ལྔ་བ་གོ་རིམ།
ལྔ་བ་གོ་རིམ་ནི།
རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་དང༌། རྒྱན་གྱི་ས་འགྲེལ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་སྐྱེ་བ་རྒྱུ་འབྲས་ཀྱི་དབང་དུ་བྱས་ཏེ་གོ་རིམ་ངེས་ཚུལ་ནི། སྦྱིན་པས་ལུས་དང་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་ཅིང༌། ཚུལ་ཁྲིམས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པ་ལས་བཟོད་པ་འབྱུང་སྟེ། དཀའ་སྤྱད་དང་དུ་ལེན་པའི་བཟོད་པ་ལ་བརྟེན་ནས་བརྩོན་འགྲུས་རྩོམ་ལ། མཉམ་གཞག་ལ་སྤྲོ་བའི་བརྩོན་འགྲུས་ལ་བརྟེན་ནས་བསམ་གཏན་འབྱུང་ཞིང༌། སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་འབྱུང་བའི་ཕྱིར་རོ། །ཡང་ན་སྔ་མ་སྔ་མ་རྣམས་དམན་པ་དང་ཕྱི་མ་ཕྱི་མ་རྣམས་མཆོག་ཏུ་གནས་པའི་ཕྱིར་ཡང་རིམ་པ་ལྟར་གསུངས་པ་སྟེ། ཚུལ་ཁྲིམས་ཀྱི་གཏམ་ལས། གང་ཞིག་དད་པའི་སེམས་ཀྱིས་ནི། །ལོ་བརྒྱ་སྦྱིན་པ་བྱིན་པ་བས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་ནི། །བསྲུངས་པ་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་སྦྱིན་པ་ནི་དམན་ཞིང་ཚུལ་ཁྲིམས་ནི་མཆོག་ཏུ་གྱུར་པ་དང༌། དེ་བཞིན་དུ་བཟོད་པ་དང་བརྩོན་འགྲུས་ལ་ཡང་སྦྱར་ཏེ། མཐར་བསམ་གཏན་ནི་ཉོན་མོངས་པ་སྤོང་བ་ཙམ་གྱིས་དམན་པ་དང༌།ཤེས་རབ་ནི་ཤེས་བྱའི་སྒྲིབ་པ་མཐའ་དག་ཀྱང་སྤོང་བས་མཆོག་ཡིན་པའི་བར་དུའོ། །དེ་བཞིན་དུ་སྔ་མ་རྣམས་རགས་པ་དང་ནི་ཕྱི་མ་རྣམས་ཕྲ་བ་ཡིན་པའི་ཕྱིར་ཡང་རིམ་པ་ལྟར་གསུངས་པ་སྟེ། སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་རྣམས་ཀྱང་གཏོང་བར་བྱེད། །གང་ཡང་རུང་བའི་ཚུལ་ཁྲིམས་ནི། །ཡོངས་སུ་བསྲུང་བར་མི་ནུས་སོ། །ཞེས་གསུངས་པ་ལྟར་སྦྱིན་པ་ནི་འཇུག་པ་དང་བྱ་བ་སླ་བས་རགས་པ་དང༌། ཚུལ་ཁྲིམས་ནི་ཕལ་པ་རྣམས་ཀྱིས་འཇུག་པར་བྱ་བ་ཤིན་ཏུ་དཀའ་བའི་ཕྱིར་ཕྲ་བ་དང༌། དེ་བཞིན་དུ་བཟོད་པ་དང་བརྩོན་འགྲུས་ལའང་སྦྱར་ཏེ། མཐར་བསམ་གཏན་ནི་རྟོགས་སླ་བས་རགས་པ་དང༌། ཤེས་རབ་ནི་བསམ་གྱིས་མི་ཁྱབ་པས་ཆེས་ཕྲ་བ་ཡིན་པའི་བར་དུའོ། །དེ་ལྟ་བས་ན་སྦྱིན་པ་ལ་སོགས་པ་དྲུག་པོ་དེ་དག་སྔ་མ་སྔ་མའི་ཕྱི་མ་ཕྱི་མ་རིམ་པ་ཇི་ལྟ་བར་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །