགས་གཏོར་བཤམས་ཟེར་དུས། བླ་མས་གཟིམ་ཆུང་ནས་ཚོགས་གཏོར་ཤོམས་ཤིག་གསུངས་ཏེ་བཤམས་པས་བུད་མེད་ནག་མོ་གཅིག་ཕྱེ་ཕུད་ཉམས་ཟེར་བ་དང་། མི་དཀར་པོ་གཅིག་ངའི་གཏོར་མ་ན་ཤ་མི་འདུག་ཟེར་བ་ལ་བལྟས་པས་དམ་ཅན་གྱི་གཏོར་མ་ན་ཤ་ཆད་པ་སླར་གསོས་སོ། །དར་ཅིག་ན་རྟ་དཀར་མི་དཀར་ཅན་གཅིག་གཏོར་མ་འདོད་པ་ལ་དམར་གཏོར་བྱིན་པ་མི་ལེན་པར་སོང་བ་ཇོ་བོ་ལྡང་ལྷར་སྣང་ངོ་། །བླ་མ་ཁྲི་ལ་བཞུགས་དུས་ས་གཞི་བར་སྣང་མཁའ་འགྲོས་གང་བ་ཀུན་ཕྱག་འཚལ་ཞིང་མོས་པ་བྱེད་ཅིང་། ཚོགས་གཏོར་གྱི་མགྲོན་རྣམས་ཐམས་ཅད་ནམ་མཁར་བྱོན་པ་ལ་ཚོགས་གཏོར་བསྔོས་ནས་དར་ཅིག་ན་སྲོད་ཕྱེད་ལ་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་ཐོས་པར་མཁའ་འགྲོས་ཧཱུྃ་སྒྲ་དང་། (༡༠༧)ཕཊ་སྒྲ་དང་། བསོ་སྒྲ་དང་། འུར་སྒྲ་དང་། སིལ་ཆོམ་མང་པོ་བྱུང་ཞིང་། གློ་བུར་དུ་བག་དྲོ་འུར་འུར་ལུས་ཚ་ཆིལ་ཆིལ་ཤེས་པ་སྐྱི་ཟིང་ཟིང་བུན་བུན་ཕྱོད་ཕྱོད་བྱུང་བས། རྣལ་འབྱོར་པ་ཞིག་ན་རེ་དོ་ནུབ་གནམ་ས་ལིང་ལོགས་པ་ཤ་དུམ་ཁྲག་དུམ་བྱེད་ལས་ཆེ་ཟེར་ནས་སྐྲག་གོ། །དར་ཅིག་ན་ཡང་རྣལ་འབྱོར་མ་ཞིག་གིས་ས་གཞི་བར་སྣང་ཐམས་ཅད་མཁའ་འགྲོའི་སྤྲིན་ཕུང་འཐིབས་ཏེ་ཆི་ལི་ལི་འབྱོན་པ་མཐོང་ནས་ཚོགས་གཏོར་བསྔོས་སོ། །

དེ་ནས་དར་ཅིག་ན་རྣལ་འབྱོར་མ་རལ་པ་སྤྲུགས་ཤིང་འདུག་དུས་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་ཅིག་གིས་ནམ་མཁའ་ཁེངས་པ་ཐིམ་པ་སྙམ་བྱེད་ནས་འཁྲབས་སོ། །ཡོང་བར་ཡོད་ཡོང་བར་ཡོད་གསུངས་པ་ལ། ཅི་ཡོང་དྲིས་པས། སང་གནང་ལ་བར་ཆད་ཡོང་བར་ཡོད། མིན་ན་ཡར་འགྲོན་མང་པོ་ཡོད་གསུངས་པ་ལ། སུ་བྱུང་དྲིས་པས། སྨན་མོ་མཆེད་བདུན་དཀར་ལ་གཞོན་ཤ་ཆགས་པ་ཟ་འོག་གི་ན་བཟའ་ཅན་གསེར་གཡུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་འཁོར་སྨན་མོ་དཔག་ཏུ་མེད་པས་བསྐོར་བ་བྱུང་། ད་རུང་འབྱུང་ངོ་། །འོ་དེ་གུང་རྒྱལ་མི་ནག་རྟ་ནག་ཅན་བེར་ནག་མདུང་ནག་ཅན་རལ་པ་གཡས་གཡོན་དུ་འཁྱིལ་པའི་ལ་ཐོད་ཡོད་པ་འཁོར་ཡང་དེ་འདྲ་བ་མང་པོས་བསྐོར་བ་བྱུང་ངོ་། །ད་རུང་འབྱུང་ངོ་། །གཉན་ཆེན་ཐང་ལྷ་རྟ་དཀར་མི་དཀར་ཅན་འཁོར་ཡང་དེ་འདྲ་བ་དུ་མས་བསྐོར་བ་འདུག་གོ་གཏོར་མ་བྱིན་ཅིག་གསུངས་པ་ལ། གཏོར་མ་ཡང་ཕུལ་ལོ། །རྣལ་འབྱོར་མའི་ཞལ་ནས། ང་གསར་དུ་འོངས་པ་ལ་གཏོར་མ་མི་སྟེར་བ་ཨེ་ཡིན་གསུང་དུས། སུ་ཡིན་དྲིས་པས། ང་བླ་མའི་ཡི་དམ་རྡོ་རྗེ་ཕག་མོ་ཡིན་ཟེར་དུས། རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་བུད་མེད་མཐིང་ནག་གཞན་བས་ཆེ་བ་རུས་པས་བརྒྱན་པ་རིན་པོ་ཆེ་དང་རུས་པའི་དྲ་བས་བརྒྱན་པར་མཐོང་ནས། ཁྱེད་རྣམས་ཀྱིས་འདི་ཅིར་མཐོང་ཟེར་ནས་བཤད་དོ། །

དེ་ནས་བླ་མས་དྲིས་པ། ཁྱེད་འདིར་ཅི་ལ་བྱོན། བླ་མ་དམ་པ་སྐུ་ཁམས་བཟང་ངམ། རྣལ་འབྱོར་མས་སྨྲས་པ། དོ་ནུབ་དུས་གཉན་པས་ལས་ཅན་གྱི་སློབ་མ་ཉུལ་དུ་འོང་། བླ་མ་སྐུ་ཁམས་བཟང་ཟེར་རོ། །(༡༠༨)འོ་ན་ད་ལོ་བླ་མ་སྐུ་ཆག་ཆེ་བ་ཨའུ་ཙིའམ་དྲིས་པས། སངས་རྒྱས་ཀྱི་རྣམ་འཕྲུལ་ལ་བར་ཆད་ག་ན་ཡོད། གདུལ་བྱ་ལ་དགོངས་པ་ཡིན་མོད། བི་མ་ལ་བོད་ཡུལ་དུ་བྱོན་པ་མི་ཤེས་སམ་གསུངས། འོ་ན་ཇི་ཙམ་བཞུགས། ད་ནས་ལུག་ལོ་ཕྱི་མའི་བར་བཞུགས། དེ་ནས་གདུལ་བྱ་དང་བསྟུན་པས་ངེས་པ་མེད། འོ་ན་ང་བླ་མས་གཞན་དོན་ལ་བསྐུལ་བ་དེ་ཁྱེད་ཀྱིས་བསྐུལ་བ་ལགས་སམ་དྲིས་པས། འོ་འོ་དེ་ཀ་དེ་ཀ་ཟེར་དུས། ངས་གཅིག་པུར་བསྡད་ནས་འོད་ལུས་བསྒྲུབ་བམ། གཞན་དོན་བྱས་ན་སེམས་ཅན་ལ་ཕན་ཐོགས་ཡོང་། ད་ཇི་ཙམ་ཐུབ་དྲིས་པས། འོད་ལུས་འགྲུབ་ཀྱང་སེམས་ཅན་ལ་ཕན་འདོགས་དགོས། གཞན་དོན་འུར་འུར། ད་ལོ་ནས་བཟུང་སྟེ་ལོ་སུམ་ཅུ་ཐུབ་གསུངས་སོ། །དེ་དུས་རྣལ་འབྱོར་པ་འོད་ཟེར་གོ་ཆ་ན་རེ་སྐུ་ཚེ་རིང་བར་འདུག་ཞུས་པས། བླ་མའི་ཞལ་ནས་མཁའ་འགྲོའི་འདི་ལ་གཟའ་གཏད་མེད། ཟླ་བ་དང་། ཞག་ལ་ལོར་བརྩི་བའང་སྲིད་པས་གང་ཡིན་མི་ཤེས་གསུངས་སོ། །ཡང་བླ་མས་ང་ལ་བཀའ་སྲུང་ཇི་ཙམ་ཡོད་དྲིས་པས། མང་མང་བླ་མའི་ཐམས་ཅད་ཁྱེད་ལ་ཡོད། ཁྱད་པར་དུ་རྡོ་རྗེ་གཡུ་སྒྲོན་མ་ཡིན་ཟེར་རོ། །འགྲོ་དོན་ས་ཕྱོགས་ག་ན་ཡོད་དྲིས་པས། ལྷོ་ནུབ་ཕྱོགས་ན་ཡོད། དེ་ཡང་གྲྭ་དང་གྲྭ་ཕྱི་དང་འཕྲེང་པོ་ཕྱོགས་ན་ཡོད། འོ་ན་ངས་གཞན་ལ་ཕན་ངེས་སམ་དྲིས་པས། ད་ནས་བཟུང་ནས་འུར་འུར། ཚེ་ཕྱི་མ་དེ་བས་ཀྱང་འགྲོ་དོན་རྒྱ་ཆེ་གསུངས། ཕྱི་མ་ག་ན་ཡོད་དྲིས་པས། ལྷོ་བྲག་ཕྱོགས་དང་། མོན་བོད་རྒྱ་གར་གྱི་མཚམས་ན་རྒྱ་ཆེ་རྒྱ་ཆེ་གསུངས། མོན་བུམ་ཐང་ཡིན་ནམ་དྲིས་པས། འོ་འོ་དེ་ཀ་དེ་ཀ་གུ་རུ་ཟེར་བ་ལ་དྲི་མེད་འོད་ཟེར་ཡིན་པ་ལ་གསུངས་དུས། མཁའ་འགྲོ་སྙིང་ཐིག་ནས་བཤད་པ་དེ་ཡིན་ནམ་དྲིས་པས། འོ་འོ་དེ་ཀ་དེ་ཀ་མ་ནོར་མ་ནོར་གསུངས་སོ། །འོ་ན་མཁའ་འགྲོ་སྙིང་ཏིག་ནས་ཇི་སྐད་བཤད་པའི་དབང་ཁྲིད་ད་ལྟ་གདབ་ཏུ་རུང་ངམ་དྲིས་པས། ཁྱེད་རང་གི་ཡིན་པ་ལ་ལོས་ལོས་ཟེར་རོ། །མི་རྣམས་ཀྱིས་ཟོག་པོར་འཛིན་དུ་མི་ཡོང་ངམ་དྲིས་པས། མིའི་ཁ་ལ་རྒྱུ་མཚན་ཅི་ཡོད། སྐལ་ལྡན་རྣམས་ངེད་ཀྱིས་སྡུད་སྐལ་མེད་སྨྲ་མཁན་མེད་ཀྱང་མི་འདུ། སངས་རྒྱས་ལའང་སྐུར་པ་འདེབས་པ་ཟེར་རོ། །འོ་ན་སྙིང་ཏིག་གི་ཆོས་བཀའ་གང་དུ་འབྱེད་རྡོ་རྗེ་གཡུ་སྒྲོན་གྱིས་གནས་(༡༠༩)སུ་འབྱེད་དམ་དྲིས་པས། འདི་ན་མཁའ་འགྲོ་རང་བཞིན་གྱིས་འདུ་བས་འདིར་འབྱེད་དགོས་ཟེར་རོ། །བུམ་ཐང་གི་གཏེར་ཁ་དེ་ཚེ་འདི་ལ་ཐོན་ནམ་དྲིས་པས། དམ་ཚིག་ཤིན་ཏུ་གཙང་བའི་སློབ་མ་གསུམ་བཞི་ཙམ་ཡོད་ན་ཐོན་ཟེར་རོ། །ད་ལྟ་ཡོད་དམ་དྲིས་པས། མེད་སྔགས་པ་དཀར་སངས་ཤ་ནི་བསྲབ་ལ་ཤིན་ཏུ་མཛེས་པ་ཅིག་འོང་། དེ་དུས་ཐོན་ཟེར་རོ། །གཏེར་ཡིག་དྲིས་པས། དེ་དུས་ལུང་སྟོན་མཁན་རེ་ཡོང་དྲི་མི་དགོས་གསུངས་སོ། །གཏེར་སའི་བྲག་དྲིས་པས། བུམ་ཐང་གི་གཞུང་ཆུ་ལྷོ་ནུབ་ལ་བབས་པའི་ལུང་པ་ཟད་དུ་ཉེ་བའི་ཤར་ངོས་ཀྱི་བྲག་མཐའ་པི་ཝང་གྱེན་དུ་བསླངས་པ་ལྟ་བུའི་མགོ་ཕྱིར་གྱེད་ལ་སོང་བའི་མགུལ་མཚམས་ན་ཚུར་འོངས་པའི་གད་མཆུའི་སྟེང་ན་ཤིང་ལོ་སྟག་མ་ལྟར་ཡོད་པ་ནས་ཐག་པ་བཏགས་ནས་འདོམ་བཅུ་གཉིས་སོང་བ་ན་བྲག་གྲུ་བཞི་ཟོ་ཐབས་སུ་ཡོད་པའི་དཀྱིལ་སྨད་སེར་ཀ་གྲུ་གསུམ་ཡོད་པ་ན་འདུག་ཟེར་རོ། །

ང་དང་སློབ་དཔོན་ཆེན་པོ་ནམ་མཇལ་དྲིས་པས། ལུང་གསུམ་གྱི་ཕུ་རི་གསུམ་གྱི་མདའ་བྲག་ཆུང་ངེ་བ་ཁ་ལྷོ་ནུབ་ཏུ་ལྟ་བ་བྲག་གསུམ་པ་དེའི་གཡས་ཟུར་གྱི་འོག་ཏུ་མཇལ་ནས་ལུང་སྟོན་གསུངས་སོ། །བི་མ་ལ་དང་ནམ་མཇལ་དྲིས་པས། མཇལ་ཟིན་འདུག་པ་ལ་ཟེར་རོ། །ངས་རྟོགས་པ་འདི་སྙིང་ཏིག་གི་དོན་མཐར་ཐུག་པ་ཡིན་ནམ་དྲིས་པས། མཐར་ཐུག་གོ་ཟེར་རོ། །གཏེར་ཁ་གཞན་དྲིས་པས་འདི་ནས་ནུབ་བྱང་མཚམས་ན་བྲག་རི་ཤིན་ཏུ་མཐོ་བ་མདུང་རྩེ་གྱེན་དུ་གཟིངས་པ་འདྲ་བའི་ངོས་ནས་ཐོན་ཏེ་དེར་མི་བཞུད་གསུངས་སོ། །འོ་ན་ཤར་ཕྱོགས་ཁྲ་མོ་བྲག་གི་གཏེར་ཁ་དེངས་ཐོན་ནམ་མི་ཐོན་དྲིས་པས། ཐོན་ཟིན་འདུག་པ་ཟེར་རོ། །རྣལ་འབྱོར་པ་འོད་ཟེར་གོ་ཆས་སྤ་སྒང་པ་རིན་ཆེན་རྡོ་རྗེ་དེ་ག་ན་ཡོད་དྲིས་པས། སྤ་སྒང་པ་རིན་ཆེན་རྡོ་རྗེ་ཞེས་དར་ཅིག་མི་གསལ་བ་ལས། སློབ་དཔོན་རིན་རྡོར་དྲིས་པས། ལགས་ལགས་འོ་དེ་ཁོང་ཡིན་འདི་ན་བཞུགས་འདུག་པ་གསུངས་ནས་མཛུབ་མོ་བཙུགས་སོ། །བླ་མས་དྲིས་པ། ཁོང་སྐྱེ་བ་དེའི་འོག་ཏུ་བུམ་ཐང་དུ་སྐྱེ་བར་གསུངས་པ་ལ་དེ་ཀ་ན་ཡིན་གསུངས་པས། སྐྱེ་བ་དེའི་འོག་ཏུ་ལོངས་སྐུའི་ཞིང་དར་ཅིག་ཉུལ་ནས་བུམ་ཐང་དུ་སྐྱེ་བ་ལས་དེ་ཀ་ལྟར་སྐྱེ་བ་མིན། ད་ལྟ་ཁྱེད་རང་(༡༡༠)ལོངས་སྐུའི་ཞིང་ཉུལ་བ་ཡིན་ཟེར་རོ། །ད་ལྟ་ལོངས་སྐུའི་ཞིང་ཉུལ་བའི་རྒྱུ་མཚན་གང་ཡིན་དྲིས་པས། སློབ་དཔོན་རིན་རྡོར་གྱིས་གཏེར་ཐོན་དུས་ལོ་འགར་གསང་ནས་སྒྲུབ་པ་མཛད་ན་རང་དོན་དུ་འོད་གསལ་ལོངས་སྐུའི་ཞིང་ཉུལ་གྱིས་རྩལ་སྦྱོང་དང་སྙིང་ཏིག་གིས་གཞན་ལ་ཕན་འདོགས་འོངས་པ་ལ། མ་གསང་བས་སྐུ་ཚེ་ཚད་དུ་མ་ཕྱིན་པར་ད་ལྟ་སྐྱེས་དུས་འོད་གསལ་འཇའ་ཚོན་གྱི་སྣང་བ་སྒོམ་ཞིང་ཉམས་སུ་ལེན་པ་ལ་ལོངས་སྐུའི་ཞིང་དར་ཅིག་ཉུལ་བར་བཏགས་པ་ཡིན། དེ་གཞན་གྱིས་དགོངས་པ་ལེན་མ་ཤེས་པ་ཡིན། ལུང་བསྟན་པ་གསུངས་པ་དེ་ད་ལྟའི་ཚེ་འདི་ལ་དགོངས་པ་ལགས་ཟེར་རོ། །ངས་ལྷག་མེད་གར་འགྲུབ་དྲིས་པས། གཅིག་པུར་བསྒོམས་ན་ད་ལྟ་འགྲུབ། གཞན་དོན་མཛད་པས་བར་དོར་གྲོལ་ནས་སྤྲུལ་པས་བུམ་ཐང་དུ་སྐྱེ་བ་བླངས་ཏེ། རྫུ་འཕྲུལ་མང་པོ་བསྟན། གཞན་དོན་བྱས་ནས་སྤྲུལ་པ་དེ་ཡང་མཁའ་འགྲོ་མ་ལྔས་བསྐོར་ནས་མ་ག་ཏ་རྡོ་རྗེ་གདན་གྱི་ནུབ་བྱང་ཨོ་རྒྱན་གྱི་ཡུལ་དུ་གཤེགས་ནས་འཚང་རྒྱ་བའི་ཚུལ་སྟོན་གསུངས་སོ། །སློབ་དཔོན་རིན་རྡོར་གང་ལ་གྲོངས་ལོ་དུ་སོང་དྲིས་པས། ཀེག་ལ་གྲོངས་ལོ་སུམ་ཅུ་སོ་གཉིས་སོང་གསུངས་སོ། །ངས་སྙིང་ཏིག་གང་གིས་ཕན་ཐོགས། བི་མ་ལའི་སྙིང་ཏིག་དང་མཁའ་འགྲོ་སྙིང་ཏིག་ལོ་དུ་གནས་དྲིས་པས། གཉིས་ཀས་ཕན་ཐོགས་བི་མ་ལ་རྒྱ་ཆེ། བི་མ་ལ་ལོ་བརྒྱ། མཁའ་འགྲོ་སྙིང་ཏིག་ལོ་ལྔ་བརྒྱར་གནས། ད་ལོ་ནས་མགོ་བརྩམས་པ་ཡིན་ཟེར་རོ། །དེ་དུས་རྣལ་འབྱོར་ཕོ་མོ་རྣམས་ཀྱི་ཚེ་དང་ཕན་འདོགས་ཀྱང་ལུང་བསྟན་ནས། དར་ཅིག་ན་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱི་སྣང་བ་ལ་ནམ་མཁའི་དཀྱིལ་ནས། བུད་མེད་དཀར་མོ་ཟ་འོག་གི་ན་བཟའ་དང་དར་ཐོད་ཅན་གསེར་གཡུས་བརྒྱན་པ་ཞིག་བྱུང་ནས་བླ་མ་ལ་ཐིམ་པ་མཐོང་དུས། བླ་མ་བཞེངས་ཏེ་ངས་སྔར་མི་ཤེས་པའི་རྡོ་རྗེའི་གླུ་ཞིག་བྱའོ་གསུངས་ནས་མགུར་བཞེངས་པ།

ལྷུན་གྲུབ་གདོད་ནས་སྟོང་པ་ཀ་དག་དང་། །བདེ་གཤེགས་ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ་བསྟོད། །སེམས་ཉིད་སྤྲོས་དང་བྲལ་བ་ཆོས་ཉིད་ངང་། །གཏི་མུག་རང་སར་དག་པའི་ངོ་བོ་ཉིད། །རྣམ་སྣང་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་(༡༡༡)སངས་རྒྱས་རིགས་ལ་གསོལ་བ་འདེབས། །སྐྱེ་མེད་བསམ་ཡུལ་འདས་པའི་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །རིག་རྩལ་འཆར་གཞི་མ་འགགས་མེ་ལོང་ངང་། །ཞེ་སྡང་རང་སར་གྲོལ་བའི་ངོ་བོ་ཉིད། །མི་བསྐྱོད་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་རྡོ་རྗེའི་རིགས་ལ་གསོལ་བ་འདེབས། །འགྱུ་བ་སྟོང་གསལ་འཛིན་མེད་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །བླང་དོར་དགག་སྒྲུབ་མེད་པ་མཉམ་ཉིད་ངང་། །ང་རྒྱལ་རང་སར་དག་པའི་ངོ་བོ་ཉིད། །རིན་འབྱུང་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་རིན་ཆེན་རིགས་ལ་གསོལ་བ་འདེབས། །ཐམས་ཅད་ཕྱམ་བརྡལ་གནས་ལུགས་མཉམ་པ་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །བདེ་སྟོང་དབྱིངས་སུ་ནུབ་པ་ཀུན་རྟོགས་ངང་། །འདོད་ཆགས་རང་སར་དག་པའི་ངོ་བོ་ཉིད། །འོད་དཔག་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་པདྨའི་རིགས་ལ་གསོལ་བ་འདེབས། །བདེ་སྟོང་གཟུང་འཛིན་ནུབ་པའི་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །རིག་པ་ཐལ་བྱུང་རང་གྲོལ་བྱ་གྲུབ་ངང་། །ཕྲག་དོག་རང་སར་དག་པའི་ངོ་བོ་ཉིད། །དོན་གྲུབ་ནང་ན་ཡོད་དེ་ཕྱི་ན་མེད། །བདེ་གཤེགས་ལས་ཀྱི་རིགས་ལ་གསོལ་བ་འདེབས། །གང་ཤར་ཤུགས་འབྱུང་འགགས་མེད་གནས་ལུགས་ཉིད། །རང་ཤར་རང་ངོ་ཤེས་པར་བྱིན་གྱིས་རློབས། །དུས་དོ་ནུབ་མར་གྱི་ཚེས་བཅུ་ལ། །མཁའ་འགྲོས་ལུང་བསྟན་མཛད་པའི་དུས། །རྟེན་འབྲེལ་ནང་དུ་འཛོམ་པའི་རྟགས། །དད་ལྡན་དམ་ཚིག་གཙང་བའི་རྟགས། །འགྲོ་དོན་ཕྱོགས་མེད་འབྱུང་བའི་རྟགས། །འཁོར་བའི་རྒྱ་མཚོར་བརྒལ་བའི་རྟགས། །དགའ་བོ་སྐྱིད་དོ་དག་པའི་ཞིང་། །འོད་གསལ་སྣོད་ཀྱི་འཇིག་རྟེན་འདི། །འོག་མིན་གནས་སུ་སླེབས་པ་བཞིན། །ཐམས་ཅད་ལྷ་དང་ལྷ་མོའི་ངང་། །རང་རིག་མྱ་ངན་འདས་པ་སྙམ། །བླང་དོར་དགག་སྒྲུབ་ཞིག་པ་སྙམ། །རེ་དོགས་འཕྲང་ལས་འདས་པ་སྙམ། །སྲིད་གསུམ་ཡེ་ནས་གྲོལ་བ་སྙམ། །འཕྲོ་འདུའི་རྣམ་རྟོག་འོད་ལྔར་ནུབ། །འོད་ལྔའི་སྣང་བ་གདོད་མར་ནུབ། །སྣང་སེམས་གཞི་བྲལ་ཆོས་སྐུའི་ངང་། །ཚེ་འདི་ཡང་བདེ་སྟེ་ཕྱི་མ་བདེ། །བར་དོར་རང་ངོ་ཤེས་པས་བདེ། །ད་ནི་བདེ་ནས་བདེ་བར་འགྲོ། །གླུ་མཆོད་པར་འབུལ་ལོ་དཀོན་གསུམ། །ཐུགས་དགྱེས་པར་མཛོད་ཅིག་མཁའ་འགྲོའི་ཚོགས། །ཞེས་བྲོ་བརྡུངས་ནས་དར་ཅིག་ན་གནམ་སྒོ་ན་ཡར་བུད་མེད་དམར་མོ་རིན་པོ་ཆེའི་བརྒྱན་པ་ཞིག་རེས་གསུམ་དུ་སྣང་བ་འགས་མཐོང་བ་ལ་བསུ་བ་བྱས་པ་དང་། བླ་མ་ལ་ཐིམ་མོ། །དཀར་མོ་གཅིག་ཀྱང་དེ་བཞིན་དུ་བྱོན་ནས་ཐིམ་དུས། ས་གཞི་བར་སྣང་ཐམས་ཅད་མཁའ་འགྲོས་གང་བར་མཐོང་ངོ་། །དེའི་དུས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཕོད་ཀ་སྨུག་ནག་དང་རིགས་ལྔའི་དབུ་རྒྱན་གསོལ་ནས་རྡོ་རྗེ་དྲིལ་བུ་བསྣམས་པ་དཀར་གསལ་འོད་ལྔའི་དབུས་ན་བཞུགས་པ་ལ། རེས་དཀར་དམར་མཐིང་གསུམ་མཐོང་ནས་རྣལ་འབྱོར་མས་ཅོད་པཎ་བཏགས་ཏེ་བདུད་རྩི་དྲངས་དུས། ཐམས་ཅད་ལ་གཏོར་མ་མགོ་ཐོག་ཏུ་བཞག་ནས་ལུང་བསྟན་པ་དང་། མཁའ་འགྲོའི་སྣང་བ་བྱུང་ཚུལ་རྣམས་སུ་ལའང་མི་བཤད་པའི་མནའ་བསྒགས་ནས་དར་ཅིག་ན། བུད་མེད་མཐིང་ནག་རྒྱན་གྱིས་བརྒྱན་པ་ཅིག་ལ་དེ་འདྲ་བ་དཔག་ཏུ་མེད་པས་བསྐོར་བ་ནམ་མཁའ་ན་ཚུར་བྱོན་ནས་བླ་མའི་སྐུ་ལ་ཐིམ་པ་རྣལ་འབྱོར་མ་འགས་མཐོང་ངོ་། །

དེ་ནས་ནམ་ལངས་སུ་ཉེ་བ་ན་ཐམས་ཅད་ན་རེ་ནམ་ལངས་སུ་ཉེ་མཁའ་འགྲོ་ཡང་གྱེས་ལས་ཆེ་ཟེར་བ་ལ། རྣལ་འབྱོར་མ་སྔོ་སངས་ཞིག་ཉམས་འུར་ནས་འཁྲབ་པས། མཁའ་འགྲོ་སྤྲིན་ལྟར་འཐིབས་པ་འདི། །དྲིན་ཅན་བླ་མའི་གྲུབ་རྟགས་ཡིན། །ཆོས་སྐྱོང་བྲན་ལྟར་ཁོལ་བ་འདི། །དྲིན་ཅན་བླ་མའི་ཕྲིན་ལས་ཡིན། །འགྲོ་དྲུག་བུ་བཞིན་སྐྱོང་བ་འདི། །དྲིན་ཅན་བླ་མའི་ཐུགས་རྗེ་ཡིན། །ཉམ་ཆུང་མཐོ་རིས་འདྲེན་པ་འདི། །དྲིན་ཅན་བླ་མའི་བྱང་སེམས་ཡིན། །ཅི་ཡོད་ཆོས་ཕྱོགས་གཏོང་བ་འདི། །དྲིན་ཅན་བླ་མའི་རྣམ་ཐར་ཡིན། །ཟེར་རོ། །དེ་ནས་ཉི་ཤུ་དྲུག་གི་དྲོ་ཁར་རྣལ་འབྱོར་མ་བླ་ཡེར་ཉལ་དུས། སྐྱེས་པ་ལོ་བཅོ་བརྒྱད་ལོན་པ་ཕོད་ཀ་ཅན་དང་། བུ་མོ་ལོ་བཅུ་དྲུག་མ་ཤིན་ཏུ་མཛེས་པ་ཞིག་དང་། མཁའ་འགྲོ་མང་པོ་བར་སྣང་ལ་འཆམ་པོ་མཛད་པ་མཐོང་ནས། ཆོས་གསུངས་ཏེ་དེ་རྣམས་ཉན་ཅིང་བླ་མ་ལོངས་སྐུའི་ཆ་ལུགས་སུ་མཐོང་ངོ་། །མཚན་དུས་རྣལ་འབྱོར་མ་འགའ་གཟིམ་ཆུང་ན་ཡོད་དུས། བུད་མེད་སྐྲའི་གོས་ཅན་རལ་པས་གནམ་(༡༡༣)ས་ཁེབས་པ་རིན་པོ་ཆེའི་བརྒྱན་པ་ཞིག་དང་། སྔགས་པ་དཀར་པོ་ཞིག་དང་། བཀའ་སྲུང་གི་རིགས་མོན་པ་དང་། ཨ་ཙ་རའི་རྣམ་པ་མང་པོ་གཏོར་མ་ལེན་དུ་བྱོན་དུས། རྣལ་འབྱོར་པ་འོད་ཟེར་མཐའ་ཡས་བྲེད་དེ་འདི་ན་ཚུར་བྱུང་ངོ་ཟེར་རོ། །དེ་ནས་སང་ཉི་ཤུ་བདུན་ཁྲིད་འཆད་དུས། སྔར་གྱི་སློབ་མ་དམ་ཚིག་ཉམས་པ་ཞིག་བྱུང་བས། གྲིབ་ཀྱིས་ཐམས་ཅད་སྐད་འགགས་རིག་པ་མི་གསལ་ཏེ་སང་གནངས་བར་ཆད་འོང་ཟེར་བ་དེ་ཡིན་པར་སྣང་ངོ་། །དོ་ནུབ་སྲོད་ལ་བླ་མའི་དྲུང་དུ་བུ་མོ་ལོ་བཅུ་དྲུག་ལོན་པ་དར་ཟབ་ཅན་གཉིས་བདུད་རྩི་གསོལ་ཞལ་བཀང་བ་འདྲེན་པ་འོད་ཟེར་མཐའ་ཡས་ཀྱིས་མཐོང་ངོ་། །མཁའ་འགྲོ་མང་པོས་ཕྱག་དང་བསྐོར་བ་ཡང་བྱེད་དོ། །དེ་དུས་རྣལ་འབྱོར་མ་དཀར་སངས་ཞིག་གིས་གཟིམ་ཆུང་དུ་བུད་མེད་གཉིས་སོང་བ་མཐོང་ངོ་། །དེའི་ཐོ་རངས་རྣལ་འབྱོར་ཕོ་མོ་ཐམས་ཅད་ཀྱིས་སྐད་མ་ཐོན་པར་བླ་མ་ལ་ཞུས་པས། ན་རག་གི་སྐོང་བཤགས་མཛད་པས། འཕྲལ་ལ་ནམ་མཁའ་དྭངས་ཤིང་གྲིབ་སངས་ཏེ། བླ་མའི་ནམ་མཁའ་ལ་པདྨའི་སྡོང་པོ་ལ་པཎྜི་ཏ་ལྔ་ཙམ་རེས་སྣང་རེས་མི་སྣང་ཞིང་། འདབ་མ་ལ་བྱིས་པའི་གཟུགས་ཕྲ་མོས་བརྒྱན་པ་མཐོང་ནས་དགའ་སྟོན་མཛད་དོ། །དེ་ཉིན་ཉི་ཤུ་བརྒྱད་ལ་ཆོས་གསུང་དུས་ལྷོ་ནུབ་ནས་སློབ་དཔོན་པདྨ་དཀར་གསལ་ཟ་འོག་གི་བེར་དང་ཤ་བའི་མཉེན་ཞུ་ཅན་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས་བླ་མ་ལ་ཐིམ་པ་རྣལ་འབྱོར་མ་གསུམ་ཙམ་གྱིས་མཐོང་ངོ་། །དེ་ནུབ་སྲོད་ལ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་ཁོང་རང་བླ་མའི་དྲུང་ན་གཅེར་བུ་རུས་པ་དང་རིན་པོ་ཆེའི་བརྒྱན་ནས་བླ་མའི་སྟེང་གི་ནམ་མཁའ་ལ་བུན་བུན་འགྲོ་བས་མཆོད་པ་བྱེད་པར་མཐོང་ངོ་། །དེ་དུས་ནམ་མཁའི་དཀྱིལ་ན་ཚུར་བུད་མེད་སྨུག་ནག་གསུམ་འཁྲབ་ཅིང་། ང་ཡོང་ཡོང་བདེ་ཆེན་གྱི་གནས་ནས་ཡོང་། །ལས་ཅན་གྱི་སློབ་མ་ཉུལ་དུ་ཡོང་། །དམ་ཚིག་གི་གཙང་སྦྲ་ལྟ་རུ་ཡོང་། །འགྲོ་དོན་མཛོད་ཅིག་རིགས་ཀྱི་བུ། །ཟེར་བ་བླ་མ་དང་རྣལ་འབྱོར་ཕོ་མོ་ལྔ་དྲུག་ཙམ་གྱིས་མཐོང་ཞིང་། བླ་མ་ཡང་ལོངས་སྐུར་སྣང་ངོ་། །ཡང་ཉི་ཤུ་དགུའི་སྔ་དྲོ་རྣལ་འབྱོར་མ་ཞིག་ན་རེ་ཆང་སིང་རན། མཁའ་འགྲོ་མང་པོ་འདུས་ནས་འདུག་ཟེར་རོ། །དེ་ནུབ་ལུང་བསྟན་པའི་དགའ་སྟོན་བྱེད་པས་ཚོགས་(༡༡༤)གཏོར་ཤོམས་ཤིག་གསུངས་པས། ཇི་ལྟར་བཤམས་ཞུས་པས། བླ་མས་དབུས་སུ་དཔལ་ཡོན་ཏན་ཐམས་ཅད་རྒྱས་པར་བྱེད་པའི་དཔལ་གཏོར་ཆེན་པོ་གཅིག །ཤར་དུ་རྡོ་རྗེ་ཕག་མོ་སྲོག་སྒྲུབ་གཉིས་ལ་དཔལ་གཏོར་རེ། རྡོ་རྗེ་གཡུ་སྒྲོན་ལ་སྨན་ལེབ་གཅིག །དམར་ནག་གི་གཟའ་བཤོས་ཕྱེད་ཏེལ་ཅན་གཅིག །ལྷ་རབས་མཆེད་དགུའི་ཟླུམ་གཏོར་གཅིག །བསྟན་མ་བཅུ་གཉིས་ཀྱི་སྨན་ལེབ་གཅིག་དང་དཔལ་གཏོར་གཉིས། ལྡང་ལྷའི་བཙན་བཤོས་གཅིག །བྱང་གི་མགོར་སྔགས་སྲུང་གི་དཔལ་གཏོར་གཅིག །མཁའ་འགྲོ་སྤྱིའི་ཟླུམ་གཏོར་གཅིག །གཟའ་བདུད་ཀྱི་བཤོས་བུ་དགུ་བསྐོར་གཅིག །དམ་ཅན་གྱི་བཤོས་བུ་མཁར་ཐབས་གཅིག །པེ་དཀར་གྱི་གསང་ཕྱི་གཅིག །ནུབ་ཏུ་རེ་མ་ཏི་མཆེད་ལྔའི་དཔལ་གཏོར་རེ། གཞི་བདག་གི་དཀར་གཏོར་གཅིག །ལྷོར་ལེགས་ལྡན། གདོང་བཞི་པ། མི་ཐུང་། བྱ་རོག་མ་སེང་གེའི་གདོང་ཅན་རྣམས་ཀྱི་དཔལ་གཏོར་རེའི་མཐར་མགྲོན་གློ་བུར་བའི་ཟླུམ་གཏོར་གཅིག །ཕ་ཚད་དུ་བགེགས་གཏོར་གཅིག་རྣམས་ཤོམས་ཤིག་གསུངས་སོ། །དེ་དུས་བསངས་ཆུ་མ་བྲན་པ་དང་། ཤ་བརྗེད་པ་དང་། བདུད་རྩི་བརྗེད་པ་རྣམས་ལ། ངའི་དེར་མ་བྱུང་ཟེར་དུས་བལྟས་པས་མི་འདུག་ནས་གསོས་སོ། །བདུད་རྩིའི་མཆོད་པའི་སྐབས་སུ་མདུན་གྱི་ནམ་མཁའི་པད་སྡོང་ལས་སློབ་དཔོན་པདྨ་ཟ་འོག་གི་འཇོལ་བེར་ཤ་བའི་མཉེན་ཞུ་ཅན། རྡོ་རྗེ་དྲིལ་བུ་འཛིན་པའི་གཡས་སུ་བི་མ་ལ་དཀར་པོ་པཎྜི་ཏའི་ཆ་བྱད་གཡས་པོ་ཏི་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་ཅན། མཁུར་ཚོས་གཉིས་རྒྱ་སྐེགས་ཀྱིས་བྱུགས་པ་འདྲ་བ་དང་། མདུན་ན་མཁའ་འགྲོ་མང་པོ་མི་རྐང་གི་གླིང་བུ་འབུད་ཅིང་། གཡོན་དུ་རྡོ་རྗེ་ཕག་མོའི་སྐུ་གཅིག་གིས་ནམ་མཁའ་གང་བ་མཁའ་འགྲོའི་ཆ་བྱད་ཅན་དང་། རྒྱབ་ན་ཚུར་སྔགས་པ་མང་པོ་འཆམས་ཤིང་། མཁའ་འགྲོ་གསེར་གྱི་གོ་ཤུབས་ཅན་གླུ་གར་བྱེད་པ་མང་པོས་བསྐོར་ནས་བཞུགས་པ། རྣལ་འབྱོར་མ་ཞིག་གིས་མཐོང་དུས་དེ་དག་གིས་བླ་མ་ལ་དབང་བསྐུར་ནས་ཐིམ་པ་དང་། བླ་མས་བཞེངས་ཏེ་ངས་རྡོ་རྗེའི་གླུ་སྔར་མི་ཤེས་པ་ཞིག་བླང་ངོ་གསུངས་ནས་བཞེངས་པ། དགའ་འོ་སྐྱིད་དོ་རྣལ་འབྱོར་ཀུན། །དུས་(༡༡༥)དོ་ནུབ་འོག་མིན་དག་པའི་ཞིང་། །རང་ལུས་ལྷ་ཡི་ཕོ་བྲང་ན། །སྟོང་གསལ་ཞི་ཁྲོའི་དཀྱིལ་འཁོར་རྒྱས། །སངས་རྒྱས་ཕྱི་ན་མེད་དེ་ནང་ན་ཡོད། །དུས་དོ་ནུབ་བདེ་ཆེན་གྱི་ཉི་ཟླ་ཤར། །མ་རིག་གི་མུན་པ་སངས་སྙིང་འདོད། །འཁོར་བའི་རྒྱ་མཚོ་སྐམ་སྙིང་འདོད། །བདག་འཛིན་གྱི་སྤྲིན་ཚོགས་དེངས་པ་ཡིན། །ཆོས་བརྒྱད་ཀྱི་མཁར་སྤེ་ཞིག་པ་ཡིན། །རེ་དོགས་ཀྱི་འཕྲང་ལས་འདས་པ་ཡིན། །འདི་དཔལ་ལྡན་བླ་མའི་བཀའ་དྲིན་ཡིན། །བླ་མ་ཕྱི་ན་མེད་དེ་ནང་ན་ཡོད། །ཀ་དག་ལྷུན་གྲུབ་ཀྱི་བླ་མ་དེ། །གསལ་སྟོང་འཛིན་མེད་ཀྱི་ངང་ལ་བཞུགས། །འཆར་སྒོ་སྣ་ཚོགས་ཀྱི་མཎྜལ་འབུལ། །རྟོག་མེད་རང་མདངས་ཀྱི་ཡོན་ཆབ་འབུལ། །རང་གསལ་འཛིན་མེད་ཀྱི་མེ་ཏོག་འབུལ། །རང་གྲོལ་ཆིག་ཆོད་ཀྱི་བདུག་སྤོས་འབུལ། །ཉིན་མཚན་ཁ་སྦྱོར་གྱི་སྣང་གསལ་འབུལ། །འཛིན་མེད་རང་ཤར་གྱི་དྲི་ཆབ་འབུལ། །དགའ་བདེ་ལྷུན་གྲུབ་ཀྱི་ཞལ་ཟས་འབུལ། །གྲགས་སྟོང་སྐྱེ་མེད་ཀྱི་སིལ་སྙན་འབུལ། །ཕྱི་སྣ་ཚོགས་ཡུལ་གྱི་མཆོད་པ་རྣམས། །ཤར་གྲོལ་འཛིན་མེད་ཀྱི་ངང་ནས་འབུལ། །ནང་འབྱུང་བཞི་ལུས་ཀྱི་གཏོར་གཞོང་དུ། །ཙིཏྟ་ཟུར་བརྒྱད་ཀྱི་གཏོར་མ་ལ། །དབང་པོ་རྣམ་ལྔའི་གཏོར་རྒྱན་བཙུགས། །དྭངས་མ་ཆེན་པོའི་བདུད་རྩིས་བྲན། །བདེ་གསལ་འཛིན་མེད་ཀྱི་མཆོད་པ་འབུལ། །གསང་བ་ཀུན་གཞིའི་བྷནྡྷ་རུ། །རྣམ་ཤེས་ཚོགས་བརྒྱད་ཀྱི་སྨན་རག་བླུགས། །འགྱུ་བ་སེམས་ཀྱི་དྲི་བསུང་ཅན། །ངོ་བོ་སྟོང་གསལ་གྱི་བདུད་རྩི་འདི། །ཤར་གྲོལ་དུས་མཉམ་གྱི་སྐྱེས་བུ་ཡིས། །གཞི་རྫོགས་གདོད་མའི་ལྷ་ལ་འབུལ། །སེམས་དག་ཡེ་ཤེས་ཀྱི་ནམ་མཁའ་ལ། །མངོན་སུམ་འོད་གསལ་གྱི་ཉི་ཟླ་ཤར། །ཉམས་སྣང་གོང་འཕེལ་གྱི་ཟེར་གདངས་འཕྲོ། །རིག་པ་ཚད་ཕེབས་ཀྱི་དཀྱིལ་འཁོར་གང་། །ཆོས་དབྱིངས་ཟད་པའི་མཁའ་དབྱིངས་སུ། །ལྷུན་གྲུབ་འོད་གསལ་གྱི་ཞིང་ཁམས་དེ། །ཀ་དག་ཆོས་ཟད་ཀྱི་ངང་དུ་ཐིམ། །ཐིམ་ལ་མ་རྨུགས་བུམ་པའི་སྐུ། །གསལ་ལ་འཛིན་མེད་རིག་པའི་གདངས། །གཡོ་མེད་ཆོས་སྐུའི་ངང་ལ་བཞུགས། །གང་ལ་གང་འདུལ་གྱི་འགྲོ་དོན་མཛད། །འདི་བྱ་རྩོལ་མེད་པའི་འབྲས་བུ་ཡིན། །དགའ་(༡༡༦)འོ་སྐྱིད་དོ་རྡོ་རྗེའི་སྤུན། །ཚེ་འདི་ཡང་བདེ་སྟེ་ཕྱི་མ་བདེ། །བར་དོ་རང་ངོ་ཤེས་པས་བདེ། །ལུས་མི་འགྱུར་རི་བོའི་དགོན་པ་ན། །སེམས་གཅིག་པུར་གནས་པའི་བསམ་གཏན་པ། །ཡིད་གཅིག་ལ་མ་འཛིན་གང་བདེར་ཐོང་། །སེམས་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང་། །གང་ཤར་ཡེ་ཤེས་ཀྱི་རོལ་པ་ཡིན། །འདི་གཉིས་འཛིན་ཟད་ན་ལོས་ཀྱང་ཡིན། །སྐྱེ་མེད་རྣམ་དག་གི་སེམས་ཉིད་དེ། །ཆོས་དབྱིངས་ཡེ་ཤེས་ཀྱི་རིག་གདངས་ཡིན། །གནས་ཀྱང་མི་ལྟོ་གང་བདེར་ཞོག །བསམ་མནོ་དགག་སྒྲུབ་ཀྱི་འཆར་གཞི་དེ། །མེ་ལོང་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་འཕྲོ་ཡང་མི་ལྟོ་གང་བདེར་ཐོང་། །སེམས་གཉིས་མེད་མཉམ་པའི་ངང་གཅིག་པ། །མཉམ་ཉིད་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་གནས་ཀྱང་མི་ལྟོ་གང་བདེར་ཞོག །སེམས་ཡུལ་ལ་དགའ་བའི་འདོད་ཆགས་ཅན། །ཀུན་རྟོག་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་ཆགས་ཀྱང་མི་ལྟོ་རང་ངོ་ལྟོས། །སེམས་དགག་སྒྲུབ་ཐོལ་བྱུང་གི་རིག་པ་དེ། །བྱ་གྲུབ་ཡེ་ཤེས་ཀྱི་རིག་གདངས་ཡིན། །སེམས་འགྱུས་ཀྱང་མི་ལྟོ་གང་བདེར་ཐོང་། །རིགས་ལྔ་ལྷུན་རྫོགས་ཀྱི་རིག་པ་འདི། །ཡེ་བཞུགས་ཚུལ་ཤེས་པས་གྲོལ་བ་ཡིན། །དཔེ་རྨི་ལམ་རང་ངོ་ཤེས་པ་བཞིན། །དེ་ཀློང་དུ་གྱུར་ན་ལོས་ཀྱང་གྲོལ། །འདི་ལྟ་བ་ཁྲེགས་ཆོད་ཀྱི་གདམས་པ་ཡིན། །འོད་གསལ་ལྷུན་གྲུབ་ཀྱི་སྒོམ་པ་ནི། །ལུས་མི་གཡོ་འོད་ཀྱི་ཁང་བུ་ན། །རྩ་དྲི་མེད་ཤེལ་གྱི་སྦུ་གུ་ཅན། །དེ་རྒྱང་ཞགས་ཆུ་ཡི་སྒྲོན་མར་འབྲེལ། །གནས་རིན་ཆེན་རྒྱ་མཚོར་འབྲེལ་བའི་གདངས། །ཕྱི་སྤྲིན་བྲལ་ནམ་མཁའི་དཀྱིལ་དུ་ཤར། །ནང་ཡེ་ཤེས་འོད་ལྔ་ཁ་དོག་ལྔ། །ཟ་འོག་བེར་ཁྱིམ་རིས་སུ་སྣང་། །དེ་ཐིག་ལེ་སྟོང་པའི་སྒྲོན་མས་བརྒྱན། །དབུས་རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ཐིག་ལེ་ཐིག་ཕྲན་འབྲེལ་བ་ནི། །འཛམ་བུ་ཆུ་བོའི་གསེར་སྐུད་ལ། །རྨ་བྱའི་མདོངས་ཀྱིས་བརྒྱན་པ་འདྲ། །སུམ་བསྒྲིགས་འོད་ཀྱི་སྣང་བ་འདི། །ཆོས་ཉིད་མངོན་སུམ་གྱི་རང་སྣང་ཡིན། །དེ་གོང་དུ་འཕེལ་བའི་སྣང་བ་ལ། །ཡེ་ཤེས་མཁར་ཐབས་ཀྱི་སྣང་བ་དང་། །ལྔ་ལྡན་འོད་ཀྱི་པདྨ་སྟོང་། །རྩིབས་རྒྱུག་རིན་ཆེན་དྲྭ་བ་དང་། །འོད་ལྔ་ཤེལ་གྱི་མཆོད་རྟེན་མཐོང་། །ཐིག་ལེ་སྟོང་པའི་(༡༡༧)ཁང་པ་རུ། །རིག་པའི་ས་བོན་ཡིག་འབྲུ་དང་། །རྣམ་པ་སྣ་ཚོགས་ཀྱི་ཕྱག་མཚན་དང་། །ཡོངས་རྫོགས་སྐུ་ཡི་སྣང་བ་ལ། །ཕྱོགས་མཚམས་འོད་ལྔའི་ཟེར་གདངས་འཕྲོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་ལ། །དེ་རྣམས་ལྔ་ལྔ་ཟུང་འབྲེལ་མཐོང་། །གང་བལྟས་འོད་ཀྱིས་འཇིག་རྟེན་ཁྱབ། །སྙིང་གར་ཟེར་ཐག་ཟུག་པ་མཐོང་། །དེ་ཚེ་རང་ལུས་གཅིག་གཡོ་བས། །ཕྱོགས་བཅུའི་ཞིང་རྣམས་གཡོ་བ་དང་། །རང་ལུས་ཏིང་འཛིན་མཉམ་གཞག་པས། །ཐམས་ཅད་མཉམ་པར་འཇོག་པ་དང་། །སྐུ་རྣམས་ཚངས་པའི་གསུངས་དབྱངས་ཀྱིས། །ཆོས་ཀྱི་རྔ་ཆེན་སྒྲོགས་པ་དང་། །ས་དང་ལམ་གྱི་ཡོན་ཏན་རྫོགས། །དེ་བཞིན་རིམ་གྱིས་ས་རྣམས་ཀྱི། །ཡོན་ཏན་གོང་དུ་འཕེལ་བ་དང་། །དེར་འཛིན་ཟད་པའི་སྣང་བ་གཉིས། །མི་འགལ་གཅིག་ཏུ་འདུ་བ་ནི། །

ཆོས་ཉིད་ཟད་པའི་སར་ཕྱིན་ཏེ། །རྡོས་བཅས་ལུས་དང་རྟོག་ཚོགས་ཟད། །རྣམ་སྨིན་ལས་དང་བག་ཆགས་ཟད། །མ་རིག་འཁྲུལ་གཞིའི་ས་བོན་ཟད། །སྣང་བ་རྣམས་ལ་འཛིན་པ་ཟད། །རྡོས་བཅས་དག་པས་འཕེལ་སྒོ་ཟད། །རང་ལུས་ཤེལ་གྱི་ཁང་པ་རུ། །འོད་ལྔ་ཡུལ་གྱི་འཕྲོ་འདུ་ལྟོས། །འོད་དང་རིག་པ་གར་འཇུག་ཀྱང་། །ལྷུན་གྲུབ་ཀ་དག་ངང་དུ་ཐིམ། །ཀ་དག་གཞི་ལ་བཙན་ས་ཟིན། །ནང་གསལ་སྐུ་གསུམ་འདུ་འབྲལ་མེད། །ཆོས་སྐུའི་ངང་ལ་གཟུགས་སྐུ་བཞུགས། །གདུལ་བྱའི་འཇིག་རྟེན་གང་ཡོད་དུ། །ཆོས་སྐུའི་ངང་ལས་མ་གཡོས་པར། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུས། །འགྲོ་བའི་དོན་གཉིས་རྒྱུན་མི་འཆད། །ཚེ་འདིར་གྲོལ་བའི་གདམས་པ་ཡིན། །བར་དོའི་འཕྲང་ལ་འགྲོ་ཙ་ན། །འབྱུང་བ་རྣམས་ནི་རིམ་གྱིས་ཐིམ། །འོད་གསལ་བ་ལ་ཞུགས་པ་ན། །རང་ངོ་ཤེས་པས་གདོད་མར་གྲོལ། །དེ་བཞིན་ཚོམ་བུ་ཡེ་ཤེས་དང་། །ལྷུན་གྲུབ་རང་ངོ་ཤེས་པས་གྲོལ། །རང་གྲོལ་མེ་ལོང་མཐོང་བ་ཡིན། །སྐུ་གསུམ་བཙན་ས་ཟིན་པ་ཡིན། །སྤྲུལ་པའི་ཞིང་དུ་འདི་ལྟར་འགྲོ། །ཤར་མངོན་དགའ་མི་འགྱུར་རྡོ་རྗེའི་ཞིང་། །འདི་རང་སྣང་སྟོན་པའི་ཞབས་དྲུང་དུ། །རང་ཤར་གྱི་དམ་ཆོས་ཉན་དང་གཅིག །རང་གྲོལ་གྱི་འཛིན་པ་ཞིག་དང་གཉིས། །ལྷུན་གྲུབ་ཀྱི་རང་ངོ་ཤེས་དང་གསུམ། །གཞི་རྩ་ཆོད་(༡༡༨)པའི་དོན་རྟོགས་ནས། །ལྷོ་དཔལ་དང་ལྡན་པར་དབང་བསྐུར་ཏེ། །ནུབ་པདྨ་བརྩེགས་པར་ལུང་བསྟན་ནས། །བྱང་ལས་རབ་གྲུབ་པར་དབུགས་ཕྱུང་སྟེ། །གདོད་མའི་ངང་དུ་རྫོགས་སངས་རྒྱས། །བཞེས་དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། །ནང་འོད་ལྔའི་འགྲོ་ལྡོག་ཤེས་པ་ཡིས། །ཕྱི་འོད་གསལ་གྱི་ཉི་ཟླ་རྒྱུན་དུ་འཆར། །ནང་རྟོགས་པའི་གཞི་རྩ་ཆོད་པ་ཡིས། །ཕྱི་རྐྱེན་ངན་བདེ་ཆེན་གྱི་གྲོགས་སུ་འཆར། །ནང་དྭངས་མའི་ཐིག་ལེ་རྒྱས་པ་ཡིས། །ཕྱི་མཁའ་འགྲོའི་སྤྲིན་ཕུང་རྒྱུན་དུ་འདུ། །ནང་འོད་རྩའི་མདུད་པ་གྲོལ་བ་ཡིས། །ཕྱི་གཟུང་འཛིན་གྱི་མདུད་པ་རང་སར་གྲོལ། །བདེ་ཆེན་འོད་གསལ་གྱི་ས་ལ་འགྲོ། །འདི་དགའ་འོ་སྐྱིད་དོ་རྡོ་རྗེའི་སྤུན། །ཞེས་གསུངས་པས་མཁའ་འགྲོ་རྣམས་ཀྱང་དགྱེས་སོ། །

དེའི་སང་གནམ་གང་ལ་མཁའ་འགྲོ་དཔག་ཏུ་མེད་པ་རྣལ་འབྱོར་ཕོ་མོ་ཕལ་གྱིས་མཐོང་ངོ་། །སྲོད་ལ་བུད་མེད་སྐྲའི་ལན་ཚར་ཅན་ནམ་མཁའ་ཁེངས་པ་ཅིག་ན་རེ་ང་ལ་གཏོར་མ་སློང་ཟེར་བ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ཀྱིས་མཐོང་ངོ་། །དེ་ནས་དར་ཅིག་ན་ཕྱོགས་ཐམས་ཅད་ནས་བསོ་སྒྲ་འུར་སྒྲ་སིལ་ཆོམ་ལ་སོགས་པ་ཐམས་ཅད་ཀྱིས་ཐོས་སོ། །དར་ཅིག་ན་སྔར་ཉི་ཤུ་བརྒྱད་ཀྱི་ཉིན་པར་གྱིས་སྣང་བ་མགྲོན་རྣམས་བྱོན་དུས་ཚོགས་གཏོར་བཏང་བས། །བུད་མེད་མཐིང་ནག་ཅིག་རྣལ་འབྱོར་མ་ཞིག་གི་སྤྱི་བོ་ལ་ཐིམ་པ་རྣལ་འབྱོར་མ་རིན་ཆེན་འོད་འཕྲོས་མཐོང་ནས་འཁྲབ་བོ། །རྣལ་འབྱོར་མས་སློབ་དཔོན་པདྨ། བི་མ་ལ་མཚོ་རྒྱལ་གསུམ་བྱོན་པ་མཐོང་ངོ་། །དེ་དུས་གཡུ་སྒྲོན་མ་དཀར་མོ་མཆེད་བདུན་ལྡེམ་བག་དང་ལྡན་པ་བྱོན་ནས། བླ་མ་ལ་ཕྱག་འཚལ། རེས་རྣལ་འབྱོར་མ་ལ་ཐིམ་ནས། ང་རྡོ་རྗེ་གཡུ་སྒྲོན་མ་ཡིན་ངའི་གནས་སུ་གཤེགས་པར་ཞུ་ཟེར་རོ། །བླ་མས་ང་ཁྱོད་ཀྱི་གནས་སུ་རྒྱུན་དུ་སྡོད་དགོས་གསུངས་པས། རྒྱུན་དུ་བཞུགས་ན་དང་དགའ་སྟེ་དགུན་སྟོད་ཙམ་ལས་མི་བཞུགས་པ་འདུག་ཟེར་རོ། །ཁྱེད་ང་ལ་འགོ་བ་ཅི་ཡིན་དྲིས་པས། གུ་རུས་དམ་ལ་བཏགས་ནས་ཆོས་གཏེར་གྱི་ཕྱི་ལ་འབྲངས་པ་ཡིན་ཟེར་རོ། །ཆོས་ནི་ཕ་གི་ན་ཡོད། འདོན་མཁན་ནི་ཤི། འདིར་ཅི་བྱེད་དྲིས་པས། ཆོས་ཕ་གི་ན་ཡོད་ཀྱང་དོན་འདི་ན་ཡོད་ཁྱེད་ཚེ་འཕོས་ཀྱང་(༡༡༩)སྐལ་ལྡན་ཚེ་མ་འཕོས་པས་འོངས་པ་ཡིན་ཟེར་རོ། །བཀའ་སྲུང་དུ་ཡོད་དྲིས་པས། མང་པོ་ཡོད། ཁྱད་པར་དུ་དཔལ་རྡོ་རྗེ་ཕག་མོ། སྲོག་སྒྲུབ་ནག་མོ། གནོད་སྦྱིན་དམར་ནག །རྡོ་རྗེ་གཡུ་སྒྲོན་མ་རྣམས་ཡོད། ལྷ་རབས་མཆེད་དགུ། བསྟན་མ་བཅུ་གཉིས། ལྡང་ལྷ་རྣམས་ཀྱང་ཡོད་ཟེར་རོ། །ཁྲིད་ལ་མི་དུ་འཇུག་ཁྲིད་ཐེབས་དུ་ཡོད་དྲིས་པས། བཅུ་གཅིག་ཡོད་དང་པོ་གསུམ་གཉན་པས་མི་གསུམ་དང་། བཞི་དང་ལྔ་རྣམས་རིམ་པ་བཞིན་ཆུག །ལྷག་མ་དགུ་ལ་བདུན་བདུན་མཛོད། ལར་འདི་ཤིན་ཏུ་གཉན་པས་སྐུ་ཚེ་ལ་བར་ཆད་འོང་ཉེན་ཡོད། ཁྲིད་ཐེབས་ཉུང་ན་དགའ་ཟེར་རོ། །ངའི་གཏེར་ཤོག་རྣམས་ཨེ་ཡོད་དྲིས་པས་སིབ་སིབ་ངེད་རྣམས་ཀྱིས་ཡིད་བསྒུལ་བ་ཡིན་མོད་ཟེར་རོ། །

དེ་ནས་དར་ཅིག་ན་ངས་ཁྱེད་ལ་དབུ་རུར་དངོས་གྲུབ་བྱིན་པ་ཨེ་དྲན་ཟེར་བ་ལ། བླ་མས་ལྕོག་ལར་སྒྲུབ་པ་བྱེད་དུས་ཐོ་རངས་ཤིག་མཁའ་འགྲོ་མ་གསེར་གྱི་གོ་ཞུབ་ཅན་ཞིག་བྱོན་ནས་དབུ་རྒྱན་བསྐོན་པས་ཉམས་རྟོགས་བཟང་པོ་སྐྱེས་པ་དེ་ལགས་སམ་དྲིས་པས། ཡིན་ཟེར་རོ། །ཁྱེད་གཡུ་སྒྲོན་མ་ཨེ་ཡིན་དྲིས་པས། མིན་མིན་རྡོ་རྗེ་ཕག་མོ་ཡིན་ངོ་མི་ཤེས་སམ་ཟེར་རོ། །འདི་ནས་ཐིག་ལེ་གཙོ་བོར་བཤད་ནས་དབང་གསུམ་པ་རྟེན་ཅན་དུ་བསྐུར་བ་འདི་ཇི་ལྟར་ལགས་དྲིས་པས། དེ་ཆགས་ཅན་འཇུག་པ་ལ་དགོངས་པ་ཡིན། ཆགས་བྲལ་ལ་ཡིད་རིག་ཙམ་གྱིས་བསྐུར་བ་ཡིན་ཟེར་རོ། །ངོ་སྤྲོད་ཀྱི་སྐབས་སུ་རྟོག་པ་སྐྱེ་མེད་དུ་འཇོག་པ་དང་བློ་རྩིས་མེད་དུ་འཇོག་པ་གང་ཡིན་དྲིས་པས། རྟོག་པ་ལ་གཉེན་པོས་ཅི་བྱེད། ཡེ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པར་ངོ་སྤྲོད་ཅིག་ཟེར་རོ། །འོ་ན་སྙིང་ཏིག་འདི་བཤད་པ་མང་པོ་འདུག་པ་ངས་བཤད་ཅི་དགོས། ལུང་བྱེད་པ་ཀརྨ་པ་དང་། རིན་ཆེན་གླིང་པ་ལ་སོགས་པ་འདུག་པ་ལ་བརྗོད་པས། དེ་རྣམས་ཀྱིས་བཤད་པ་ལ་ངེད་མི་དགའ། ལུང་དང་རྫ་ལ་ཡང་ཡོད་དེ་དེས་གར་ཆོག །བདག་པོ་རེ་ཡོད་པས་དེ་དགོས་པ་ཡིན་མོད་ཟེར་རོ། །རིན་ཆེན་གླིང་པའི་གཏེར་རྣམས་ཅི་འདྲ་ཡིན་དྲིས་པས། ཡིན་པ་ཡིན་དག་པོ་མེད་ཟེར་རོ། །ངས་ནི་ཁྱེད་མ་བསྒོམ་ན་གྲུབ་པ་ཅི་ཡིན་དྲིས་པས། ང་ལ་སྒོམ་པའི་ལྷ་འདུག་གམ། བཟླས་པའི་སྔགས་འདུག་གམ། (༡༢༠)མཆོད་པའི་ཡུལ་འདུག་གམ། རྣལ་འབྱོར་དམ་ཚིག་དང་རྟོགས་པ་ལྡན་པ་ཀུན་ལ་ང་རྒྱུན་དུ་ཡོད་པ་མི་ཤེས་སམ། ཁྱེད་ཀྱིའང་ཚེ་རབས་ཐམས་ཅད་དུ་ང་དང་འདུ་འབྲལ་མེད་པ་ཡིན་ཟེར་རོ། །མཆིམས་ཕུར་སྦས་པའི་ལྷ་ལྕམ་གྱི་ནོར་ཡོད་པ་དེ་ཅི་འདྲ་ཞིག་ན་འདུག་དྲིས་པས། བྲག་ལྷ་བཤོས་འདྲ་བ་གཅིག་ལ་རྩེ་མོ་མེད་པ་ཞིག་ན་འདུག །ད་རུང་དུས་ལ་མ་བབ་ཟེར་རོ། །བི་མ་ལའི་གཏེར་དེ་ཇི་ཙམ་ན་འདོན་དྲིས་པས། ད་ནས་ལོ་བཅོ་ལྔ་ན་སྔགས་པ་དཀར་པོ་ཞིག་གིས་བཏོན་ནས་བསྒྱུར་ཏེ་དར་བར་བྱེད། དེ་ན་ཟབ་པ་པོད་བཞི་འདུག །ཁྱེད་རང་གི་ལག་ཏུ་ཡོང་བ་འདུག་ཟེར་རོ། །དེ་ནས་ཟླ་བ་ཚེས་པའི་ཚེས་གཅིག་ལ་རྣལ་འབྱོར་པ་འོད་ཟེར་གོ་ཆ་དཔེ་ལེན་དུ་བཏང་ནས། ལམ་དུ་འོངས་དུས་འཇའ་ཚོན་གྱི་སྣ་དཔེ་ལ་ཟུག་ཅིང་འཁོར་བ་དང་། ཁྱད་པར་འཕྱུག་པོ་བྲག་ཏུ་སླེབས་པའི་མཚན་མོ་དེ་དང་རི་མོ་ཅན་གཉིས་འཇའ་ཚོན་ཁ་དོག་ལྔས་འབྲེལ་བ་རྣལ་འབྱོར་ཕོ་མོ་ཀུན་གྱིས་མཐོང་ངོ་། །དགེ་བཤེས་བློ་རིན་གྱི་རྨི་ལམ་དུ་བུད་མེད་ཅིག་ན་རེ། ཁོང་མཐའ་ལ་བཞུད་དགོངས་ཀྱང་ངེད་མི་གཏོང་དགོས་པར་ཡོད་ཟེར་ཞིང་འདུག་པ་བཤད་དོ། །ཚེས་དགུ་ལ་དཔེ་རྣམས་གདན་དྲངས་ཏེ་དེ་ནུབ་སྐོང་བཤགས་མཛད་ནས་ཚོགས་ལ་རོལ་དུས། མཁའ་འགྲོ་བབས་ནས། བླ་མ་དང་སློབ་མ་གདམས་པར་འཛོམ་ཟེར་ཞིང་གར་མང་པོ་མཛད་དོ། །

དེ་ནས་ཚེས་བཅུ་ལ་སྔར་བས་ཀྱང་མཁའ་འགྲོའི་འདུ་བ་རྒྱ་ཆེ་བ་རྣལ་འབྱོར་ཕོ་མོ་མང་པོས་མཐོང་ཞིང་། བཅུ་གཅིག་གི་ཉིན་པར་སྔར་གྱི་ཁྲིད་ཐོན་ནས་ཁྲིད་མི་རྙིང་པའི་རྣལ་འབྱོར་ཕོ་མོ་རྣམས་གྱེས་དུས་ཡེ་ཤེས་མཚོ་རྒྱལ་རྣལ་འབྱོར་མ་ཞིག་ལ་བབས་ནས། མཁའ་འགྲོའི་རང་སྒྲ་མང་པོ་སྒྲོགས་ཤིང་སྲོད་ལ་མེ་མཆོད་ཆེན་པོ་མཛད་ནས། ལ་ལ་ལ་དངོས་གྲུབ་ཕྲ་མོ་རེ་བྱིན་ནས་ཕྱོགས་གཅིག་ཏུ་ཅང་སྨྲ་བར་མ་བྱེད་ཅིག་ཟེར་ནས་བཞག །སྣོད་ཐམས་ཅད་ཁ་ཕྱེ་དངོས་གྲུབ་འབེབས་པའི་རྟེན་འབྲེལ་མཛད། བླ་མ་ལ་དངོས་གྲུབ་ཀྱི་རྫས་རྣམས་རིམ་པས་གཏད་ནས་འགྲོ་དོན་ཆེ་ཞིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འོང་བར་འདུག་གསུངས་སོ། །དངོས་གྲུབ་རྣམས་བླ་མའི་གཟིམ་ཆུང་དུ་བསྐྱལ་ནས་ནམ་ལངས་སོ། །དེ་ནས་ཉི་མ་ཤར་(༡༢༡)དུས་རྣལ་འབྱོར་ཕོ་མོ་གཉིས་ཙམ་ཕྱིར་སོང་དུས་མཚམས་དམ་པར་བཅད་དེ་མཁའ་འགྲོའི་རང་སྒྲ་སྣ་ཚོགས་སྒྲོགས་ཤིང་གར་མཛད་ནས། བཅུ་གཉིས་ཀྱི་སྲོད་ལ་ཆོས་སྒོ་འབྱེད་པའི་ཐུགས་དགོངས་མཛད་དུས། ཀ་པཱ་ལ་དང་། མེ་ལོང་དང་། བུམ་པས་མཁའ་འགྲོའི་དབང་གི་བརྡ་རྣམས་རྫོགས་པར་མཛད་དོ། །དེ་དུས་ཡུམ་མཁའ་འགྲོ་ངོ་སྤྲོད་ཀྱིས་སྣང་སྲིད་འོད་སྣང་དུ་འཆར་བའི་གདམས་པ་བསྟན་ཏོ། །དེ་ནུབ་བཞི་པའི་ངོ་སྤྲོད་སྔར་མ་འཁྲུངས་པ་བླ་མའི་ཐུགས་ལ་འཁྲུངས་སོ། །དེ་དུས་ནམ་མཁའི་སྐར་མ་ལ་སོགས་པ་འདི་ཅི་ཡིན་དྲིས་དུས། ལྷར་བསམ་པའི་བླ་མ་ལ་སོགས་འདུག་ཅེས་བརྗོད་པས། ཁ་ཅིག་སྙམ་ན་རྫུན་དུ་འདུག་གང་བྱས་ཀྱང་ཆོག་སྙམ་པ་བྱུང་ཞིང་། སྒོ་ལྔ་ཀ་ལ་དེ་བཞིན་དུ་བྱས་ཏེ། སྒྲའི་སྐབས་སུ་དབྱུག་པ་ལ་དྲིལ་བུ་བརྒྱུས་ཏེ་ས་ལ་བརྡུང་ཞིང་ཅིར་ཐོས་ཅི་སྐད་ཟེར་ལ་འུར་ཤོད་དྲིས་པས། ལ་ལས་སྔ་མ་བཞིན་ཐེ་ཚོམ་དུ་སྨྲས་སོ། །དེ་དུས་བླ་མ་རང་གིས་གང་བཏགས་པ་དེ་ལྟར་སྣང་བས་ཆོས་ཐམས་ཅད་གཏད་མེད་དུ་ངོ་སྤྲོད་པར་གོའོ། །དེ་དུས་རྣལ་འབྱོར་མས་སེམས་ཤེས་ཏེ། དད་པ་ལ་སོགས་པའི་སེམས་ལ་ཞེན་དུས། དགའ་བྲོད་བདུད་ལ་ཕཊ། སྙེམས་བྱེད་བདུད་ལ་ཕཊ། གཉིས་འཛིན་བདུད་ལ་ཕཊ། ཅེས་ཟེར་ཞིང་འུར་འུར་མང་པོ་བྱས་པས་ཐམས་ཅད་སྐྲག་ཅིང་རྟབ་རྟབ་ཏུ་གྱུར། བླ་མས་ཆོས་ཐམས་ཅད་སྐད་ཅིག་གིས་གཟའ་གཏད་དང་བྲལ་བའི་རྩལ་སྦྱོང་དུ་ཤེས་ཏེ་རྟོགས་པའི་མེ་ལོང་དུ་མཁྱེན་ནོ། །མཚན་མོ་ཡེ་ཤེས་ཀྱི་དབང་ལྟ་སྟངས་ལ་སོགས་པ་ངོ་སྤྲད་དོ། །དེ་བཞིན་དུ་ཉིན་མོ་གར་བྱེད་ཅིང་མཁའ་འགྲོའི་རང་སྒྲ་སྒྲོགས་པས་སང་ཉིན་ཐོ་རངས་བླ་མ་གཟིམས་དུས། འོད་གསལ་ལ་ཐུགས་འབྱམས་ཏེ་ཡར་ཀ་དག་གི་སྣང་བ། བར་ལོངས་སྐུའི་ཚོམ་བུ། མར་འགྲོ་དྲུག་གི་འཆར་ཚུལ། སྒྲ་སྐད་སྣ་ཚོགས་ཐོས་པ་ལ་ཐུགས་ཀྱིས་རིག་ཅིང་རགས་པར་མེད་པའི་སྣང་བ་དང་། དེའི་སྐད་ཅིག་སྔ་མ་ན་དྲན་བསམ་རྒྱུན་ཆད་ནས། སྣང་བ་དམར་ལ་མཐིང་བ་ཙམ་གྱི་ངང་ལ་བརྒྱལ་བ་བཞིན་འབྱམས་སོ། །

དེ་ནས་ལྷུན་གྲུབ་ཀྱི་སྣང་བ་ལ་དེ་བས་རིག་པ་རགས་པར་འཕྲོས་ཏེ་ཡར་ཀ་དག །བར་ལོངས་སྐུ། མར་སྤྲུལ་སྐུའི་ངང་དུ་འབྱམས་(༡༢༢)སོ། །དེ་ནས་དར་ཅིག་ན་རྣལ་འབྱོར་མ་དེས་འོང་སྟེ་སྔ་མའི་དེ་ནི་གདོད་མའི་ཀ་དག་ཏུ་ནང་གསལ་ཐིམ་ལ་མ་རྨུགས་པར་བཞུགས་པའི་ངོ་སྤྲོད་ཡིན་ནོ། །བརྒྱལ་བ་ཞེས་བྱ་སྟེ་ཆོས་ཉིད་ཀྱི་ངང་དུ་བརྒྱལ་བས་བསླང་དགོས་པ་ཡིན་ནོ། །ཕྱི་མ་ནི་ཕྱིར་གསལ་དུ་སྤྲུལ་སྐུ་འགྱེད་ཚུལ་དང་། འཁྲུལ་པ་རིམ་གྱིས་སྣང་ཚུལ་རགས་པར་ཤར་བའི་ངོ་སྤྲོད་ཡིན་གསུངས་སོ། །དེ་ནས་ནམ་མཁའ་ཐམས་ཅད་ལ་སྔར་མེད་པའི་འཇའ་ཚོན་བཀའ་སྲུང་སོ་སོའི་གཟུགས་འདྲ་བ་མང་པོ་བྱུང་བ་ཅི་ཡིན་དྲིས་པས་དེ་དག་ཡིན་གསུངས་སོ། །ཉི་མ་ཤར་དུས་བརྡ་དོན་དུ་མའི་ངོ་སྤྲད་མཛད་དོ། །ཉིན་གུང་བླ་མ་ཁྲི་ལ་བཞུགས་པ་ལ་མཚོ་རྒྱལ་གྱིས་གོས་སུམ་བརྩེགས་པ་གསོལ་ཏེ། ཐམས་ཅད་ཀྱིས་ཡོན་ཕུལ་ཕྱག་འཚོལ་དེ་རིང་བུ་འབོགས་དགོས་པར་ཡོད་ཟེར་ནས། སོ་སོ་ནས་ཕྱག་རྟེན་ཕུལ་དུས། བཀྲ་ཤིས་དཔག་ཏུ་མེད་པ་བརྗོད་པས་ནམ་མཁའ་འཇའ་ཚོན་གྱིས་ཁེངས་པའི་ཚེ་བླ་མ་དགེ་བའི་བཤེས་གཉེན་གཞན་དོན་རྒྱ་ཆེར་འགྲུབ་པ་གདན་སར་བསྐོ་བ་ལ་ནམ་མཁའ་འདི་འདྲ་ཞིག་འོང་བ་ཡིན་གསུངས་སོ། །བླ་མ་ལ་དངོས་གྲུབ་རེ་བྱིན་ནས་ཅི་ཡིན་གསུང་དུས། དཔལ་འབྱོར་རྒྱ་མཚོ་ཡིན། གཞན་དོན་ལྷུན་གྲུབ་ཡིན་ཞེས་པ་ལ་སོགས་པ་དང་། གྲངས་དུ་འདུག་གསུངས་པ་ལ་འབུམ་ཕྲག་གྲངས་མེད་འདུག་ཅེས་པ་ལ་སོགས་པས་ལན་བཏབ་པས་འགྲོ་དོན་ཕུན་སུམ་ཚོགས་པ་ཞིག་འབྱུང་བར་འདུག་གསུངས་སོ། །ཕྱི་འཕྲེད་བླ་མའི་དབུ་ལ་དབུ་རྒྱན་གྱི་དོད་དུ་མགྲོན་ཚོམ་ལྔ་བཟུང་སྟེ་དར་སྔོན་དམར་གྱི་ཅོད་པཎ་དཔྱངས་ནས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་པོས་མངའ་གསོལ་ཅིང་། སྲོད་ལ་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་མཛད་དོ། །ངོ་སྤྲོད་ཀྱི་རྗེས་ལ་མཁའ་འགྲོའི་འར་འུར་མང་པོ་བྱུང་བས། འདི་འདྲ་ཆོས་གཏེར་གཞན་འབྱེད་པ་ལ་ཨེ་ཡོང་ན་གསུངས་སོ། །ངོ་སྤྲོད་ཕྱི་མའི་ཉི་མ་འཆར་ཁར་བླ་མས་ནུབ་རི་མདུན་མ་དེའི་སྟེང་གི་ནམ་མཁའ་ལ་སེངྒེའི་ཁྲི་དར་ཟབ་ཀྱི་འབོལ་གདན་ཅན་རྒྱབ་ཡོལ་དྲ་བ་རིས་ཕྲ་མོས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། སྟེང་ན་རྨ་བྱའི་གདུགས་ཡོད་པ་ཞིག་གཟིགས་པ་དང་། རྣལ་འབྱོར་མ་ན་རེ་འདི་སློབ་དཔོན་ཆེན་པོ་རིག་འཛིན་གྱི་ཁྲི་ཡིན། ཁྱེད་རང་འདི་(༡༢༣)ལ་གནས་པའི་བརྡ་ཡིན། ད་རུང་ལྟོས་ཤིག་གསུངས་ནས་བལྟས་པས་ཕྱོགས་ཐམས་ཅད་འོད་ལྔའི་རང་བཞིན་ལ། ཐིག་ལེས་བརྒྱན་པའི་སྣང་བ་ཆེན་པོ་གཟིགས་པ་དང་། སྐུ་དང་ཡེ་ཤེས་ཀྱི་ཞིང་སྣང་ཡིན་གསུངས་སོ། །

དེ་ནས་བླ་མ་ཉིན་ཕྱེད་ཁྲི་ལ་བཞུགས་དུས་མཁའ་འགྲོ་སྙིང་ཏིག་གི་པོ་ཏི། ཞི་ཁྲོའི་ཐང་ཀ །རྡོ་རྗེ་སེམས་དཔའི་མེ་ལོང་རྣམས་དང་། ཚེའི་བུམ་པ་བདུད་རྩིའི་ཀ་པཱ་ལ་ཕུལ་ནས་གཞན་རྣམས་ཀྱང་ཕྱག་རྟེན་རེ་འབུལ་དུ་བཅུག་སྟེ། ཕྱག་འཚལ་ཤིས་པ་མང་པོ་བརྗོད་ནས་གཞན་དོན་མཛད་པར་ཞུ་ཞེས་རྗེས་གནང་མཛད་དོ། །དེའི་ཕྱི་དྲོ་བླ་མའི་གསུང་གིས་ངས་ཁྲིད་རིམ་སྡེབ་དགོས་གསུངས་ནས་དཔེ་ཞལ་ཕྱེ་བ་དང་། གུ་རུ་ཐུགས་སྒྲུབ་ཀྱི་ཆ་ལུགས་སུ་བྱོན་ནས་བླ་མ་ལ་ཐིམ་པའི་གཡས་ན་མཚོ་རྒྱལ་དང་། གཡོན་ན་གཡུ་སྒྲོན་མ་ཁྲིད་ཚིག་དཔོད་པ་རྣལ་འབྱོར་མ་ཞིག་གིས་མཐོང་ངོ་། །དེ་དུས་ཁྲིད་རིམ་གཉིས་ཀྱི་གཞུང་ཚན་སོ་སོར་ཕྱེ་ནས་ཐོ་ཡིག་ཏུ་མཛད་དོ། །དེ་ལྟར་ཚེས་གཅིག་ནས་བཅུ་གསུམ་གྱི་བར་ཉིན་ཞག་དྲུག་ཏུ་ཡེ་ཤེས་མཚོ་རྒྱལ་དངོས་སུ་བབས་ནས་མཁའ་འགྲོ་སྙིང་ཏིག་གི་བརྡ་དོན་དཔེ་གསུམ་གྱི་ངོ་སྤྲད་རྫོགས་པར་གཏད་རྒྱ་དང་བཅས་པ་བླ་མ་དམ་པ་དྲི་མེད་འོད་ཟེར་ཏེ་པདྨ་ལས་འབྲེལ་རྩལ་ལ་གནང་ནས་ཨོ་རྒྱན་དུ་གཤེགས་སོ། །ཁྲིད་ཀྱི་སྐབས་ཐམས་ཅད་དུ་བླ་མ་ཁྲི་ལ་བཞུགས་དུས་ཨོ་རྒྱན་ཡབ་ཡུམ་བྱོན་ནས་ཐིམ་པར་མཐོང་དུས། དམིགས་པ་དང་ངོ་སྤྲོད་དང་བརྗོད་ཚུལ་ངོ་མཚར་ཅན་སྔར་མེད་ཅིང་ཡི་གེ་ན་མི་གསལ་བ་མང་པོ་འཕྲལ་ལ་རང་རྡོལ་དུ་འབྱོན་ཅིང་གཟི་བརྗིད་ཀྱང་སྔོན་བས་ཆེ་བར་སྣང་ངོ་། །དེ་ནས་ཚེས་བཅུ་བཞིའི་སྔ་དྲོ་བླ་མའི་གསུང་གིས་དེ་རིང་ནས་ཁྲིད་འཛུགས་པས་ཐམས་ཅད་ཚོགས་ལ་མཆོད་གཏོར་ཤོམས་ཤིག་གསུངས་ནས་བཤམས་ཏེ་བླ་མ་ཁྲི་ལ་བྱོན་དུས་ནམ་མཁའ་ཐམས་ཅད་འཇས་གང་དུས། རྣལ་འབྱོར་མ་ཁ་ཅིག་གི་སྣང་བ་ལ། བླ་མ་ལ་གུ་རུ་ཡབ་ཡུམ་དང་བི་མ་ལ་བྱོན་ནས་ཐིམ་པས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་མཐོང་། ཆོས་གསུངས་དུས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཆོས་ཀྱི་གསུང་སྒྲས་ཁྱབ་ཅིང་། མཁའ་འགྲོ་སྤྲིན་ཕུང་འཐིབས་པ་ཙམ་གྱིས་ཆོས་ཉན་པར་མཐོང་ངོ་། །

དེ་ནས་བཟུང་(༡༢༤)སྟེ་ཁྲིད་རྒྱབ་མ་ཐོན་གྱི་བར་དུ་ཉིན་མཚན་ཚོགས་ཀྱི་འཁོར་ལོ། མཁའ་འགྲོའི་འདུ་བ་འཇའ་ཚོན་གྱི་སྣང་བ་དཔག་ཏུ་མེད་པས་ཁྱབ་པ་རྣལ་འབྱོར་པ་ཀུན་གྱིས་མཐོང་ངོ་། །ཚེས་བཅུ་བཞིའི་སྲོད་དབང་གི་སྔོན་འགྲོ་མཛད་དུས་བླ་མའི་དབུ་ཐོག་ན་རྨ་བྱའི་གདུགས་སུམ་བརྩེགས་པ་གསེར་གྱི་ཏོག་གིས་མཚན་པ་ཞིག་སྐྱེས་པ་གོས་དང་རྒྱན་ཐམས་ཅད་སེར་པོར་ཡོད་པ་ཞིག་གིས་འཛིན་ཅིང་། འཕན་དང་རྒྱལ་མཚན་འཛིན་མཁན་མེད་པ་མང་པོ་རང་བཞིན་གྱིས་འདུག་པ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ལ་སོགས་པ་འགའི་དངོས་སྣང་མཐུན་པར་མཐོང་ངོ་། །དེ་དུས་མཁའ་འགྲོ་དཔག་ཏུ་མེད་པ་ཡང་འདུས་ནས་ཆོས་ཉན་ནོ། །བཅོ་ལྔའི་ཉིན་མོ་ཐིག་མཛད་དུས་ཐིག་སྣ་གཅིག་ནས་བུད་མེད་དམར་མོ་ཞིག་གིས་བཟུང་ནས་འདེབས་པར་སྣང་ཞིང་། དོ་ནུབ་ཀྱང་མཁའ་འགྲོའི་འདུ་བ་དང་གདུགས་དང་འཕན་ལྡིང་འཕྱར་བ་མཐོང་ངོ་། །བཅུ་དྲུག་གི་ཉིན་མོ་བླ་མ་གཅིག་པུས་དཀྱིལ་འཁོར་བཞེངས་དུས་བུད་མེད་དར་ཟབ་ཀྱི་གོས་ཅན་གསེར་གཡུས་བརྒྱན་པ་ཞིག་གིས་འབྲི་གྲོགས་བྱས་ཏེ་ཕྱོགས་བཞིར་དུས་མཉམ་དུ་འབྲི་བ་མཐོང་ངོ་། །དེ་དུས་སྔོན་བས་མགྱོགས་ཤིང་ལེགས་པར་གྲུབ་པས་བླ་མའི་གསུང་གིས། སྔོན་བས་མཁས་ལ་མགྱོགས་པར་འདུག་གསུངས་སོ། །དེ་ནུབ་སྤྲོས་བཅས་བུམ་དབང་རྫོགས་པར་མཛད་དོ། །དེ་ནས་སང་ནུབ་དབང་གོང་མ་མཛད་པར་དགོངས་ནས། སྔོན་འགྲོའི་སྐབས་སུ་རྣལ་འབྱོར་ཕོ་མོ་བདུན་ཚོགས་པས། མཁའ་འགྲོའི་རྟགས་གློ་བུར་བ་བྱུང་སྟེ་བླ་མ་ལ་ཤངས་ཁྲག་བྱུང་ནས་བླ་མའི་གསུང་གིས། དབང་འདི་ལ་གསུམ་ལས་མི་ཚུད་པ་ལ་བདུན་འདུག །ཁྱེད་བཞི་ཕྱིར་སོང་གསུང་དུས། དབང་ཁང་ལ་འཇའ་ཚོན་སྣ་ལྔ་ཟུག་པར་མཐོང་ངོ་། །དབང་བསྐུར་དུས་སུ་མཁའ་འགྲོའི་ལྟས་དང་སྣང་བ་ཡ་མཚན་ཅན་བྱུང་ངོ་། །དེའི་སང་ཉིན་ནས་ཁྲིད་རྒྱབ་མ་ཐོན་གྱི་བར་དུ་སྔོན་ཆད་ཡུལ་དེ་ན་མེད་པའི་བྱ་རོག་ཡ་མཚན་ཅན་གཉིས་ཉིན་རེ་བཞིན་ཆོས་ཀྱི་སྐབས་སུ་བྱུང་ངོ་། །སྤྱོད་བབ་རྣམས་ལ་སྐྱེལ་བསུ་ཡང་མཛད་དོ། །ཉི་ཤུ་དགུའི་ནམ་གུང་ལ་ནམ་གྲུ་རེ་མ་ཏི་བབས་ནས། ང་ལ་(༡༢༥)གཏོར་མ་མི་སྟེར་བ་ཨེ་ཡིན་ངས་དཀའ་ལས་ཡུན་རིང་བྱས་པ་ལ་ཟེར་དུས་ཐམས་ཅད་སྐྱི་ཟིང་ཟིང་བྱེད་ཅིང་སུ་ཡིན་དྲིས་པས། ང་ཆོས་ཀུན་ན་ཡོད། གཙུག་གཏོར་ཚུན་ཆད་ན་ཡོད་པ་ལ་ཟེར་རོ། །ཡང་དྲིས་པས། ང་ནམ་གྲུ་རེ་མ་ཏི་ཡིན་ཁྱེད་ཀྱི་གཏེར་བསྲུངས་པས་སྦྱངས་ཟེར་རོ། །ཅི་ཡོད་དྲིས་པས། ན་བཟའ་དང་སློབ་དཔོན་གྱི་ཆོས་གོས་ཐོད་པ་དང་བཅས་པ་ཡོད་དོ། །གཏོད་སྙམ་ནས་ཡོང་བ་ཡིན། ངས་སྔར་ཁྱེད་ལ་ཆོ་འཕྲུལ་ཙམ་བསྟན་ཡང་ང་ངོ་མ་ཤེས། ཁ་སང་ནས་ཐམས་ཅད་ལ་གཏོར་ཚོགས་བཟང་པོ་བྱིན་ནས། ང་ལ་མེད་པས་ང་ཁ་སྐྱེངས་ནས་ཐམས་ཅད་འཕྲོག་ཏུ་བཅུག་པ་ཡིན་ཟེར་དུས་ཞུད་ཆེན་པོ་བྱུང་ངོ་། །ཁྱེད་དུ་ཡོད་དྲིས་པས་ངེད་ལྔ་ཡོད་ཟེར། སྐུ་མདོག་དང་ཕྱག་མཚན་དྲིས་པས། ང་ནམ་གྲུ་རེ་མ་ཏི་ནག་མོ་དྲེལ་རྟ་རྐང་བཞི་ཞོན་པ་གཡས་རལ་གྲི་གཡོན་ནད་ཀྱི་རྐྱལ་པ་འཛིན་པ་དང་། འདོད་ཁམས་དབང་ཕྱུག་མ་དམར་མོ་དྲིལ་རྟ་རྐང་གསུམ་ཆིབས་པ་དང་། རྡོ་རྗེ་ཕྲ་མེན་མ་ལྗང་གུ་དྲེད་མོ་ལག་པ་གཡོབ་པ་ལ་ཞོན་པ་དང་། རྡོ་རྗེ་དབང་ཕྱུག་མ་སེར་མོ་དྲིལ་རྟ་རྐང་གསུམ་པ་དང་། རྡོ་རྗེ་ལས་སྒྲོན་མ་དཀར་མོ་དྲེལ་རྟ་རྐང་གསུམ་དང་། དེ་ཐམས་ཅད་ཕྱག་མཚན་བྷནྡྷ་དང་ཕུར་པ་ཐོགས་པ་ལ། འདོད་ཁམས་དབང་ཕྱུག་མ་ཤང་ལང་དང་ནད་ཀྱི་རྐྱལ་པ་འཛིན་པ་ཡིན་ཟེར་རོ། །གཏེར་གྱི་ཆོ་འཕྲུལ་དང་འར་འུར་མང་པོ་ཞག་གསུམ་དུ་བྱས་སོ། །

དེ་ནས་ཁྲེགས་ཆོད་ཀྱི་ནུབ་མོ་ཡང་བབས་ནས་ཆོ་འཕྲུལ་སྟོན་དུས་བླ་མས་གསུངས་པ། ང་ནང་འོད་གསལ་གྱི་གཏེར་སྒོ་འབྱེད་པ་ལ། །བྲག་སེར་ཀའི་གཏེར་གྱིས་དགོས་པ་མེད། །ང་གཏེར་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །སྐལ་ལྡན་ཡིན་ཀྱང་ཆོག་ལ་མིན་ཀྱང་ཆོག །ང་ཆོས་ཟད་བློ་ཟད་ཀྱི་རྣལ་འབྱོར་ལ། །ཁྱེད་གཏེར་བསྲུངས་ཀྱི་ཡུས་ཆེ་འཚོང་མི་དགོས། །ཞེས་གསུངས་པས་དེ་རྣམས་ཀྱིས་ཀྱང་ལན་རེ་བྱས་ཏེ། ཕར་ལན་ཚུར་ལན་འགའ་མཛད་ནས། དུས་ལ་བབས་པ་དང་འདོན་པའི་ཞལ་བཞེས་མཛད་པས་དགའོ། །དེ་ནུབ་ཨོ་རྒྱན་ཡབ་ཡུམ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་བྱོན་ནས་བྱིན་གྱིས་བརླབས་ཏེ་བླ་མ་ལ་ཐིམ་པ་མཐོང་ངོ་། །བླ་མའི་དབང་གི་སྐབས་སུ་ཡང་དེ་(༡༢༦)འདྲ་བ་མཐོང་ངོ་། །སང་ཉིན་ཐོད་རྒལ་ངོ་སྤྲོད་དུས་སྔ་དྲོའི་དྲོ་བར་ཁ་ན་ནམ་མཁའི་ཤར་ནུབ་ལ་མཐིང་ཤུན་གྱི་སྣམ་བུ་བརྐྱང་པ་ལྟ་བུའི་སྣང་བ་ནམ་མཁའ་དྭངས་པའི་ཁ་དོག་དང་མི་འདྲ་བ་རྒྱང་གྲགས་ཕྱེད་ཙམ་གྱི་ཞིང་ཡོད་པས་ཐད་ཀའི་ནམ་མཁའ་ཆོད་དུས་བླ་མའི་ཞལ་ནས། འོད་མཐིང་ག་ཁྱབ་པ་ཆེན་པོའི་འོད་བྱ་བ་འདི་འདྲ་ཞིག་འོངས་པ་ཡིན་གསུང་དུས། བྱང་ཤར་དུ་འཇའ་ཚོན་སྔོན་དང་མི་འདྲ་བའི་ཁ་དོག་ལྔ་ལྡན་ཤར་བས། འོ་ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་འདི་འདྲ་ཞིག་འོངས་པ་ཡིན། འདི་ན་ཕར་ལྟོས་དང་། ཐིག་ལེ་སྟོང་པའི་སྒྲོན་མ་རང་བཞིན་གྱིས་འཆར་བ་ཡིན་གསུང་དུས། ནམ་མཁའ་ཡང་སྤྲིན་གཅིག་ཙམ་ཡང་མེད་པར་དྭངས་ལ་བྱང་དུ་དུད་ཁའི་སྣང་བ་ཡ་མཚན་ཅན་དང་། བྱང་ཤར་དུ་ལྔ་ལྡན་དང་། ཐད་ཀར་མཐིང་གའི་སྣང་བ་ཡ་མཚན་ཅན་མཐོང་དུས་ཐོད་རྒལ་ངོ་སྤྲོད་མཛད་པས། མཁའ་འགྲོའི་སྣང་བ་དང་། ལྟས་མང་པོ་ཡང་སྔོན་བས་ལྷག་པར་མཐོང་ངོ་། །དེ་ནུབ་རྒྱབ་ཆོས་དང་རིན་པོ་ཆེ་གསང་བའི་ངོ་སྤྲོད་པས་ཡེ་ཤེས་མཚོ་རྒྱལ་བུམ་པ་བསྣམས་ནས་དབང་བསྐུར་བ་རྣལ་འབྱོར་མས་མཐོང་ནས། ཐམས་ཅད་ལ་འུར་ལངས་ཕྱག་འཚལ་ཟེར་རོ། །དེ་ནས་སང་གནངས་ཉིན་བར་དོ་ངོ་སྤྲོད་མཛད་དུས། འོད་གསལ་སྦུབས་འཇུག་འཕོ་བའི་ངོ་སྤྲོད་མཛད་པས། མཁའ་འགྲོ་དུ་མ་དགྱེས་དུས། བླ་མའི་གསུང་གིས། ངའི་ཆོས་འདི་ལ་མི་བས་མི་མ་ཡིན་གཙིགས་ཆེ་བར་འདུག །དོན་གཉེར་དང་འདུན་པ་ཆེ་ཁྱེད་རང་ཚོ་སེམས་ལ་ཞོགས་གསུངས་སོ། །སང་ཉིན་ཁྲིད་ཀྱི་སྐབས་སུ་ཡེ་ཤེས་མཚོ་རྒྱལ་ཉི་མའི་ཕྱོགས་ནས་ཌཱ་དྲིལ་དཀྲོལ་ཞིང་བླ་མའི་སྐུ་ལ་ཐིམ་པ་རྣལ་འབྱོར་པ་འོད་ཟེར་མཐའ་ཡས་ལ་སོགས་པ་འགས་མཐུན་སྣང་དུ་མཐོང་ངོ་། །ཚེས་བཅུ་དྲུག་གི་ནུབ་མོ་འོད་གསལ་ཡེ་ཤེས་ཀྱི་ངོ་སྤྲོད་མཛད་པས། མཐའ་སྐོར་དང་བར་སྣང་ཐམས་ཅད་མཁའ་འགྲོས་འཁྲིགས་ཏེ་ཐལ་མོ་སྦྱར་བ་མཐོང་ངོ་། །

དེ་ནས་ཚེས་བཅུ་བདུན་གྱི་ཉི་མ་ནུབ་དུས་གློ་བུར་དུ་བླ་མའི་གསུང་གིས། ཚོགས་གཏོར་བཟང་དུ་ཤོམས། དོ་ནུབ་མཁའ་འགྲོ་དོན་གྱི་དབང་བྱེད་གསུང་ནས་མཛད་དུས། སྔགས་སྲུང་བབས་ནས་གར་མཛད་(༡༢༧)དེ། བླ་མས་ངེད་མཁའ་འགྲོ་སྙིང་ཏིག་དེ་བཞིན་སྟོན་པ་ཡིན། ཁྱེད་བཀའ་སྲུང་དང་མཁའ་འགྲོ་རྣམས་ཨེ་དགའ་གསུངས་པས། ཐུགས་ལ་བཏགས། གུ་རུ་དང་ཡེ་ཤེས་མཚོ་རྒྱལ་དེ་བཞིན་གསུང་གཞན་ག་ན་ཡོད་ངོ་མཚར་ཆེ། སྤྱིར་མཁའ་འགྲོ་ཐམས་ཅད་དགའ། ཨོ་རྒྱན་རྫོང་ན་མཁའ་འགྲོ་མ་ཞིག་ལྷག་པར་གསོལ་བ་འདེབས་ཤིང་མཉེས་ནས་གདའ་ཟེར་རོ། །དེ་ནས་དར་ཅིག་ན་སྐྱེས་བུ་ཆེན་པོ་བབས་ཏེ། དོ་ནུབ་ལས་དག་དམ་ཚིག་གཙང་བས་ཡོང་། ཁྱེད་ཀྱི་གདུལ་བྱ་ཉི་མ་ལྷོ་ནུབ་མཚམས་ན་ཡོད་ཟེར་རོ། །ག་ན་ཡོད་དྲིས་པས། འདི་ནས་ཉི་མ་གསུམ་ཙམ་ཕྱིན་པ་ན་སྙེའི་ཕྱོགས་ཀྱི་རི་ལ་གུ་རུའི་བཞུགས་གནས་ཨོ་རྒྱན་རྫོང་བྱ་བའི་བྲག་ཕུག་ཆེ་བ་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང་དེ་ན་རྒྱུན་དུ་མཁའ་འགྲོ་མང་པོ་རང་བཞིན་གྱིས་གནས་པ་ཡོད། དེ་ཁྱེད་ཀྱི་བཞུགས་གནས་ཡིན། ཆོས་དང་འགྲོ་དོན་ཤིན་ཏུ་འཕེལ། དེར་གཤེགས་པར་ཞུ་ཟེར་རོ། །འོ་ན་ང་ལ་སློབ་མ་འགྲོ་དོན་བྱེད་པ་དུ་ཡོང་དྲིས་པས། སུམ་ཅུ་འོངས། དེའི་ནང་ནས་སེམས་ཅན་དུ་མ་ལ་ཕན་པ་བཅུ་གཅིག་འོངས། ཁྱད་པར་ཅན་དགུ་འོངས་ཟེར་ནས་དར་ཅིག་ན་ཁྱེད་ཚོ་བླ་མ་འདི་འདྲ་དང་འཕྲད་པ་འཚེངས་པ་ཡིན་ཟེར་དུས། ཐམས་ཅད་ཀྱིས་ཐོས་པར་མཁའ་འགྲོའི་རང་སྒྲ་དི་རི་རི་བ་དང་། སིལ་ཆོམ་དང་འུར་ཆོམ་མང་པོ་བྱུང་ངོ་། །ཚེས་བརྒྱད་ཀྱི་ཕྱི་དྲོ་ཆོས་སྐྱོང་གི་གཏད་རྒྱ་བྱེད་དུས། སྲོག་སྒྲུབ་མས་ངའི་སྒྲུབ་ཐབས་མི་ཀློག་པ་ཞུ་ཟེར་བ་རྣལ་འབྱོར་མ་ཞིག་གིས་ཐོས་སོ། །

དེ་ནས་དར་ཅིག་ན་ཉི་མ་ནུབ་དུས་བླ་མའི་གསུང་གིས། མཁའ་འགྲོ་སྙིང་ཏིག་གི་དབང་ཁྲིད་ཐམས་ཅད་ཡོངས་སུ་རྫོགས་པས་དོ་ནུབ་གཟོབ་ཅིག །གསུང་དུས་ཆང་མི་གདའ་ཞུས་པས། ཁ་སིང་ནས་མཁའ་འགྲོ་མ་རྣམས་ཀྱིས་དངོས་གྲུབ་བྱིན་པ་ཡིན། དོ་ནུབ་མཁའ་འགྲོ་བོས་ཀྱང་ཨེ་འོང་བལྟའོ་སྦང་རྫ་ལ་ཆུ་རྒྱོབ་ལ་ཚོགས་ཤིག་ངས་བྱིན་གྱིས་བརླབ་བོ་གསུངས་ནས། དེ་བཞིན་བཙགས་པས་རྫ་མ་གཅིག་གང་བྱུང་། དེས་ཆོག་ལས་ཆེ་ཞུས་པས། དོ་ནུབ་ཙམ་དགོས་བྱེད་པ་ཡིན་མི་འདང་ན་ཚོགས་ཤིག་གསུངས་ནས་བཙགས་པས་ཐམས་ཅད་ཆང་རྒོད་བཙགས་པ་ལྟར་བྱུང་ནས་རྣལ་འབྱོར་ཕོ་མོ་ཐམས་ཅད་བཟི་བ་(༡༢༨)བྱུང་དུས། ང་དངོས་པོས་སྤྲུལ་བསྒྱུར་བྱེད་པ་བྱ་བ་ཡིན་གསུངས་ནས་ཀུ་རེ་ཡང་མཛད་དོ། །དེ་དུས་གཡུ་སྒྲོན་མས་ངའི་གནས་སུ་གཤེགས་པར་ཞུ་ཟེར་ནས་བྱུང་བ་ལ་ཞལ་བཞེས་མཛད་པས་དགའ་ནས་སྔོན་ལ་འགྲོ་བར་ཞུ་ཟེར་ནས་སོང་དུས། སྔགས་སྲུང་བབས་ནས་བཞུད་དུས་ཐུགས་དཀྲུགས་པ་ཞིག་འོང་བར་འདུག་ཟེར་རོ། །དེ་ནས་དར་ཅིག་ན་ནམ་གྲུ་མ་བབས་ཏེ་མི་བཞུད་པར་ཞུ་ཟེར་དུས། བླ་མས་ཁྱེད་མི་མ་ཡིན་རྣམས་ལ་ངས་ཟབ་ཆོས་དེ་འདྲ་བཤད་ཀྱང་གོ་བ་མི་འདུག་དགའ་མི་དགའ་བློའི་ཆོ་འཕྲུལ་ཡིན་མོད། ང་ཡོད་སར་ཤོག་ཟེར་ནས་མ་གནང་བར། ཏིང་ངེ་འཛིན་གྱི་དབང་བསྐུར་ཞིག་མཛད་པས་ངོ་མཚར་ཆེ་ཐུགས་ལ་བཏགས་ཟེར་རོ། །ཁར་སང་ནས་གར་ཕྱིན་དྲིས་པས། འབྲོག་ཏུ་ཕུད་ཅིག་སྡུད་དུ་ཕྱིན་ཟེར་རོ། །དེ་དུས་ཕྱུག་ནད་མང་པོ་བྱུང་འདུག་གོ། །དེ་ནས་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་རང་རང་གི་གོས་དང་། རྒྱན་དང་རིན་པོ་ཆེ་ལ་སོགས་པའི་མཎྜལ་ཕུལ། སྒྲུབ་པའི་དམ་བཅའ་བྱས་པས། བླ་མའི་གསུང་གིས་ངའི་ཆོས་འདི་ལ་གཏོང་ཕོད་ཆེ་ཞིང་སྒྲུབ་པ་ལ་བརྩོན་པ་མང་པོ་འབྱུང་བར་འདུག་གསུངས་ནས་དགྱེས་ཏེ་འོད་གསལ་སྦུབས་འཇུག་གི་གདམས་པ་ཤིན་ཏུ་ཟབ་པ་ཞིག་གསུངས་སོ། །དེ་དུས་ངའི་གདམས་པ་འདི་འདྲ་འཛམ་བུ་གླིང་ན་དཀོན་པས་འོད་ལུས་མྱུར་དུ་འགྲུབ་པ་ཡོད་གསུངས་སོ། །དེ་ནས་ཚེས་བཅུ་གསུམ་ལ་དབང་གོང་མ་མཛད་དུས། སྔར་གྱི་སློབ་མ་ཁམས་པ་ཞིག་གིས་མི་རིགས་པའི་སྤྱོད་པས་ཐུགས་དཀྲུགས་དུས། ཆོས་འདི་ལ་སློབ་མ་དམ་ཉམས་རེ་ཡོང་བར་འདུག་གསུངས་ནས་སྐོང་བཤགས་གཅིག་མཛད་དེ་གཤེགས་སོ། །འགྲོ་ཁར་ཐུགས་དཀྲུགས་པ་ཞིག་འོངས་ཟེར་བ་དེ་ཡིན་པར་གདའོ། །

དེ་ནས་འོངས་པའི་ལམ་ཁ་འཕྱུག་པོ་བྲག་ཏུ་ཚོགས་མཛད་དུས་འཇའ་ཚོན་མང་པོ་བྱུང་ཞིང་མཁའ་འགྲོའི་ལྟས་མང་པོ་ཡང་བྱུང་ངོ་། །དེ་ནས་གཤེགས་པའི་ལམ་དུ་སྤྲིན་མེད་པའི་ཉི་མ་ཚ་བས་གདུངས་པ་ན། གསོལ་འདེབས་མཛད་པས་གློ་བུར་དུ་སྤྲིན་འདུས་རླུང་རབ་ཏུ་མི་ཆེ་བ་ལངས་ཏེ་གཡུ་སྒྲོན་མས་བསུ་བའི་སྣང་བ་ཡང་བྱུང་སྟེ། མཆིལ་མོར་ཚོགས་མཛད་པས་མཁའ་འགྲོའི་ལྟས་དུ་མ་ཡང་བྱུང་ངོ་། །དེ་ནས་ཤུག་གསེབ་(༡༢༩)ཏུ་གདན་དྲངས་དུས། རྣལ་འབྱོར་མ་ཞིག་ལ་མཁའ་འགྲོ་བབས་ནས་ཞག་དྲུག་ཏུ་མཁའ་འགྲོའི་རང་སྒྲ་སྒྲོགས་ཤིང་བླ་མ་ཨོ་རྒྱན་དུ་གཤེགས་པར་ཞུ་ཟེར་རོ། །དེ་དུས་སུ་འཇའ་ཚོན་རྒྱུན་མ་ཆད་པར་ཉིན་རེ་བཞིན་བྱུང་ངོ་། །དེ་ནས་གངས་རི་ཐོད་དཀར་དུ་རི་ཁྲོད་བཏབ་ནས་ཨོ་རྒྱན་རྫོང་དུ་བཏགས་ཏེ་བཞུགས་ཤིང་། དབང་ཁྲིད་གདམས་པ་དང་བཅས་པ་མཛད་དུས་སུའང་མཁའ་འགྲོ་གློ་བུར་དུ་བབས་ཤིང་ལྟས་མང་པོ་དང་ནམ་མཁའ་འཇས་ཁེངས་ཤིང་། གཟིམ་ཁང་དང་ནམ་མཁའ་འཇའ་ཚོན་ལྔ་ལྡན་གྱིས་འབྲེལ་བ་སྐབས་སུ་བྱུང་བ་ཀུན་གྱིས་མཐོང་ངོ་། །དེ་ནས་དབང་ཁྲིད་རྣམས་གྲུབ་རྟིང་རྣལ་འབྱོར་པ་འོད་ཟེར་གོ་ཆས་སྔར་གྱི་མཁའ་འགྲོ་སྙིང་ཏིག་གི་གདམས་པ་རྣམས་ལ་དབང་ཁྲིད་ངོ་སྤྲོད་ལ་སོགས་པའི་ཡིག་ཆ་མཛད་པར་ཞུས་ཏེ། ཚོགས་གཏོར་གྱི་སྦྱིན་བདག་བྱས་ཏེ། སྟོན་ཟླ་ར་བའི་ཚེས་བརྒྱད་ནས་སྐུ་མཚམས་མཛད་ཅིང་། བཅུ་ནས་ཡིག་ཆའི་དབུ་བཙུགས་པས། ནམ་མཁའ་འཇས་ཁེངས་ཤིང་མཁའ་འགྲོའི་རྣམ་འགྱུར་དང་། གཟིམས་ལམ་དུ་གསོལ་བ་འདེབས་པའི་བུད་མེད་དང་། སྐྱེས་པའི་ཚོགས་མང་པོས་ཕྱག་འཚལ་བསྐོར་བ་བྱེད་ཅིང་། ཐུགས་ལ་བཏགས་ཐུགས་རྗེས་འཛིན་པར་ཞུ་ཟེར་བ་བྱུང་ཞིང་མཚན་མོ་ཕྱོགས་ཐམས་ཅད་དུ་མཁའ་འགྲོའི་རང་སྒྲ་མང་པོ་དང་། ཉེ་འཁོར་གྱི་སྒོམ་ཆེན་པ་རྣམས་ལའང་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་སྔར་མེད་པ་དུ་མ་བྱུང་ངོ་། །དེ་ལྟར་ཟླ་བ་དང་པོ་དང་། སྟོན་ཟླ་གཉིས་པའི་བར་དུ་ཉིན་མཚན་དུ་བླ་མ་མཁའ་འགྲོ་ལ་གསོལ་བ་འདེབས་ཤིང་ཡིག་ཆ་མཛད་དུས། གཞན་ལ་ཕན་ཐོགས་པའི་རྟེན་འབྲེལ་དང་གཟིམས་ལམ་དང་། ཉམས་སྣང་དཔག་ཏུ་མེད་པ་དང་། ཉིན་རེ་བཞིན་གངས་རི་ཐོད་དཀར་གྱི་མགུལ་གཟིམ་ཆུང་གི་སྟེང་དུ་འཇའ་འོད་འཁྱིལ་བ་དང་། འོད་ཀྱི་སྣང་བ་ཡ་མཚན་ཅན་མང་པོ་བྱུང་ངོ་། །དེ་ནས་སྟོན་གྱི་ཟླ་བ་གསུམ་པའི་ཚེས་གཅིག་ལ་ཡོངས་སུ་རྫོགས་པར་གྲུབ་པའི་དགའ་སྟོན་མཛད་ནས། རྣལ་འབྱོར་པ་ཐམས་ཅད་ཀྱིས་བཀྲ་ཤིས་བརྗོད་དུས་ནམ་མཁའ་འཇས་ཁེངས་ཏེ་བཀྲ་ཤིས་པའི་རྟགས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །

དེ་འདྲའི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ། །གུ་རུའི་ཐུགས་སྲས་དྲི་མེད་(༡༣༠)འོད་ཟེར་ནི། །གང་དང་གང་དུ་བཞུགས་པ་དེ་དང་དེར། །རང་བཞིན་མཁའ་འགྲོའི་འདུ་བ་རྒྱུན་མི་ཆད། །བཀྲ་ཤིས་དགེ་མཚན་དུ་མས་རབ་བརྒྱན་ཅིང་། །འགྲོ་བའི་དོན་གཉིས་མཛད་ལ་ནོར་བུ་བཞིན། །སྔོན་རབས་དུས་ནས་ཐུགས་རྗེའི་རླབས་ཆེ་བས། །མགོན་དུ་མཛད་པ་དེ་ལ་གུས་ཕྱག་འཚལ། །བླ་མ་ལ་གུས་གཙུག་གི་ནོར་བུ་བཞིན། །བདོག་པ་ཀུན་གྱིས་རྟག་ཏུ་མཆོད་མཛད་ཅིང་། །གང་ལའང་མ་ཆགས་དངོས་འཛིན་འཁྲུལ་པ་ཞིག །གཟའ་གཏད་བྲལ་བའི་སྤྱོད་ལ་དགྱེས་མཛད་པ། །འགྲོ་བའི་ལམ་སྟོན་དེ་ལ་གུས་ཕྱག་འཚལ། །རྟག་ཏུ་ཞི་ལ་ཡང་དག་རབ་གཞོལ་བས། །རྣམ་གཡེང་མི་མང་སྤྲོས་པ་ཀུན་ལས་འདས། །གཞན་ཡང་དེ་ལ་སྦྱོར་བས་ལེགས་བསྐུལ་བས། །ཏིང་འཛིན་གླང་པོ་དེ་ལ་གུས་ཕྱག་འཚལ། །གོང་དུ་འོད་གསལ་ཆུ་ཟླ་སྟོང་པའི་ངང་། །རང་ཡང་བཞུགས་ནས་འགྲོ་བ་འགོད་པར་མཛད། །ཉོན་མོངས་རྟག་ཞི་དབེན་པའི་རི་ངོགས་སུ། །དྲང་སྲོང་སྤྱོད་པ་ཀུན་གྱི་ལེགས་གནས་པའི། །འཕགས་པའི་བརྟུལ་ཞུགས་ནོར་བདུན་གཙོར་མཛད་པ། །ཞི་བའི་མཛོད་བརྙེས་དེ་ལ་གུས་ཕྱག་འཚལ། །ཤེས་བྱའི་སྐར་ཚོགས་ཐུགས་ལ་རབ་བཀྲ་བས། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་པར་དག །ཚིག་དོན་སྣ་ཚོགས་ཐབས་ཀྱིས་འགྲོ་འདུལ་བ། །མཁས་པའི་བླ་མ་དེ་ལ་གུས་ཕྱག་འཚལ། །རང་གཞན་གཞུང་ལུགས་རྒྱ་མཚོའི་སྙིང་པོ་ལས། །ཟབ་མོའི་དེ་ཉིད་གཟིགས་པ་མཐའ་ཡས་པས། །ངེས་དོན་རྒྱུད་སྡེའི་དགོངས་པ་གཙོར་མཛད་པ། །གསང་སྔགས་སྡོང་པོ་དེ་ལ་གུས་ཕྱག་འཚལ། །སྐུ་ཚེ་སྔ་མའི་སྔ་མར་ལེགས་སྦྱངས་པས། །ཕལ་ཆེར་ཐོས་པས་དོན་རྣམས་ཐུགས་སུ་ཆུད། །རང་བྱུང་པདྨའི་དགོངས་གཏེར་རྒྱས་མཛད་པའི། །བསྟན་པའི་མངའ་བདག་དེ་ལ་གུས་ཕྱག་འཚལ། །འདི་ཡི་གཞུང་ལུགས་ཟབ་ཅིང་རྒྱ་ཆེ་བས། །ཐར་པར་འགྲོ་བའི་ཤིང་རྟ་རིན་ཆེན་མཆོག །རྡོ་རྗེ་སྙིང་པོའི་ཐེག་པ་གསལ་མཛད་པ། །རིག་འཛིན་རྒྱལ་བའི་ཞིང་དུ་འགྲོ་སྒྲོལ་བས། །ཐུགས་རྗེ་མངའ་བ་དེ་ལ་གུས་ཕྱག་འཚལ། །ཇི་སྙེད་མཁྱེན་ཀྱང་ད་དུང་ལེགས་བཤད་འཚོལ། །སྒོམ་ལས་འདས་ཀྱང་ད་དུང་དབེན་པར་དགྱེས། །(༡༣༡)ཉོན་མོངས་བརྒལ་ཡང་ད་དུང་བག་མེད་འཛེམ། །རྒྱ་མཚོ་ལྟར་ཟབ་དེ་ལ་གུས་ཕྱག་འཚལ། །ལྟ་བའི་རང་བཞིན་མཁའ་ལྟར་ཡངས་པ་ལ། །སྒོམ་པའི་ཉི་ཟླ་རང་བཞིན་འོད་གསལ་བས། །སྤྱོད་པའི་འོད་སྟོང་འགྱེད་ལ་ཀློང་ཡངས་པ། །དྲི་མེད་འོད་ཟེར་དེ་ལ་གུས་ཕྱག་འཚལ། །སྔ་རབས་གོམས་པའི་བྱིན་རླབས་པད་རྫིང་ལས། །སྐལ་བཟང་བུང་བའི་ཚོགས་རྣམས་དགའ་མཛད་ཅིང་། །དམ་ཆོས་བདུད་རྩིས་འགྲོ་ཀུན་ཚིམས་མཛད་པ། །པདྨ་ལས་འབྲེལ་རྩལ་ལ་གུས་ཕྱག་འཚལ། །ཐུགས་རྗེ་རང་བཞིན་དཔག་ཡས་གཏིང་མཐའ་མེད། །མཐའ་གྲོལ་ཡེ་བབས་གཞི་རྫོགས་ཆེན་པོའི་ངང་། །དུས་གསུམ་དུས་བཞི་དུས་རྣམས་རྒྱུན་ཆད་མེད། །ཀློང་ཆེན་རབ་འབྱམས་དེ་ལ་གུས་ཕྱག་འཚལ། །འདི་ཡི་མ་ཆགས་གཏོང་བའི་ཁྱད་པར་ཅན། །ཆོས་ཆེན་ཆར་གྱིས་འགྲོ་བ་བསིལ་མཛད་གཉིས། །ཕན་ཚུན་འགྲན་ལ་རབ་ཏུ་ཞུགས་པའི་ཚེ། །འཇིག་རྟེན་ཆོས་བརྒྱད་རྩད་ནས་བཏོན་པར་འགྱུར། །གང་ལ་མི་རྟོག་ཏིང་འཛིན་གྲུ་ཆེན་དང་། །ཆོས་རྣམས་རབ་འབྱེད་ཤེས་རབ་ཁ་ལོ་སྒྱུར། །དུས་དང་མཐུན་པའི་བ་དན་རབ་གཡོ་བས། །ཐར་པའི་སྐམས་སར་འགྲོ་བ་འདྲེན་ལ་བརྩོན། །དགེ་ལེགས་ཐུགས་རྗེའི་སྤྲིན་ཕུང་འཁྲིགས་པ་ལས། །བྱིན་རླབས་བདུད་རྩིའི་ཆར་ཆེན་རབ་འབབས་པས། །དད་བརྒྱའི་པད་མཚོ་ངང་གིས་གང་གྱུར་ཅིང་། །ཕུན་ཚོགས་ལོ་ཏོག་རྒྱས་ལ་མངོན་སུམ་གྱུར། །དེ་འདྲའི་མཚུངས་མེད་ཆོས་རྗེ་ཉི་མ་ནི། །དྲི་མེད་ཚུལ་ཁྲིམས་པདྨ་ལྟ་བུ་སྟེ། །འོད་ཟེར་བློ་གྲོས་བཟང་པོའི་ལས་འབྲེལ་རྩལ། །མཚན་གསུམ་དོན་མཐུན་གྱུར་ལ་གུས་ཕྱག་འཚལ། །རང་བཞིན་ཀུན་གྱི་དོན་གཉིས་ཕུན་ཚོགས་ཤིང་། །བདེ་ལེགས་ཀུན་གྱི་འབྱུང་གནས་འགྲོ་བའི་གཉེན། །དམ་ཆོས་ཀུན་གྱི་ཡེ་ཤེས་བང་མཛོད་ནི། །དུས་རྣམས་ཀུན་ཏུ་སྐྱེ་དགུའི་བླ་མར་ཤོག །དད་བརྒྱའི་ཆུ་འཛིན་ཕྱོགས་ཀྱི་མཐར་ཁྱབ་པས། །སྙན་པའི་བསྟོད་དབྱངས་སྤྲིན་གྱི་རྔ་སྒྲ་ཅན། །དགེ་ལེགས་གློག་ཕྲེང་བྲོ་གར་བྱེད་པ་ཡིས། །ཕན་བདེའི་ཆར་ཆེན་འབེབས་ཏེ་བསྔགས་པར་ཤོག །བསོད་ནམས་སྟོན་ཀའི་རི་བོང་འཛིན་གཟུགས་ཅན། །ཕུན་ཚོགས་རྒྱུ་སྐར་ཕྲེང་བའི་དབུས་ན་མཛེས། །དགེ་ཚོགས་འོད་(༡༣༢)དཀར་དུ་མའི་སྣང་བ་ཡིས། །ཟབ་གཏེར་ཀུནྡ་ཕྱོགས་བཅུར་རྒྱས་པར་ཤོག །འདི་འདྲའི་བབས་ཚུལ་ངོ་མཚར་རྨད་བྱུང་གང་། །སྐལ་བཟང་དུ་མའི་དབང་དང་བཅས་པ་ཞིག །དངོས་སུ་བྱུང་ཡང་དེང་སང་དུས་སྙིགས་པས། །བདུད་རིགས་སྐྱེ་བོའི་སྒྲོ་སྐུར་གནས་སུ་འགྱུར། །དེ་བས་འདི་ཉིད་རབ་ཏུ་གསང་བར་བྱ། །སྙིང་དང་འདྲ་བ་གཅིག་ལ་གཏོད་ན་ཡང་། །མ་སྤེལ་དམ་ཚིགས་བཀའ་སྲུང་དཔང་ཚུགས་ཤིང་། །ཆིག་བརྒྱུད་བསྟན་ལ་ཡིད་ཆེས་བསྐྱེད་ཕྱིར་གཞག །ཚུལ་འདི་གངས་རི་ཐོད་དཀར་ཨོ་རྒྱན་རྫོང་། །འཕགས་པའི་རི་ངོགས་མཛེས་ཤིང་ཉམས་དགའ་བར། །ཕྱི་རབས་སྐལ་ལྡན་སྤྲོ་བ་བསྐྱེད་པའི་ཕྱིར། །ལེགས་སྦྱར་མེ་ཏོག་འབྲས་བུ་ལེགས་སྨིན་པས། །སྐལ་ལྡན་བུང་བ་རབ་ཏུ་དགའ་བར་མཛོད། །མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉི་མའི་འོད་ཟེར་གྱིས་སྣང་བར་བྱས་པའི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ་གྱིས་ཟབ་གཏེར་མངོན་པར་འབྱུང་བའི་ལོ་རྒྱུས་ཆ་ཙམ་ཞིག་མདོར་བསྡུས་ཏེ་རྣམ་པར་བཀོད་(༡༣༢)པ་འདི་རེ་ཞིག་རྫོགས་སོ། །འདི་རབ་ཏུ་གསང་བའི་ནན་ཏན་དུ་བྱའོ། །དགེའོ།། །།


previousམཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲྭ་བ།next