གཡུ་ཁོག་རྒྱ་ཚང་ལས་གཞན་པའི་བླ་བྲང་ཆེ་ཁག་གཉིས་ཀྱི་བླ་རབས་རྣམ་ཐར་བཤད་པ།
མཁར་ར་བླ་བྲང་གི་བླ་རབས་བཤད་པ།
གར་དབང་ཉི་ཟླ་སྙིང་པོ་ནི།
གཉིས་པ་གཡུ་ཁོག་རྒྱ་ཚང་ལས་གཞན་པའི་བླ་བྲང་ཆེ་ཁག་གཉིས་ཀྱི་བླ་རབས་རྣམ་ཐར་བཤད་པ་ལ། མཁར་ར་བླ་བྲང་གི་བླ་རབས་དང་། ངེས་ལེགས་བླ་བྲང་གི་བླ་རབས་རིམ་བྱོན་གྱི་རྣམ་ཐར་གཉིས་ལས། དང་པོ་ལ།
ཆོས་རྒྱལ་ཁྲི་སྲོང་གི་སྲས་མོ་ལྷ་ལྕམ་པདྨ་གསལ། མངའ་བདག་ཉང་གི་རིགས་མ་བསམ་གཏན་མིང་ཅན། གུ་རུ་ཆོས་དབང་གི་གསང་ཡུམ་པདྨ་སྒྲོན། གཏེར་སྟོན་དྲི་མེད་འོད་ཟེར། རིག་འཛིན་པདྨ་གླིང་པ། འབྲུག་ཀརྨ་བཛྲ། རྟའུ་ཚེ་དབང་རྡོ་རྗེ་སོགས་བོད་ཡུལ་སྟོད་སྨད་ཀུན་དུ་གང་འདུལ་སྤྲུལ་པའི་རྣམ་རོལ་དུ་མར་བསྒྱུར་མཐར། རང་རྣམ་ལས། དེ་ནས་རུ་ཤོད་རྟའུའི་ལུང་པ་རུ། །ཕ་ནི་བོན་གྱི་མིང་ཅན་འབྲུག་ལོ་པ། །མ་ནི་ཨ་ཡི་མིང་ཅན་ཕག་ལོ་པ། །དེ་གཉིས་བུ་མོ་གཅིག་རྗེས་བུ་གཅིག་པུ། ཞེས་སོགས་གསུངས་པ་ལྟར་རབ་བྱུང་བཅུ་གཅིག་པའི་ནང་རྟའུ་མཁར་ར་ལུང་དུ་སྐུ་འཁྲུངས། མཚན་ལ་ཉི་མ་བྱང་ཆུབ་བཏགས། སྐུ་འཁྲུངས་ནས་ཟླ་བ་དྲུག་གི་དུས་སུ་མ་ཡུམ་སྐུ་གཤེགས། དགུང་གྲངས་གསུམ་ནས་ཁུ་བོ་བླ་མ་ཞིག་ཡོད་པའི་དྲུང་དུ་བཞུགས། ཆུང་དུས་ནས་རྩེད་མོའི་དུས་སུ་ཆོས་འཆད་པ་དང་དབང་བསྐུར་ཚུལ་མཛད་པ་སོགས་དམ་པའི་བག་ཆགས་དུ་མ་ལྷན་སྐྱེས་སུ་མངའ། དེ་ནས་ཀློག་སོགས་བསླབས་པས་དགུང་གྲངས་དགུའི་སྟེང་ཡི་གེ་འབྲི་ཀློག ཆོ་ག་ཕྱག་བཞེས་སོགས་ལ་ཐོགས་པ་མེད་པར་གྱུར། དགུང་གྲངས་བཅུ་གསུམ་སྐབས་ཆུ་མིག་གི་རྩར་སྒྲོམ་བུ་ཞིག་ཕྱག་ཏུ་སོན། དགུང་གྲངས་བཅོ་བརྒྱད་དུས་བླ་མ་ཤཱཀྱ་དཔལ་གྱི་མདུན་དུ་ཕེབས་ནས་ཕྱག་རྫོགས་ཀྱི་སྨིན་གྲོལ་དང་གདམས་པ་ཐམས་ཅད་གསན་བསམ་ཉམས་བཞེས་མཛད། འོད་གསལ་མུན་ཁྲིད་ཀྱི་སྐབས་ཨོ་རྒྱན་ཆེན་པོའི་ཞལ་མཇལ། དགུང་གྲངས་སོ་བདུན་སྐབས་ལི་ཐང་ཕྱོགས་སུ་ཕེབས་པས་ཕྲིན་ལས་རྒྱས་པ་བྱུང་། ལི་ཐང་གསང་བའི་བྲག་དཀར་དུ་བསྙེན་སྒྲུབ་མཛད་སྐབས་གཏེར་བདག་གིས་སྒྲོམ་བུ་ཞིག་གཏད་པ་ལས་རྩ་གསུམ་ཀུན་འདུས་ཀྱི་ཆོས་སྐོར་སྤྱན་དྲངས། ཚེས་བཅུ་ཞིག་གི་ཐོ་རེངས་ཁར་ཉམས་སྣང་དུ་བུད་མེད་བཞིས་ཁོང་གི་ཁྲིའི་ཟུར་བཞི་ནས་བཏེགས་ནས་སོང་བས་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པར་བཅས་པ་དང་སྲིན་གླིང་རྣམས་མཇལ། ཡང་རྩ་གསུམ་ཀུན་འདུས་ཀྱི་བསྙེན་སྒྲུབ་མཛད་སྐབས་ཀྱི་ཚེས་བཅུའི་ཉིན་ཉམས་སྣང་དུ་བྱ་རྒོད་བདུན་བྱུང་བ་མཁའ་འགྲོ་བདུན་དུ་གྱུར་ནས་ཁོང་ལ་རྒྱ་བོད་ཀྱི་གནས་ཆེན་ཐམས་ཅད་ལ་ཚོགས་ཀྱི་འདུ་བ་ཆེ་བས་ལྟད་མོར་འགྲོ་ཟེར་ཞིང་མཁའ་འགྲོ་གཅིག་གིས་རྒོད་གཤོག་གནང་བས་འཕུར་ཐུབ་པ་བྱུང་། བསམ་ཡས། འབྲས་ལྗོངས། བལ་ཡུལ་གྱི་གནས་རྣམས་དང་། ཙཱ་རི་སོགས་མཇལ་ནས་ཕྱིར་གཟིམ་ཁང་དུ་ཕེབས་ཚེ་མཁའ་འགྲོ་རྣམས་ལྷོ་ནུབ་ཕྱོགས་སུ་སོང་། ཁོང་གི་ན་བཟའི་སྟེང་རྒོད་ཀྱི་ཐུལ་ཕྲན་མང་པོ་དངོས་སུ་ཡོད། མཁའ་འགྲོའི་ལུང་ལྟར་སྦ་རོང་བྲག་དཀར་དུ་ཐོག་མར་ཕེབས་སྐབས་དངོས་ཉམས་ལྟ་བུར་ཨོ་རྒྱན་ཆེན་པོའི་ཞལ་མཇལ་གསུང་གི་ལུང་བསྟན་ཐོབ། དེར་བཞུགས་པའི་ནུབ་གཅིག་མུ་ལོ་གཡུང་དྲུང་རྒྱལ་མཚན་གྱིས་ཞལ་གཟིགས་ཤིང་བོན་གྱི་ལྟ་གྲུབ་རྣམས་དངོས་སུ་གསུངས་པ་གསན། གཞན་ཡང་སྟོང་ཚར་རབ་སྒང་གི་རོང་གནས་ཕོ་བྲང་ལྔ་བརྩེགས་ནས་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྙིང་པོ་དང་། ལི་ཐང་གསང་བའི་བྲག་དཀར་ནས་ཐུགས་རྗེ་ཆེན་པོ་འཁོར་འདས་རང་གྲོལ་སོགས་ཟབ་ཆོས་དུ་མ་གཏེར་ནས་བཏོན། ཐོག་མར་ཀ་ཟི་དུང་ཁྲི་དགོན་གསར་དུ་བཏབ། རབ་བྱུང་བཅུ་གཅིག་པའི་ཤིང་བྱི་༼༡༦༨༤༽ལོར་བཀའ་རྒྱུད་པའི་རིང་ལུགས་འཛིན་པའི་མི་ཉག་དཔལ་རི་དགོན་དུ་བསྟན་པ་བསྐྱངས་བས་དགོན་དེ་རྙིང་མ་བར་གྱུར། ཤེལ་ཆུའི་འགྲམ་བཀྲ་ཤིས་ལྗང་དཀར་ཕུག་ཏུ་སྒྲུབ་པ་མཛད། གར་དབང་ཉི་ཟླ་སྙིང་པོ། རྡོ་རྗེ་ཐེབས་གཤོག་རྩལ། ཨོ་རྒྱན་བདེ་ཆེན་གླིང་པ་སོགས་མཚན་གྱི་རྣམ་གྲངས་དུ་མ་མངའ། གཡུ་ཁོག་ཏུ་ཕེབས་ནས་གཞི་བདག་ཐམས་ཅད་ལ་བཀའ་གཏད་མཛད་ཅིང་ཟབ་རྒྱས་སྨིན་གྲོལ་གྱིས་གདུལ་བྱ་བསྐྱངས། གཡུ་ཁོག་ཏུ་གཏེར་སྟོན་སྙིང་པོ་རྣམ་གཉིས་ཟེར་བ་ཞིག་བྱུང་བར་བཤད་པ་ནི་དམ་པ་འདི་ཉིད་དང་། ངེས་ལེགས་བསམ་གཏན་སྙིང་པོ་གཉིས་ཡིན། དེ་ལྟར་ཐུན་མོང་དང་ཐུན་མིན་གྱི་མཛད་པ་དུ་མ་བསྟན་མཐར་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་༼༡༧༣༠༽ཟླ་བ་ལྔ་པའི་ཚེས་བཅུའི་ཉིན་འབྱུང་འགྱུར་གྱི་ལུང་བསྟན་དུ་མ་གསུངས་ནས་དགོངས་པ་དབྱིངས་སུ་བསྡུས། སྐབས་དེར་གཟིམ་ཁང་དུ་འཇའ་ཚོན་ཤར་བ་དང་། མེ་ཏོག་གི་ཆར་བབས་པ། སྒྲ་ཆེན་པོ་འུར་བ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་སྣང་བར་མཛད་དོ།།
མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ་ནི།
ཡབ་རྒྱ་རིགས་ཤིག་དང་། ཡུམ་མཁར་ར་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅུ་བཞི་པའི་ནང་གཡུ་ཁོག་དང་ཉེ་བའི་མཁར་ར་ལུང་གི་མཁར་ར་བླ་བྲང་དུ་སྐུ་འཁྲུངས། རོང་ཐ་རྒྱལ་སྲས་རྡོ་རྗེ་མགོན་པོ་དང་། རྒྱལ་རོང་ཁྲོ་ཆུ་བ་ཀུན་བཟང་དཔལ་འབྱོར་རྒྱ་མཚོ་གཉིས་ལས་གཏེར་ཆེན་ཆོས་རྒྱལ་གླིང་པའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་གསན། ཀཿཐོག་དང་རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལས་ཀློང་སྙིང་སྔོན་འགྲོ་དང་། དངོས་གཞིའི་ཆོས་སྐོར། བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་ཟབ་ཆོས་དཔག་མེད་གསན་བསམ་ཉམས་བཞེས་མཛད། འཇམ་དབྱངས་མཁྱེན་བརྩེ་དབང་པོ། སི་ཏུ་ཆོས་ཀྱི་བློ་གྲོས། ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇམ་མགོན་མི་ཕམ། ཞིང་སྤྲུལ་གསུམ་པ་འཇིགས་མེད་ཡོན་ཏན་མགོན་པོ་སོགས་ལས་བཀའ་གཏེར་ཆོས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ལེགས་པར་མནོས། ཁྱད་པར་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་དང་། གསང་སྔགས་ཕྱི་ནང་གི་དབང་ཁྲིད་མན་ངག་བུམ་པ་གང་བྱོའི་ཚུལ་དུ་གསན། རྒྱལ་སྲས་གཞན་ཕན་པ་ལ་མཆོག་ཏུ་གྱུར་པའི་སློབ་བུ་ཉི་མ་རྣམ་གསུམ་ཞེས་ལུང་རྟོགས་བསྟན་པའི་ཉི་མ། ཀུན་མཁྱེན་བསྟན་པའི་ཉི་མ། མདོ་སྔགས་བསྟན་པའི་ཉི་མ་སྟེ་བསྟན་པའི་ཉི་མའི་མཚན་ཅན་གསུམ་ཡོད་པའི་ཡ་གྱལ་དུ་གྲགས། ཀཿཐོག་མཁན་ཆེན་རྡོ་རྗེ་དཔལ་རྒྱལ་ལས་བསྙེན་པར་རྫོགས་ཅེས་བཤད་པ་ཡང་འདུག འཇམ་མགོན་མི་ཕམ་སོགས་གསར་རྙིང་གི་མཁས་པ་དུ་མ་ལ་མདོ་སྔགས་ཀྱི་གཞུང་ལུགས་དུ་མའི་དཀའ་གནད་ལས་འཕྲོས་པའི་བགྲོ་བ་དང་རྩོད་པ་མཛད་པས་མཁས་པའི་ཚད་དུ་གྲགས། མདོ་སྨད་སྤྱི་ཁྱབ་པ་དང་། དཔལ་སྤྲུལ་རིན་པོ་ཆེ་སོགས་ཀྱི་བཀའ་གསུང་ལྟར་བོད་གཞུང་ཉག་རོང་རྫོང་ལྕགས་མདུད་རུ་ནང་དུ་ཉག་རོང་གི་དགོན་པ་ཡོངས་རྫོགས་འདུས་འཚོགས་བྱེད་པའི་སྤྱི་དགོན་དུ་ཀཿཐོག་མཁན་རྡོ་རྗེ་དཔལ་རྒྱལ་གྱི་འཕྲོས་མཁན་རབས་གཉིས་པར་ཕེབས་ནས་ལོ་ཤས་རིང་འདུལ་བ་གཞི་གསུམ་གྱི་ཕྱག་སྲོལ་བཙུགས་ཤིང་ཟབ་ཆོས་དུ་མ་འཆད་ཁྲིད་མཛད། མདོ་ཆེན་ཨ་ཁོ་རིས་སོགས་དགོན་སྡེ་དུ་མར་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞི་གསུམ་གྱི་ཕྱག་བཞེས། སྙིང་ཐིག་དང་གཏེར་ཆེན་ཆོས་རྒྱལ་གླིང་པའི་གཏེར་ཆོས་སྐོར་དར་སