གཉིས་པ་ཞར་ལ་བསམ་གཟུགས་ཚད་མེད་བཤད་པ།
གཉིས་པ་ཞར་ལ་བསམ་གཟུགས་ཚད་མེད་བཤད་པ་ལ།
བསམ་གཟུགས་དང༌། ཚད་མེད་བཞི་བཤད་པ་དང་གཉིས། དང་པོ་ལ་སྤྱི་དོན་དང་མཐའ་རགས་ཙམ་དཔྱད་པ་གཉིས། དང་པོ་སྤྱི་དོན་ལ། སེམས་གནས་དགུ་དང༌། བསམ་གཟུགས་དངོས་དང༌། བསམ་གཏན་གྱི་ཡན་ལག་དང༌། ཉེར་བསྡོགས་བཤད་པ་དང་བཞི། དང་པོ་ནི། རྒྱན་གྱི་ས་འགྲེལ་ལས། སེམས་ཀྱི་གནས་ཐབས་རྣམ་དགུ་ནི། སེམས་འཇོག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད། ཅེས་གསུངས་པ་རྣམས་ཀྱི་དོན་སྟོན་པ། ཞེས་པ་ནས། འཇོག་ཅིང་ཀུན་ཏུ་ངེས་འཇོག་ནི། རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ཡང་བླན་པར་བྱ། །ཞེས་དང་པོ་ཏིང་ངེ་འཛིན་གྱི་དམིགས་པ་གང་རུང་ཞིག་ལ་ནི་སེམས་རྩེ་གཅིག་ཏུ་གཏད་ནས་འཇོག་པར་བྱེད་ཅིང༌། དེ་ནས་ཏིང་ངེ་འཛིན་དེའི་རྒྱུན་བར་བར་གཡེང་བར་མི་བྱ་བར་ཀུན་ཏུ་འཇོག་པར་བྱེད་ལ། གལ་ཏེ་རྣམ་པར་གཡེང་བ་བྱུང་ན་དེ་མ་ཐག་མྱུར་དུ་རྟོགས་པར་བྱས་ནས་སྔར་གྱི་དམིགས་པ་དེ་ལ་སླར་ཡང་བླན་པར་བྱས་ཏེ་ངེས་པར་འཇོག་པའོ། །ཉེ་བར་འཇོག་ཅིང་འདུལ་བ་ནི། བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །ཞེས་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་གོང་ནས་གོང་དུ་ཡང་ཁྱད་པར་དུ་འགྲོ་བའི་སྒོ་ནས་སེམས་ནི་ནང་དུ་དམིགས་པ་ལ་བསྡུ་བར་བྱས་ཏེ། ཉེ་བར་འཇོག་པར་བྱེད་ཅིང༌། དེ་ནས་སེམས་གནས་པའི་ཡོན་ཏན་རིམ་གྱིས་སྐྱེ་བ་མཐོང་བའི་ཕྱིར་ཏིང་ངེ་འཛིན་ལ་བཞག་ནས་སེམས་བྱིང་བ་དང་རྒོད་པར་གྱུར་པ་འདུལ་ལོ། །ཞི་ཞིང་ཉེ་བར་ཞི་བ་ནི། རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། ། བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །ཞེས་ཉོན་མོངས་པ་དང་རྣམ་པར་རྟོག་པས་རྣམ་པར་གཡེང་བའི་ཉེས་པ་མཐོང་བའི་ཕྱིར་རྣམ་གཡེང་གི་དབང་གིས་དམིགས་པ་དེ་ལ་སེམས་འཇོག་པ་མི་དགའ་བར་གྱུར་ན་གཉེན་པོ་བསྒོམས་ཏེ་རྣམ་གཡེང་དང་མི་དགའ་བ་དེ་དག་ཞི་བར་བྱའོ། །འདོད་པ་ལ་འདུན་པའི་བརྣབ་སེམས་དང་གནོད་སེམས་ལ་བརྟེན་པའི་ཡིད་མི་བདེ་བ་ལ་སོགས་པ་ལངས་པར་གྱུར་ན་རྣམ་གཡེང་སྤོང་བ་དེ་བཞིན་དུ་གཉེན་པོའི་སྟོབས་ཀྱིས་ཉེ་བར་ཞི་བར་བྱའོ། །རྩེ་གཅིག་མཉམ་པར་འཇོག་ཚུལ་ནི། དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ནི་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཅེས་ཉེ་བར་ཞི་བའི་རྗེས་དེ་ནས་སྡོམ་བརྩོན་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་སེམས་ནི་མངོན་པར་འདུ་བྱེད་པ་འབད་རྩོལ་དང་བཅས་པས་སེམས་ཀྱི་རྒྱུད་དམིགས་པ་ལ་རྩེ་གཅིག་ཏུ་འཇོག་པར་བྱེད་ཅིང༌། དེ་ལྟར་བྱིང་རྒོད་སྤངས་པ་ལས་ཏིང་ངེ་འཛིན་རང་གི་ངང་གིས་འབྱུང་བ་ཐོབ་སྟེ། དེ་རྒྱུན་དུ་གོམས་པ་ལས་གཉེན་པོས་མངོན་པར་འདུ་མི་བྱེད་བཞིན་དུ་འབད་པ་དང་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ངང་ནས་མཉམ་པར་འཇོག་པའོ། །ཞེས་གསུངས་སོ། །དེ་ལྟར་སེམས་གནས་དགུ་སྒྲུབ་སྟེ་དེའི་སྟེང་ནས་བསམ་གཏན་དང་པོའི་ཉེར་བསྡོགས་སྒྲུབ་པར་བྱེད་པའོ། །