འདིར་སྨྲས་པ།
འདིར་སྨྲས་པ། སྤྲོས་པ་ཀུན་བྲལ་གཟོད་མའི་ཡེ་ཤེས་ཉིད། །བག་ཆགས་རྨོངས་པའི་རྒྱར་འཐུམས་སྦྱངས་པའི་ལམ། །བསམ་གྱིས་མི་ཁྱབ་འགྲོ་བློར་འཚམས་རྣམས་ཀྱིས། །བསྒྲུབས་འབྲས་བསླུ་མེད་སྐུ་དང་ཡེ་ཤེས་འགྲུབ། །གང་དག་རྒྱལ་བའི་ཕྲིན་ལས་ཡེ་ཤེས་ནི། །བསམ་མི་ཁྱབ་པར་རྟོགས་པའི་བློ་ཆེན་གྱིས། །དཔྱད་གསུམ་དག་པས་ཆོས་ཀུན་འགལ་མེད་མཁྱེན། །དེས་ནི་མཐའ་དག་ངེས་པའི་དོན་དུ་བསྒྲུབས། །དེ་ལྟར་མ་ཡིན་བློ་ཆུང་གང་ཟག་གིས། །མདོ་སྔགས་ཐེག་པའི་རྣམ་གྲངས་མཐའ་ཀླས་པ། །རྟོགས་འདོད་ནམ་མཁའི་མཐའ་འཇལ་ངལ་བར་ཟད། །དེས་ན་ཀུན་གྱི་དོན་གནད་འདུས་འདི་བསྔགས། །ཆོས་སྤྱིའི་ངེས་ཚིག་དབྱེ་དང་སྡེ་སྣོད་འབྱེད། །ཆོས་འཁོར་གྲངས་ངེས་རིམ་གསུམ་བཤད་པ་དང་། །རྒྱུ་འབྲས་ཐེག་ཁྱད་གྲུབ་མཐའ་བཞི་རུ་འབྱེད། །རྡོ་རྗེའི་ཐེག་བཤད་རྫོགས་ཆེན་གཙོ་བོར་བསྒྲུབ། །
རྡོ་རྗེའི་གནས་བདུན་རྫོགས་ཆེན་གཞི་ལམ་འབྲས། །མཐའ་དཔྱོད་ཕྱག་ཆེན་རྣམ་གཞག་ཕྱག་རྫོགས་ཁྱད། །འདི་རྣམས་རང་ལ་སྐྱེས་སྦྱངས་ཡོན་ཏན་ཆ། །ཕྲ་རུང་མཚུངས་མེད་བླ་མའི་དྲིན་ལས་རྙེད། །དུག་ཅན་བསམ་པས་བསླད་པའི་བསྟན་བཅོས་ལ། །རྣམ་མཁྱེན་འཐོབ་པའི་ཡོན་ཏན་ཉིན་མོའི་སྐར། །གཞན་ཕན་དང་ལེན་སེམས་བསྐྱེད་རྩིས་ཟིན་པའི། །བདུད་རྩིས་ལྕགས་ཁམས་གསེར་དུ་ཅིས་མི་འགྱུར། །དཔེ་མང་ཀློག་དང་ཡུན་རིང་ཐོས་བསམ་ལ། །འབད་པར་མི་ནུས་རང་འདྲར་འགྱུར་ཆེ་བས། །རྟོགས་དཀའི་གནས་རྣམས་རི་དྭགས་ལྟེ་བས་བཅུད། །བསོག་པའི་ངང་ཚུལ་ལ་བསྒྲུན་ཉིད་ཀྱིས་གྲུབ། །སྔོན་ཆད་མ་གྲགས་གསར་བྱུང་བསྟན་བཅོས་ནི། །བརྗོད་དོན་སྟོང་ཞིང་བསྟན་ལས་ཕྱི་རོལ་འགྱུར། །དེས་ན་འདི་ཉིད་ལྟ་རྣམས་སྔོན་གཞུང་དུ། །ཡོད་པ་ཡང་བསྐྱར་བལྟ་བདེར་བཀོད་དྲན་གནད། །དེང་དུས་འགའ་ཞིག་ཐོས་བསམ་ལས་ཕྱིར་ཕྱོགས། །འགའ་ཞིག་ཐོས་པས་དྲེགས་ཏེ་ངེས་པའི་དོན། །
བཤད་ལ་མཚར་དུ་མི་འཛིན་ག་གེ་མོར། །ཡོད་ཅེས་རང་རིག་གླེགས་བམ་གནས་མི་དྲན། །བདག་ནི་རིས་སུ་མ་ཆད་གསར་རྙིང་གི། །ཆོས་དང་དེ་འཛིན་བཅས་ལ་སྙིང་ནས་གུས། །ཚིག་དོན་ཕྲ་མོ་རེ་ཙམ་གོ་ན་ཡང་། །བསམ་མི་ཁྱབ་པའི་ངེས་ཤེས་ཁོ་ནས་སྤྲོ། །དེས་ན་འདིར་ཡང་སྐྱེ་དང་ཚེ་རབས་ཀུན། །རང་ཉིད་འདི་ལྟའི་ཆོས་ལ་མིག་རྣོ་བས། །མཁས་དང་གྲུབ་པའི་བདག་ཉིད་དུ་གྱུར་ཏེ། །མཆོག