Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚིགས་སུ་བཅད་པ་གཅིག་པ། གཉིས་པ། བཞི་པ་བཅས།
   


 
previousཚིགས་སུ་བཅད་པ་གཅིག་པ། གཉིས་པ། བཞི་པ་བཅས།next

ཚིགས་སུ་བཅད་པ་གཅིག་པ། གཉིས་པ། བཞི་པ་བཅས།

༄༅། །ཚིགས་སུ་བཅད་པ་གཅིག་པ། གཉིས་པ། བཞི་པ་བཅས་བཞུགས་སོ། །

རྒྱ་གར་སྐད་དུ། ཨེ་ཀ་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཚིགས་སུ་བཅད་པ་གཅིག་པ་རྫོགས་སོ།། །། ༈ རྒྱ་གར་སྐད་དུ། གཱ་ཐཱ་དྭ་ཡ་དྷ་ར་ཎི། བོད་སྐད་དུ། ཚིགས་སུ་བཅད་པ་གཉིས་པའི་གཟུངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང༌། །ལེ་ལོ་དང་ནི་ཅུང་ཙམ་ཆོག་པར་འཛིན། །འདོད་ཆགས་དང་ནི་ང་རྒྱལ་སྤྱོད་པ་དང༌། །འགྱོད་པ་དང་ནི་མ་ངེས་འབྱེད་པ་རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་འགྱུར་བ་སྟེ། །དེ་ཡི་གཉེན་པོ་ཐེག་པ་མཆོག་བསྟན་པ། །འདི་ཡིས་བར་དུ་གཅོད་པ་དེ་དག་གི །ཉེས་པ་ཐམས་ཅད་རབ་ཏུ་སྤོང་བར་འགྱུར། ཏདྱ་ཐཱ། ཨོཾ་བཛྲ་པྲ་ཀཱ་རཱ་བཛྲ་པྲ་ཀཱ་རཱ་བཛྲ་ཙཀྲ་དཾཥྚ་བྷ་ཡཱ་ན་ཀེ །ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཙུ་ལེ་ཙུ་ལེ། ཙུ་ལུ་ཀེ་ཙུ་ལུ་ཀེ །ཙུ་ལ་ཙུ་ལུ། སརྦ་བུདྡྷེ་སྭཱ་ཧཱ། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། །ཚིག་གམ་དོན་གྱི་སྒོ་ནས་གང་སྦྱོར་བ། །སེམས་ཅན་དམ་པ་བློ་དང་ལྡན་པ་དེས། །ཕན་ཡོན་རྣམ་པ་བཅུ་དག་ཐོབ་པར་འགྱུར། །ཁམས་རྣམས་མཐའ་དག་རྒྱས་པར་འགྱུར་བ་དང༌། །འཆི་བའི་ཚེ་ན་མཆོག་དགའ་དམ་པ་ཐོབ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང༌། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་འགྱུར། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་བ་དང༌། །དེ་བཞིན་དེ་དག་ལས་ནི་ཐེག་མཆོག་ཐོས། །མོས་པར་འགྱུར་བ་བློ་དང་བཅས་པ་དང༌། །སྒོ་གཉིས་དང་ནི་བྱང་ཆུབ་མྱུར་དུ་ཐོབ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་རྫོགས་སོ།། །། ༈ རྒྱ་གར་སྐད་དུ། ཙ་ཏུརྒཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལའང༌། །མཚན་མཆོག་སུམ་ཅུ་གཉིས་མངའ་བའི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་པ་དང༌། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆག་པ་དང་ནི་བཞེངས་པ་དང༌། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡི། །རྒྱལ་བ་བསྟེན་དཀའ་ཞེས་བྱ་བ། །དེས་ནི་ཚིགས་བཅད་འདི་གསུངས་སོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་པ་བསྟོད་བྱེད་ན། །བསྐལ་པ་བྱེ་བ་སྟོང་དུ་ནི། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཚིགས་སུ་བཅད་པ་བཞི་པ་རྫོགས་སོ། །མངྒ་ལཾ།། །།


previousཚིགས་སུ་བཅད་པ་གཅིག་པ། གཉིས་པ། བཞི་པ་བཅས།next