Nitartha Digital Library
Tibetan
 
previousམཐའ་ལས་འདས་པར་ངེས་པར་འབྱུང་བ། next

མཐའ་ལས་འདས་པར་ངེས་པར་འབྱུང་བ།


DTG082_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གང་ཡང་འདི་སྐད་དུ་ཐེག་པ་ཆེན་པོ་འདི་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་ལགས་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་སྨྲས་པ་དེ་ནི་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཐེག་པ་འདི་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། ཐེག་པ་དེ་ནི་དུས་གསུམ་མཉམ་པ་ཉིད་ཡིན་པ་དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང་ངོ༌། །མ་འོངས་པའི་དུས་ཀྱང་མ་འོངས་པའི་དུས་ཀྱིས་སྟོང་ངོ༌། །ད་ལྟར་བྱུང་བའི་དུས་ཀྱང་ད་ལྟར་བྱུང་བའི་དུས་ཀྱིས་སྟོང་ངོ༌། །དུས་གསུམ་མཉམ་པ་ཉིད་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱིས་སྟོང་ངོ༌། །ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོས་སྟོང་ངོ༌། །བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་སྟེ། རབ་འབྱོར་སྟོང་པ་ཉིད་ལ་གཅིག་ཅེས་བྱ་བ་མེད་དོ། །གཉིས་སམ། གསུམ་མམ། བཞིའམ། ལྔའམ། དྲུག་གམ། བདུན་ནམ། བརྒྱད་དམ། དགུའམ། བཅུ་ཞེས་བྱ་བ་མེད་དོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་ཀྱི་ཐེག་པ་སྟེ། དེ་ལ་མཉམ་པ་ཉིད་དང་མི་མཉམ་པ་མི་དམིགས་སོ། །དེ་ལ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ཡང་མི་དམིགས་སོ། །ཞེ་སྡང་དང་ཞེ་སྡང་མེད་པ་ཡང་མི་དམིགས་སོ། །གཏི་མུག་དང་གཏི་མུག་མེད་པ་ཡང་མ་དམིགས་སོ། །མིང་དང་མིང་མེད་པ་ཡང་མི་དམིགས་སོ། །འདུས་བྱས་དང་འདུས་མ་བྱས་ཀྱང་མི་དམིགས་སོ། །དགེ་བ་དང༌། མི་དགེ་བ་ཡང་མི་


DTG082_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སོ། །ཁ་ན་མ་ཐོ་བ་ཡོད་པ་དང༌། ཁ་ན་མ་ཐོ་བ་མེད་པ་ཡང་མི་དམིགས་སོ། །ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཡང་མི་དམིགས་སོ། །ཀུན་ནས་ཉོན་མོངས་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་ཡང་མི་དམིགས་སོ། །འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ཡང་མི་དམིགས་སོ། །ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་ཡང་མི་དམིགས་སོ། །འཁོར་བ་དང༌། མྱ་ངན་ལས་འདས་པ་ཡང་མི་དམིགས་སོ། །དེ་ལ་རྟག་པ་དང༌། མི་རྟག་པ་ཡང་མི་དམིགས་སོ། །བདེ་བ་དང༌། སྡུག་བསྔལ་བ་ཡང་མི་དམིགས་སོ། །བདག་དང༌། བདག་མེད་པ་ཡང་མི་དམིགས་སོ། །ཞི་བ་དང༌། མ་ཞི་བ་ཡང་མི་དམིགས་སོ། །འདོད་པའི་ཁམས་དང༌། འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །གཟུགས་ཀྱི་ཁམས་དང༌། གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །གཟུགས་མེད་པའི་ཁམས་དང༌། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་རང་བཞིན་མི་དམིགས་པའི་ཕྱིར། རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ངོ༌། །རབ་འབྱོར་འདས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། འདས་པའི་རྣམ་པར་ཤེས་པ་ནི་འདས་པའི་རྣམ་པར་ཤེས་པས་སྟོང་ངོ༌། །རབ་འབྱོར་མ་འོངས་པའི་གཟུགས་ནི་མ་འོངས་པའི་གཟུགས་ཀྱིས་སྟོང་ངོ༌། །རབ་འབྱོར་མ་འོངས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། མ་འོངས་པའི་རྣམ་པར་ཤེས་པ་ནི་མ་འོངས་པའི་རྣམ་པར་ཤེས་པས་སྟོང་ངོ༌། །རབ་འབྱོར་ད་ལྟར་བྱུང་བའི་གཟུགས་ནི་ད་ལྟར་བྱུང་བའི་གཟུགས་ཀྱིས་སྟོང་ངོ༌། །རབ་འབྱོར་ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བའི་རྣམ་པར་ཤེས་པས་སྟོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་


DTG082_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རེ་ཞིག་སྟོང་པ་ཉིད་ལ་འདས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། སྟོང་པ་ཉིད་ལ་འདས་པའི་རྣམ་པར་ཤེས་པ་དམིགས་སུ་མེད་དོ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་ཚོར་པ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། སྟོང་པ་ཉིད་ལ་མ་འོངས་པའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་གཟུགས་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རེ་ཞིག་སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། སྟོང་པ་ཉིད་ལ་མ་འོངས་པའི་རྣམ་པར་ཤེས་པ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་གཟུགས་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་དམིགས་པར་འགྱུར་བ་ལྟ་ཅི་ཞིག་སྨོས། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མི་དམིགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་


DTG082_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱང་རེ་ཞིག་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མི་དམིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་རེ་ཞིག་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ནི་སྔོན་གྱི་མཐར་མི་དམིགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་ཕྱི་མའི་མཐར་མི་དམིགས། དྲན་པ་ཉེ་བར་གཞག་པ་རྣམས་ནི་ད་ལྟར་བྱུང་བར་མི་དམིགས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས་མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བ་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྔོན་གྱི་མཐར་མི་དམིགས། འཕགས་པའི་ལམ་ཡན་


DTG082_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བརྒྱད་པ་ནི་ཕྱི་མའི་མཐར་མི་དམིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ད་ལྟར་བྱུང་བར་མི་དམིགས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སྔོན་གྱི་མཐར་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ཕྱི་མའི་མཐར་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ད་ལྟར་བྱུང་བར་མི་དམིགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མི་དམིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དང༌། ད་ལྟར་བྱུང་བའི་དུས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་གཞན་ཡང་སོ་སོའི་སྐྱེ་བོ་ནི་སྔོན་གྱི་མཐར་མི་དམིགས། སོ་སོའི་སྐྱེ་བོ་ནི་ཕྱི་མའི་མཐར་མི་དམིགས། སོ་སོའི་སྐྱེ་བོ་ནི་ད་ལྟར་བྱུང་བར་མི་དམིགས། སོ་སོའི་སྐྱེ་བོ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཉན་ཐོས་ནི་སྔོན་གྱི་མཐར་མི་དམིགས། ཉན་ཐོས་ནི་ཕྱི་མའི་མཐར་མི་དམིགས། ཉན་ཐོས་ནི་ད་ལྟར་བྱུང་བར་མི་དམིགས། ཉན་ཐོས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་


DTG082_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་རང་སངས་རྒྱས་ནི་སྔོན་གྱི་མཐར་མི་དམིགས། རང་སངས་རྒྱས་ནི་ཕྱི་མའི་མཐར་མི་དམིགས། རང་སངས་རྒྱས་ནི་ད་ལྟར་བྱུང་བར་མི་དམིགས། རང་སངས་རྒྱས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་ད་ལྟར་བྱུང་བར་མི་དམིགས། བྱང་ཆུབ་སེམས་དཔའ་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་གཉིས་པ། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་ནི་སྔོན་གྱི་མཐར་མི་དམིགས། དེ་བཞིན་གཤེགས་པ་ནི་ཕྱི་མའི་མཐར་མི་དམིགས། དེ་བཞིན་གཤེགས་པ་ནི་ད་ལྟར་བྱུང་བར་མི་དམིགས། དེ་བཞིན་གཤེགས་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དུས་གསུམ་མཉམ་པ་ཉིད་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་ཞེས་བྱ་བ་སྟེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་དང༌། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བ་ནི་མཐའ་ལས་འདས་པར་ངེས་པར་འབྱུང་བ་ཡིན་ནོ། །


previousམཐའ་ལས་འདས་པར་ངེས་པར་འབྱུང་བ། next