ཞལ་ཆེམས་གནད་ཀྱི་མེ་ལོང་།
༄༅། །ཞལ་ཆེམས་གནད་ཀྱི་མེ་ལོང་བཞུགས་སོ། །རིན་ཆེན་ཤོག་སེར་སྐོར།
༄༅། །ཞལ་ཆེམས་གནད་ཀྱི་མེ་ལོང་དུ་གདམས་པ། ཨེ་མ་ཧོ། གནས་ལུགས་རིག་པ་ཀུན་བཟང་ཆོས་ཀྱི་སྐུ། །ལྷུན་གྲུབ་རིག་པ་འོད་གསལ་ལོངས་སྤྱོད་རྫོགས། །འཆར་ཚུལ་མ་འགགས་ཐུགས་རྗེ་སྤྲུལ་པའི་སྐུ། །གདོད་མའི་དབྱིངས་སུ་མཐར་ཕྱིན་རྟོགས་པས་འདུད། །ཡང་ཟབ་རྩེ་མོ་རྡོ་རྗེ་སྙིང་པོའི་དོན། །མཐའ་གྲོལ་ཀློང་ཡངས་དགོངས་དོན་གསང་བ་འདི། །མཐའ་དྲིལ་འུབ་ཆུབ་ཐིག་ལེ་ཉག་གཅིག་པོ། །ཕྱི་རབས་རྣམས་ལ་གདམས་པ་ཨེ་མ་ཧོ། །ཨཱུ། རང་རིག་དབང་ཆེན་དབྱིངས་སུ་རྫོགས་པའི་དོན། །བླ་མས་མངོན་བསྟན་རྩལ་དབང་དམ་ཚིག་ལྡན། །འཁོར་འདས་སེམས་དང་ཡེ་ཤེས་ཤན་ཕྱེ་ལ། །ལྔ་ལྡན་དབྱིངས་སུ་ལྟ་དགོངས་ལ་ཟློས་ཤིག །ཨྸཿ རིག་སྟོང་ངོ་བོ་ཀ་དག་ཆོས་ཟད་ངང་། །འཁོར་འདས་མིང་མེད་གསལ་དག་ཆོས་སྐུ་ལ། །གཟུང་འཛིན་ཡེ་གྲོལ་ཅོག་བཞག་ཆོས་ཉིད་དུ། །ནང་དབྱིངས་ཁྲེགས་ཆོད་གདོད་མར་ཨེ་མ་ཧོ། །ཨྸཱཾཿ ལྷུན་གྲུབ་གཞི་སྣང་ལྟ་སྟངས་གཟིགས་སྟངས་གཅུན། །ཕྱི་གནད་གཅུན་པས་ནང་དབྱིངས་ཆོས་ཟད་ངང་། །སྣང་བཞི་ཚད་ཕེབས་གདོད་མའི་དབྱིངས་སུ་གྲོལ། །ལྷུན་གྲུབ་ནང་དབྱིངས་འགྱུར་མེད་ཨེ་མ་ཧོ། །ཨཿ ཐམས་ཅད་དབྱིངས་གཅིག་རང་བྱུང་རིག་པའི་ཀློང་། །གཞི་དང་གཞིར་སྣང་མཐར་ཟད་གདོད་མའི་དབྱིངས། །རང་དོན་ཆོས་སྐུ་འཕོ་འགྱུར་མེད་པ་ལ། །གཞན་དོན་གཟུགས་སྐུ་གཞི་སྣང་རོལ་པ་ཡིས། །ཐམས་ཅད་དོན་མཛད་འཕྲིན་ལས་རྒྱུན་མི་འཆད། །ཤིན་ཏུ་རྣམ་དག་འབྲས་བུ་ཨེ་མ་ཧོ། །གཞི་ལམ་འབྲས་བུ་ཐམས་ཅད་དབྱེར་མེད་ངང་། །རང་བྱུང་ཡེ་ཤེས་ཆེ་བ་ལྔ་དང་ལྡན། །ལྷུན་གྲུབ་རང་རྫོགས་ཆེན་པོའི་དོན་འདི་ཉིད། །ཚེ་གཅིག་གྲོལ་བའི་ཐེག་མཆོག་ཨེ་མ་ཧོ། །
ཞལ་གདམས་གནད་ཀྱི་མེ་ལོང་གབ་པ་མངོན་དུ་ཕྱུང་བ། སྦས་པ་གསལ་བར་སྟོན་པ། དགོངས་པ་མངོན་དུ་ལྟ་བ། འཕྲུལ་གྱི་མེ་ལོང་། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པ་པདྨ་ལས་འབྲེལ་རྩལ། །དྲི་མ་མེད་པའི་འོད་ཟེར་གྱིས། མཐར་ཐུག་དོན་གྱི་སྙིང་པོ་ལྔ་ཕྱུང་སྟེ། ཕྱི་རབས་ལ་གདམས་པ། (༡༤༡)ས་མ་ཡ། རྒྱ་རྒྱ་རྒྱ། དཔལ་སྔགས་ཀྱི་སྲུང་མ་བཤན་པ་སྲོག་སྒྲུབ་ནག་མོས་སྲུངས་ཤིག །དགེའོ།། །།