Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
གསུང་རྣམ་པར་དག་པ།
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   


 
previousགསུང་རྣམ་པར་དག་པ།next

གསུང་རྣམ་པར་དག་པ།

གསུང་རྣམ་པར་དག་པ་ནི།

ངག་གི་སྐྱོན་བརྫུན་སྨྲ་བ་དང༌། ང་རོའི་སྐྱོན་གདངས་མི་སྙན་པ་དང༌། བྱེད་ལས་ཀྱི་སྐྱོན་ཡིད་མི་བདེ་བར་བྱེད་པ་སོགས་དང༌། རྩོལ་པའི་སྐྱོན་ཧ་ཅང་མྱུར་ཆེས་པ་ལ་སོགས་པ། གསུང་ལ་སྐྱོན་མཐའ་དག་སྤངས་ཤིང་རྣམ་པར་དག་པ་དང༌། གསུང་གི་ཡོན་ཏན་གྱི་སྒོ་ནས་དབྱངས་སྙན་པ་ནི། ཐེག་དམན་ལྟར་ན་གསུང་དབྱངས་ཡན་ལག་ལྔ་ལྡན་ནམ། ཐེག་ཆེན་ལྟར་ན་ཡན་ལག་དྲུག་ཅུ་ལ་སོགས་པའོ། ། སྐུའི་འཕྲིན་ལས་ནི། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་ནི། སྐུའི་ཡན་ལག་དང་ཉིང་ལག་གི་ཆ་ཤས་རེ་རེའི་མཛེས་སྡུག་གིས་ཀྱང༌། ཁམས་གསུམ་གྱི་མཛེས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར། བལྟས་པས་ཚིམ་པ་མེད་པའོ། །སྐུ་མཚུངས་པ་མེད་པ་ནི། ཁམས་གསུམ་དང་འགྲོ་བ་དྲུག་དང༌། སྐྱེ་གནས་བཞིར་གཏོགས་པ་རྣམས་ལ། བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་དང་དབྱིབས་ལས་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས། མཉམ་པར་མཚུངས་པ་འགའ་ཡང་མ་དམིགས་པའོ། །འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ་ཞེས་ཚིག་གསུམ་གྱིས་བཅོམ་ལྡན་འདས་དེ། ༦གང་ལ་གནས་པ་བསྟན་ཏེ། དེ་ཡང་ཁམས་གསུམ་ལ་མི་གནས་ཏེ་ཆོས་ཀྱི་དབྱིངས་ལ་བཞུགས་ཤིང༌། ཁམས་གསུམ་དུ་སྤྱོད་པ་ན་ཡང་ཁམས་གསུམ་གྱི་སྐྱོན་གྱིས་མ་གོས་ཞེས་པའོ། །དེ་ལ་འདོ༵ད་ཁམས་ན་སེམས་ཅན་གྱི་དོན་མཛད་པའི་ཚེ། འདོད་པ༵་ལ་འདུན་པ་དང༌། གནོད་སེམས་ད༵ག་གི༵ས་མ༵་གོ༵ས་པ༵་དང་གཟུ༵གས་དང་གཟུགས་མེད་པའི་ཁམས་སུ་སྤྱོད་པའི་ཚེ། དེ་ད༵ག་གི༵ས་བསམ་གཏན་ལ་སྙོམས་པར་འཇུག་པའི་སྐྱོན་སྲེད་པ། ལྟ་བ་དང༌། ང་རྒྱལ་དང༌། ཐེ་ཚོམ་ལ་སོགས་པས་ཉེ༵་བ༵ར་ཏེ་ལྷག་པར་མ༵་གོས་ཞེས་པ་དེ་ཡང་འདོད་གཟུགས་དག་ནི་ལུས་ངག་དང་འབྲེལ་