་གསང་བསྟན་ལ་བྱ་བ་བགྱི་ནུས་པའི། །བག་ཆགས་རྒྱུད་ལ་གོམས་སླད་ངལ་བས་བསྐྲུན། །ཨ་ཧོ། དལ་འབྱོར་ལུས་ཀྱི་ལྗོན་བཟང་ཐོབ་པ་འདིའི། །ལེགས་བྱས་དགེ་ཚོགས་མཐའ་དག་གཅིག་བསྡོམས་ཏེ། །ཡང་གསང་རྫོགས་པ་ཆེ་དང་གཞན་སྟོང་པའི། ། བསྟན་ལ་བྱ་བ་བགྱིས་པའི་ཆེད་དུ་བསྔོ། །དགེ་དེས་སྐྱེ་ཀུན་རང་གིས་རིགས་མཐོང་དང་། །ཐོས་པའི་ཕྱོགས་བཅས་འགྲོ་བ་མཐའ་དག་ཀུན། །
ངེས་པའི་ལམ་མཆོག་འདི་ལ་ཡིད་རྟོན་པས། །རྒྱལ་བ་མཆོག་དང་ཕྲིན་ལས་མཉམ་གྱུར་ཅིག །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་སོགས་ཀྱིས། །རང་ལ་བསྟོད་དམ་གཤེ་འམ་བཟང་ངན་གྱི། ། འབྲེལ་བ་ཐོབ་པ་ཀུན་ཀྱང་བྱང་གྲོལ་ལ། །མ་འཁོད་དེ་སྲིད་ཞི་བར་གཞོལ་མ་གྱུར། །མདོར་ན་མཉམ་མེད་བུ་རམ་ཤིང་པ་དེས། །ཐུགས་བསྐྱེད་དམ་བཅའི་སྨོན་ལམ་རྒྱ་མཚོའི་རྗེས། །བདག་ཅག་འཇུག་པར་སྲས་བཅས་རྒྱལ་རྣམས་ཀྱིས། །དཔང་དང་གྲོགས་སུ་གཟིགས་པས་ཡོལ་མི་མངའ། །ཐ་སྙད་རྟོག་གེས་མ་དཀྲུགས་ངེས་པའི་དོན། །བློས་བྱས་ཡིད་དཔྱོད་ལྟ་བས་བསྒྲུན་དུ་མེད། །ཚིག་དང་ཡི་གེས་མི་མཚོན་དོན་དམ་པའི། །བདེན་པ་མཆོག་དེ་མངོན་དུ་རྟོགས་གྱུར་ཅིག །དེ་ལྟར་མདོ་སྔགས་རྒྱུད་སྡེ་ཀུན་གྱི་དཀའ་གནད་རྣམས་སྔོན་བྱོན་མཁས་པ་རྣམས་ཀྱིས་མཛད་པ་ལས་ཁོལ་དུ་ཕྱུང་སྟེ་དཔེ་མང་ཀློག་པའི་ངལ་བ་སྤང་སླད་ཉེར་མཁོར་བྲིས་པ་སྦྲང་ཆུང་རྩི་བཅུད་ཅེས་པ་འདི་ནི་རང་གི་དྲན་གསོས་དང་བརྗེད་བྱང་ཚུལ་དང་གཞན་རེ་གཉིས་ལའང་ཕན་རེས་རང་ལོ་ཉེར་ལྔ་པ་སྐྱེས་
བདག་ལྕགས་ལུག་ལོར་ཁྲུམས་སྟོད་ཟླ་བའི་ཡར་ཚེས་དང་པོ་ལ་རྡོ་རྗེ་ལྷུན་གྲུབ་རྩལ་ལམ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་རང་གནས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་གྲུབ་པར་སྦྱར་བས་དྲིན་ཆེན་བླ་མ་རྒྱལ་ཚབ་རིན་པོ་ཆེའི་ཐུགས་ཀྱི་དགོངས་བཞེད་མཐའ་དག་གེགས་མེད་ཉིད་དུ་འགྲུབ་པ་དང་། མཚུངས་མེད་རབ་འབྱམས་པའི་སྤྲུལ་པའི་ཟློས་གར་མྱུར་དུ་གསལ་བའི་སྐལ་བཟང་ལ་ལོངས་སུ་སྤྱོད་པར་གྱུར་ཅིག །ཚུལ་བཞིན་སྦྱངས་པས་ཟབ་མོའི་གནས་ཤེས་པར་དག་ལས། རང་མཐོང་མ་སྤངས་པའི་ཐོས་དྲེགས་ཅན་རྣམས་ལ་གསང་རྒྱ་ཟབ་རྒྱ་བྱས་ན་ལེགས་ཏེ། དེ་རྣམས་ལ་ཟབ་མོའི་ཆོས་ཀྱི་ངེས་ཤེས་སྐྱེ་བར་མི་འགྱུར་བས་སོ། །སརྦ་མངྒ་ལཾ།། །།