Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།

3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]


 expand section
 expand section
 expand section
  
expand section
 collapse section
  
  
  
དོན་བཟང་པོ།
 expand section
  
  
  
  
 expand section
  
  
  
  
  
  
 expand section
  
  


3 occurrences of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousདོན་བཟང་པོ།next

དོན་བཟང་པོ།

དོན་བཟང་པོ་ནི།

ཀུན་རྫོབ་དང་དོན་དམ་པའི་བདེན་པ་མ་འཁྲུལ་བར་སྟོན་པའོ། ། དེས་ན་དོན་མེད་པ་དང་དོན་ཆུང་བ་མ་ཡིན་ནོ། །ཚིག་འབྲུ་བཟང་པོ་ནི། གོ་བདེ་ཞིང་འཛིན་སླ་ལ་བརྗོད་པ་བདེ་ཞིང་སྙན་པའོ། །མ་འདྲེས་པ་ནི། གཞན་མུ་སྟེགས་བྱེད་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པ་སྟེ། ཕྲ་བའི་མི་རྟག་པ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང༌། བདག་མེད་ལ་སོགས་པ་སྟོན་པ་དང་ལྡན་པའོ། །ཡོངས་སུ་རྫོགས་པ་ནི་འདོད་པའི་ཉོན་མོངས་པའི་ཉི་ཚེའི་གཉེན་པོ་ལྟ་བུ་མ་ཡིན་གྱི། ཁམས་གསུམ་ཆར་གྱི་ཉོན་མོངས་སྤོང་བའོ། །ཡོངས་སུ་དག་པ་ནི། རང་བཞིན་རྣམ་པར་དག་པའི་གནས་ལུགས་ཆོས་དབྱིངས་དང༌། དེ་ལ་དམིགས་པའི་ཡེ་ཤེས་སོ། །ཡོངས་སུ་བྱང་བ་ནི་གློ་བུར་གྱི་དྲི་མ་སྦྱོང་བྱེད་དང་དེ་སྤངས་པའི་བྲལ་འབྲས་གཉིས་སོ། །དེ་ལྟར་ན་དགེ་བ་གསུམ་དང༌། དོན་ཚིག་བཟང་བ་སྟེ་ལྔ་པོ་ནི། ལུང་གི་ཆོས་ཀྱི་ཡོན་ཏན་གཙོ་བོར་བསྟན་པ་ཡིན་ལ་མ་འདྲེས་པ་སོགས་བཞི་ནི། ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཞེས་བྱ་སྟེ། ཡུལ་འདུས་མ་བྱས་ཀྱི་དམ་ཆོས་དང༌། ཡུལ་ཅན་རྟོགས་པའི་དམ་ཆོས་ཀྱི་ཆེ་བའོ། །ཚངས་སྤྱོད་ཡོན་ཏན་བཞི་ནི། མདོ་སྡེ་རྒྱན་ལས། གཞན་དང་ཐུན་མོང་མ་ཡིན་ལེགས་པར་གསུངས་པ་ཞེས་འབྱུང་སྟེ། མུ་སྟེགས་ཅན་རྣམས་ཀྱིས་བསྟན་པའི་ཆོས་ནི་ཉེས་པར་བཤད་པ་སྟེ། ཐར་པའི་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པའི་ཕྱིར་དང༌། ཁ་ཅིག་ནི་ངན་སོང་གི་ལམ་ལ་མཐོ་རིས་ཀྱི་ཆོས་སུ་འདུ་ཤེས་པའི་ཕྱིར་དང༌། ཁ་ཅིག་མཐོ་རིས་ཀྱི་ལམ་སྟོན་ཡང༌། དྲི་མ་ཅན་དང་མ་ཚང་པ་དག་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་དེ་ལས་ལྡོག་པའི་ཕྱིར་ལེགས་པར་གསུངས་པའོ། །ཡང་དག་པར་བསྟན་པ་༼དཔེར་ལ་ལར་མཐོང་བ༽ནི། ཀུན་རྫོབ་དང་དོན་དམ་པའི་གནས་སྐབས་གང་ཡིན་ཀྱང་རུང༌། སོ་སོའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའོ། །ནད་མེད་པ་ནི། ཉོན་མོངས་པ་དང༌། བག་ལ་ཉལ་གྱི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་པའི་ཕྱིར་སྒྲིབ་པའི་ནད་མེད་པའོ། །དུས་ཆད་པ་མེད་པ་ཞེས་པ་ནི། འདུས་མ་བྱས་ཀྱི་དབྱིངས་འགྱུར་བ་མེད་ཅིང་འཇིག་པ་མེད་པ་དང༌། འཕགས་པའི་ལམ་གྱི་ཡེ་ཤེས་ཀྱང་ཉམས་པ་མེད་པ་དང༌། སྤངས་བྱ་སྤངས་ཟིན་པ་སླར་ཡང་སྤོང་མི་དགོས་པ་རྣམས་ཀྱི་དོན་ནོ། །ཉེ་བར་གཏོད་པ་ཞེས་པ་ནི། ཨུ་པ་ནཱ་ཡི་ཀ་ཞེས་པའི་སྒྲ་ལས་དྲངས་ན། ཉེ་བར་འདྲེན་པ་སྟེ། ཉོན་མོངས་པ་དང་སྡུག་བསྔལ་གྱིས་བསྡུས་པའི་འཁོར་བ་སྤངས་པའི་ཚུལ་གྱིས་ཟག་མེད་ཀྱི་དབྱིངས་སུ་གཏོད་ཅིང་འདྲེན་པའི་དོན་ཡིན་ལ། འདིའི་འགྲེལ་པར་ལོ་ཙཱ་བས་རིག་པ་དང་ལྡན་པ་ཞེས་བསྒྱུར་ཏེ། དེ་ལྟར་ན་ཨུ་པ་རྱ་ཡི་ཀ་ཞེས་པ་ཡིན་དགོས་ཀྱང༌། བཤད་པ་དང་ཅུང་མི་འགྲིག་གོ། །འདི་མཐོང་བ་ལ་དོན་ཡོད་པ་ནི། གང་ཞིག་ཆོས་མཐོང་བ་ལས། འབྲས་བུ་རྣམས་ཀྱི་མཆོག་ཐོབ་ཅིང༌། སླར་མི་ལྡོག་པའི་ཕྱིར་དོན་ཡོད་པའོ། །རྒྱ་སྐད་ཀྱི་དཔེ་འགའ་ཞིག་ལས། ཨེ་ཧི་པ་ཤྱི་ཀཿཞེས་འབྱུང་བ། འདིར་ལྟོས་ཤིག་ཅེས་བསྒྱུར་ཏེ། འོན་ཀྱང་དཀྱུས་ལྟར་ལེགས་སོ། ། མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ་ཞེས་པ་ནི། མཁས་པའི་སྒྲ་ནི་འཕགས་པ་ཡིན་ལ། དེ་རྣམས་ཀྱི་མཉམ་གཞག་ཡེ་ཤེས་རྣམ་པར་མི་རྟོག་པས་མངོན་སུམ་དུ་རྟོགས་པར་བྱ་བ་ཡིན་གྱི། རྣམ་པར་ཤེས་པ་དང་རྟོག་གེའི་ཡུལ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ་ཞེས་པ་ནི། སོ་སོར་རང་གི་རིག་པར་བྱ་བ་ཡིན་ཡང༌། ལུང་གིས་མི་སྟོན་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པའི་བཀའ་ནི་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ཡིན་པས། ཆོས་ཀྱི་སྐུ་ལ་ཇི་ལྟར་མངའ་བ་བཞིན་ལུང་ལས་འབྱུང་བས། སོ་སོར་རང་གིས་རིག་བྱ་དེ་ལུང་ལས་ཀྱང་བཤད་ཅེས་པའོ། །ལེགས་པར་སྟོན་པ་ཞེས་པ་ལ་རྒྱ་སྐད་འགའ་ཞིག་ཏུ༌། སུ་པྲ་གེ་དི་ཏ་ཞེས་འབྱུང་བ་ལྟར་ན་ལེགས་པར་རབ་ཏུ་ཕྱེ་བ་ཞེས་པར་འགྱུར་རོ། །ངེས་པར་འབྱུང་བ་ནི་འཁོར་བ་ལས་ངེས་པར་འབྱུང་བའོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ནི། ལུང་ལ་དམིགས་ནས་ལམ་གྱིས་འགྲོ་བར་བྱེད་པ་སྟེ། ཐེག་ཆེན་ཉིད་ཀྱི་ལམ་ལྟ་ཅི་སྨོས། བརྒྱུད་པའི་སྒོ་ནས་ནི་ཉན་རང་གི་ལམ་ཡང་འདི་ཡིན་ཏེ། ཉན་ཐོས་ལྷག་མེད་དུ་ཞུགས་པར་འདོད་པ་རྣམས་ཀྱང༌། དུས་ཡུན་རིང་པོ་འདས་པའི་འོག་ཏུ་གདོན་མི་ཟ་བར་ཐེག་ཆེན་དུ་འཇུག་པའི་ཕྱིར་རོ། །འདིས་ནི་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་ཏོ། །མི་མཐུན་པ་མེད་ཅིང་ཞེས་པ་ནི། རྟོགས་བྱའི་ཆོས་ཉིད་ཀྱང་གཅིག་ཡིན་ཅིང༌། འཕགས་པ་རང་ས་ཐད་མཉམ་པ་རྣམས་ནི་ཉམས་མྱོང་གི་ཆོས་མི་འདྲ་བ་གཏན་མེད་པའོ། །འདུས་པ་དང་ལྡན་པ་ནི། གང་ཤེས་པ་གཅིག་གིས་རྣམ་པ་དུ་མ་ཡོངས་སུ་འཛིན་པས་རྣམ་པ་རྣམས་གཅིག་ལ་འདུས་པ་ལྟ་བུའི་ཡོན་ཏན་དང་ལྡན་པ་སྟེ། ཡེ་ཤེས་གཅིག་ཉིད་ཀྱིས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ལ་སོགས་པ་མཐའ་དག་རྟོགས་པའོ། །བརྟེན་པ་ཡོད་པ་ནི། དགེ་བའི་ཆོས་མ་ལུས་པ་ཐམས་ཅད་ཀྱང༌། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྟེན་པ་ཡིན་ལ། དེ་ཉིད་ཆོས་དཀོན་མཆོག་གི་མཐར་ཐུག་པའོ། །རྒྱུ་བ་བཅད་པ་ནི་རྣམ་རྟོག་ཟག་བཅས་ཀྱི་སེམས་དང་སེམས་བྱུང་གི་རྒྱུ་བ་ཐམས་ཅད་ཡོངས་སུ་ཆད་པ་སྟེ། དེ་བཞིན་གཤེགས་པའི་ས་ལ་རྣམས་པ་ཐམས་ཅད་དུ་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་མཉམ་གཞག་ཏུ་ཡང༌། ཀུན་གཞི་ལས་གཞན་པ་ཐམས་ཅད་འགགས་པའོ། །དེ་ལྟར་དམ་པའི་ཆོས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་ད་ལྟ་དམ་པའི་ཆོས་རིན་པོ་ཆེ་དང་འཕྲད་པ་འདི་སྐལ་བ་བཟང་སྙམ་དུ་རང་གི་ནུས་པ་དང་བསྟུན་པའི་དམ་ཆོས་གཟུང་དགོས་ལ། དེ་ཡང༌། དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པའོ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན་པའི་སྒོ་ནས་མི་ཚེ་དོན་ལྡན་དུ་འབད་པར་ངེས་པར་བྱ་དགོས་སོ། །དམ་པའི་ཆོས་ཐོས་པ་དང༌། གཟུང་བ་དང༌། འཆད་པ་དང༌། དོན་སེམས་པའི་ཕན་ཡོན་ཡང་ཚད་མེད་དཔག་ཏུ་མེད་པ་དག་མདོ་དང་བསྟན་བཅོས་ལས་ཤེས་པར་བྱའོ། །གསུམ་པ་དགེ་འདུན་རྗེས་དྲན་གྱི་མདོའི་དོན་འཆད་པ་ལ། ཐེག་པ་ཆེན་པོའི་དགེ་འདུན་ནི་ཞེས་པ་ལྟར་ན། དགེ་འདུན་ནི་བདུད་བྱེ་བ་ཁྲག་ཁྲིག་གིས་ཀྱང་ལམ་ལས་དབྲལ་བར་མི་ནུས་པས་ན་མི་ཕྱེད་པའི་འདུན་པ་དང་ལྡན་པ་ཞེས་པའོ། །འཇིག་རྟེན་ལས་འདས་པའམ་དམིགས་པ་ཆེན་པོ་སོགས་བདུན་ལྡན་པས་ན་ཐེག་པ་ཆེན་པོའོ། །སྐབས་འདིར་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ཡིན་ལ། དེའི་དབང་དུ་བྱས་ན་ལེགས་པར་བཞུགས་པ་ནི་ཚུལ་ཁྲིམས་རྣམ་པ་གསུམ་ལ་གནས་པའམ་ལམ་ཡང་དག་པར་ཞུགས་པའོ། །རིགས་པར་ཞུགས་པ་ནི་ཏིང་ངེ་འཛིན་མཐའ་ཡས་ལ་ཞུགས་པའོ། །དྲང་པོར་ཞུགས་པ་ནི་རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པར། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་ཞུགས་པ་སྟེ། དེ་གསུམ་རིམ་ཅན་དུ་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ཀྱི་བསླབ་པའོ། །མཐུན་པར་ཞུགས་པ་ནི། ཐམས་ཅད་ཀྱང་ལྟ་བ་དང༌། སྤྱོད་པ་དང༌། དམིགས་པའི་ཡུལ་དང༌། འགྲོ་བའི་དོན་སྤྱོད་པ་ལ་མི་མཐུན་པ་ཅུང་ཟད་ཀྱང་མེད་པའི་ལམ་ལ་ཞུགས་པའོ། །ཐལ་མོ་སྦྱར་བའི་འོས་སུ་གྱུར་པ་ནི། གང་ཞིག་གཞན་གྱིས་མ་མཐོང་བའི་ཆོས་ཉིད་ཟབ་མོ་མཐོང་བའི་ཕྱིར་རོ། །ཕྱག་བྱ་བའི་འོས་སུ་གྱུར་པ་ནི། སེམས་ཅན་འཁོར་བ་ལས་སྒྲོལ་བའི་སྙིང་རྗེ་ཆེན་པོ་ཅན། བདག་ཉིད་ཀྱི་དོན་ཡོངས་སུ་སྤངས་བས། སྐྱེས་བུ་དམ་པའི་སྤྱོད་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བསོད་ནམས་ཀྱི་དཔལ་གྱི་ཞིང་ཞེས་པ་ནི། བསོད་ནམས་ཡང་ཡིན་ལ་དཔལ་ཡང་ཡིན་པས་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པ་དང༌། ཞིང་དེ་གུས་པ་བྱ་བའི་ཡུལ་དུ་གྱུར་པའོ། །ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་ནི། ཉེས་པ་སྤངས་ཤིང༌། ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པས་ཉེར་བར་བརྒྱན་པ། མཐའ་ཡས་པ་ལ་ཕན་པ་ཉེ་བར་སྒྲུབ་པའི་ཕྱིར། རང་ཉིད་ཡོན་གྱི་ཕུང་པོ་སྟོང་གསུམ་དང་མཉམ་པས་རྟག་ཏུ་མཆོད་ཀྱང་རང་ཉིད་ལ་སྒྲིབ་པར་མི་འགྱུར་ཞིང༌། འབུལ་བ་པོ་ལ་ཆེས་ཕན་པའོ། །འདི་མན་ནས་སྦྱིན་གནས་མཆོག་ཡིན་པར་བསྟན་པ་ཡིན་ལ། དེ་ཡང་སྦྱིན་པའི་གནས་སུ་གྱུར་པ་ནི། སྦྱིན་པའི་ཞིང་ཁྱད་པར་ཅན་ཏེ། ཞིང་གི་སྐྱོན་རྩྭ་སྤངས་པ་ལྟ་བུ་སྟེ། མཐོང་བས་སྤངས་པར་བྱ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཡོངས་སུ་སྤངས་པས། སྦྱིན་པ་པོ་ལ་འབྲས་བུ་མཐའ་ཡས་པར་འཕེལ་བའོ། །ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་པ་ནི། དོན་སྔ་མ་དང་འདྲ་བ་ལས་སྒོམ་པས་སྤངས་པར་བྱ་བའི་རིགས་ཉོན་མོངས་པ་དང༌། ཤེས་བྱ་དང་སྙོམས་འཇུག་གི་སྒྲིབ་པས་བསྡུས་པ་མང་དུ་བྱང་བའི་ཕྱིར་འབྲས་བུ་ཟད་མི་ཤེས་པ་ཁོ་ནའོ། །ཀུན་ཏུ་ནི་གནས་སྐབས་ཀུན་ཏུའོ། །འདིར་བཤད་པའི་དཀོན་མཆོག་རྗེས་དྲན་གྱི་མདོ་འདི་ཐེག་ཆེན་གྱི་མདོ་ཡིན་ནོ། །དགེ་འདུན་ལ་བཀུར་སྟི་དང་མཆོད་པ་ཅི་ནུས་བྱ་བར་རིགས་ཏེ། བསོད་ནམས་ཚད་མེད་པ་འབྱུང་བར་འགྱུར་བའི་ཕྱིར་ཏེ། མདོ་ལས། གང་ཞིག་ཟླ་བ་རེ་རེ་ལ། །མཆོད་སྦྱིན་བརྒྱ་སྟོང་མཉམ་བྱས་པས། །དགེ་འདུན་རྣམས་ལ་དད་བྱས་པ། །དེ་ཡི་བཅུ་དྲུག་ཆར་མི་ཕོད། །ཅེས་གསུངས་པ་སོགས་མདོ་ལས་རྒྱ་ཆེར་གསུངས་སོ། །

མཇུག་བསྡུ་བ་ནི།

འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྫོགས་སོ། །ཞེས་འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་མཆན་བུ་དྲི་མེད་མེ་ལོང་ཞེས་བྱ་བ་འདི་ནི་ངག་དབང་དངོས་གྲུབ་དཔལ་གྱིས་རྗེ་བཙུན་ཏཱ་ར་ནཱ་ཐའི་འགྲེལ་བ་ལྟར་མདོར་བསྡུས་སུ་བཀོད་པའོ། །འདིས་ཀྱང་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་བརྟན་པའི་རྒྱུར་གྱུར་ཅིག མངྒ་ལཾ།


previousདོན་བཟང་པོ།next