བའི་ཕྱིར་དེ་དང་དེས་མ་གོས་པ་ཞེས་མཚུངས་པར་སྦྱར་ལ། གཟུ༵གས་མེ༵ད་ཁམས་ན་གོས་པའི་ཚུལ་དེ་མེད་པའི་ཕྱིར། མ༵་འདྲེ༵ས་པ༵་ཞེས་བསྟན་པར་བཞེད་དེ། གཟུགས་མེད་ཁམས་ན་གཟུགས་མེད་པ་ཁོ་ནའི་ལུགས་ལྟར་ན་སྒྲ་ཇི་བཞིན་དུ་སྦྱར་ལ། གཟུགས་ཡོད་པའི་ལུགས་ལའང༌། དེ་ཤིན་ཏུ་ཕྲ་བ་ཡིན་པའི་ཕྱིར། དེ་ལྟར་འཆད་པ་མི་འགལ་ལོ། །མདོར་བསྟན་སྡུག་བསྔལ་ལས་རྣམ་པར་གྲོལ་བ། རྒྱས་བཤད་ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ་ཞེས་ཚིག་བཞིས་སེམས་ཅན་གྱི་དོན་སྤྱོད་པ་ན་༧གང་ལ་ཡང་མ་ཆགས་པར་བསྟན་ཏེ། སྲིད་ཞིའི་སྡུག་བསྔལ་མ་ལུས་པ་ལས་གྲོལ་བའོ། །ཕུང་པོ་རྣམས་ནི་ཡང་ཡང་སྐྱེ་བའི་མཚན་ཉིད་ཅན་གྱི་ཕྱིར། དེ་བཞིན་གཤེགས་པ་སྐྱེ་བ་མེད་པས་དེ་ལས་རབ་ཏུ་རྣམ་པར་གྲོལ་བའོ། ། ཁམས་རྣམས་ནི་རྣམ་ཤེས་ཡུལ་འཛིན་པ་སྐྱེ་བའི་སྒོར་འཇོག་ན། ཡུལ་དང་ཤེས་པ་ལ་བརྟེན་པའི་ཉོན་མོངས་པ་སྤངས་པའི་ཕྱིར། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་ནི་མཐོང་བ་ལ་སོགས་པ་སྐྱེ་བའི་རྒྱུའི་སྒོ་ནས་འཇོག་ལ། དེ་ལ་བརྟེན་པའི་ཉོན་མོངས་རྣམས་བསྡམས་ཟིན་པའི་ཕྱིར། སྐྱེ་མཆེད་རྣམས་བསྡམས་པའོ། །མདོར་བསྡུ་ན་ངེས་པའི་དོན་དུ་ཕུང་ཁམས་སྐྱེ་མཆེད་ལས་འདས་པའི་ཡེ་ཤེས་ཀྱི་སྐུའོ། །ད་ནི་༨སྤངས་པ་དང་ཡེ་ཤེས་ཀྱིས་འགྲོ་དོན་མཛད་ཚུལ་སྟོན་ཏེ། དེ་ལས་མདུད་པ་རྣམས་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཞེས་ཚིག་བཞིས་དང་པོར་སྤངས་པ་ཇི་ལྟ་བུ་ཞིག་གི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་དེ་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་བསྡུ་ན། ཡུལ་དང་ཕྲད་པ་མདུད་པའི་མཚན་ཉིད་ཅན་སྲེད་པ་དང༌། མ་ཕྲད་པ་ཡོངས་སུ་གདུང་བའི་མཚན་ཉིད་ཅན་ཆུ་བོའོ། །དེ་ཡང་མདུ༵ད་པ༵་བཅ༵ད་པ༵་ཉིད་ཀྱི་ཕྱིར་སྲེ༵ད་པ༵་ལ༵ས་གྲོ༵ལ་བ༵འོ། །ཡོ༵ངས་སུ༵་གདུ༵ང་བ༵་ལ༵ས་རྣ༵མ་གྲོ༵ལ་བ༵འི་ཕྱིར་ཆུ༵་བོ༵་ལ༵ས་བརྒ༵ལ་བ༵འོ། །ཞེས་སྦྱར་ཏེ་དེ་ལ་མདུད་པ་ནི། མ་གྲོལ་བ་འཆིངས་པའི་དོན་ཏེ་དེ་བཅད་པ་ནི། ལུས་དང་ལོངས་སྤྱོད་སོགས་ཕྲད་པའི་ཡུལ་ལ་སྲེད་པ་བཅད་པ་དང༌། ཡོངས་སུ་གདུང་བ་ནི་མ་ཕྲད་པའི་ཡུལ་ལ་དམིགས་ནས་ཉོན་མོངས་ཤས་ཆེར་ཀུན་ཏུ་སྤྱོད་པ་དེ་སྤངས་པའོ། །ཞེས་ཏེ་དེས་ན་སྲེད་པ་ནི་ཁམས་གསུམ་གྱི་ཡོངས་སུ་བསྡུས་པའི་སྲེད་པ་དང༌། ཆུ་བོ་ནི་ཆུ་བོ་དང་འདྲ་བར་རྒྱུན་ཕྱོགས་སུ་ཁྱེར་བ་སྟེ། ཉོན་མོངས་པས་སེམས་དབང་མེད་དུ་འཁྱེར་བའོ། །དེ་ཡང་བཞི་སྟེ། འདོད་པ་དང༌། སྲིད་པ་དང༌། མ་རིག་པ་དང༌། ལྟ་བའི་ཆུ་བོའོ། །ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། ཞེས་ཚིག་བཞིས་གཉིས་པ་ཡེ་ཤེས་ཇི་ལྟ་བུའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་བསྟན་ཏོ། །ཡེ་ཤེས་ནི་གསུམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པ་དང༌། ཐ་དད་མེད་པར་མཁྱེན་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་དུ་གཟིགས་པ་དང༌། མི་གནས་པ་མཁྱེན་པའི་ཡེ་ཤེས་ཀྱིས། འཁོར་འདས་ཀྱི་མཐའ་ལ་མི་གནས་ཤིང༌། ཡང་དག་པའི་མཐའ་ལ་གནས་པ་སྟེ། དེ་དག་ཀྱང་གོ་རིམ་བཞིན་དུ་སྦྱར་རོ། །དང་པོའི་དབང་དུ་བྱས་ནས་ཡེ༵་ཤེ༵ས་ནི་དུས་གསུམ་གྱི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་རྣམས་ལ་ཡོང༵ས་སུ༵་རྫོ༵གས་པ༵ར་ཁྱབ་པའོ། །འད༵ས་པ༵་ད༵ང་མ༵་བྱོ༵ན་པ༵་ད༵ང་ད༵་ལྟ༵ར་བྱོ༵ན་པ༵འི་ས༵ངས་རྒྱ༵ས་བཅོ༵མ་ལྡ༵ན་འད༵ས་རྣ༵མས་ཀྱི༵་ཡེ༵་ཤེ༵ས་ནི་སངས་རྒྱས་གཅིག་གི་ཡེ་ཤེས་ཡིན་ལ༵། སངས་རྒྱས་གཅིག་གི་ཡེ་ཤེས་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱང་ཡིན་པས་ན་དེ་ལ་གན༵ས་པ༵འོ། །དེ་ཡང་ཐ་དད་མེད་པར་མཁྱེན་པའོ། །མྱ་ངན་ལས་འདས་པའི་ས་ལ་མི་གནས་པ་ནི། མྱ་ངན་ལས་འདས་པའི་མཐའ་དམན་པའི་མྱང་འདས། གཞན་དོན་རྒྱུན་ཆད་པའི་དབྱིངས་ཀྱི་ས་ལ་མི་གནས་པའོ། །ཡང་དག་པ་ཉིད་ཀྱི་མཐའ་ནི། ཡང་དག་པ་ཁོ་ནའི་མཐའ་སྟེ། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་སྐུ་ལ་གནས་པ་སྟེ། འདིས་འཁོར་བ་ལ་མི་གནས་པར་བསྟན་པས། འདི་གཉིས་༩སྡོམ་པ་ནི་མི་གནས་པའི་མྱང་འདས་སོ། །སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ་ཞེས་པ་ནི། ཐམས་ཅད་ཀྱི་དོན་བསྡུའི་ཚིག་སྟེ། དེ་བཞིན་གཤེགས་པའི་སྐུ་གསུམ་ལས། ཆོས་ཀྱི་སྐུ་ནི་སེ༵མས་ཅ༵ན་ཐ༵མས་ཅ༵ད་ཀྱི་ཆོས་ཉིད་ལ༵་རང་གི་རང་བཞིན་དུ་གཟི༵གས་ཤིང་གཡོ་བ་མེད་པར་བཞུགས་པ་དང༌། ལོངས་སྤྱོད་རྫོགས་པ༵འི་སྐུ་ནི་དག་པའི་སེམས་ཅན་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་གཟིགས་ཤིང༌། ཆོས་སྟོན་པས་བཞུགས་པ་དང༌། མཆོག་གི་སྤྲུལ་པའི་སྐུ་ནི་ཉན་ཐོས་ལ་སོགས་པ་དང༌། སོ་སོ་སྐྱེ་བོ་བློའི་མིག་ཡོངས་སུ་དག་པ་རྣམས་སེམས་ཀྱི་རྒྱུད་གྲོལ་བར་བྱ་བའི་ཕྱིར། དེ་དག་གི་ཁམས་དང་མོས་པ་གཟིགས་པའི་གནས་སམ་ས༵་ལ༵་བཞུ༵གས་པ༵་ཡིན་ནོ། །དེ་ལྟར་ན་རྗེས་དྲན་ཕྱི་མ་འདི་ནི། གཏན་དུ་བཞུགས་པ་དང༌། སྐུའི་རང་བཞིན་དང༌། གང་ལ་བརྟེན་པ་དང༌། བྱ་བ་དང༌། ཐབས་དང༌། གནས་དང༌། མ་ཆགས་པ་དང༌། སྤངས་པ་དང་ཡེ་ཤེས་ཇི་ལྟ་བུས་འགྲོ་བའི་དོན་མཛད་པ་དང༌། དོན་བསྡུ་སྟེ་དོན་ཚན་དགུས་བསྡུས་པ་ཡིན་ནོ། །འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །ཞེས་པ་ནི་གོང་དུ་བསྟན་པའི་ཡོན་ཏན་ཐམས་ཅད་གཞན་ལ་མེད་ཅིང་དེ་བཞིན་གཤེགས་པ་ལ་མངའ་བའི་ཆེ་བ་ཡིན་ནོ། །ཞེས་པས་རིགས་མཐུན་ཕྲ་མོ་ཡོད་སྲིད་ཀྱང་རྫོགས་པར་གཞན་ལ་མེད་པའི་དོན་ནོ། །དེ་དག་ནི་སངས་རྒྱས་རྗེས་དྲན་གྱི་དོན་བཤད་པའོ། །གཉིས་པ་ཆོས་རྗེས་སུ་དྲན་པའི་མདོ་ལ། ཤེས་བྱའི་ཆོས་རྣམས་ཀྱི་ནང་ནས་མཆོག་གམ་དམ་པའི་ཆོས་ནི་ཞེས་པ་ལུང་དང་རྟོགས་པ་དང་མྱ་ངན་ལས་འདས་པའི་ཆོས་གསུམ་ཅི་རིགས་པ་ལ་སྦྱར་རོ། །ཐོག་མར་དགེ་བ་ནི་དང་པོ་ཐོས་པའི་དུས་ན། དོན་ངེས་ཤིང་ཡིད་ཆེས་པའི་དད་པ་བསྐྱེད་པ་དང༌། བར་དུ་དགེ་བ་ནི་བསམ་པའི་དུས་ན་ཆོས་ལས་ཇི་སྐད་བཤད་པ་ལྟར་གྱི་ཕན་ཡོན་དང་འབྲས་བུ་རྣམས་ཐོབ་པར་རིག་ནས་དགའ་བར་འགྱུར་བ་དང༌། ཐ་མར་དགེ་བ་ནི་སྒོམ་པའི་དུས་ན་དེ་ཁོ་ན་ཉིད་ཕྱི་ཅི་མ་ལོག་པར་རྟོགས་པའི་བློ་གྲོས་ཀྱི་རྒྱུ་བྱེད་པའི་དོན་ནོ། །ཡང་ན་བསླབ་གསུམ་ལ་སྦྱར་ན་རུང་ངོ༌། །


previousགསུང་རྣམ་པར་དག་པ།next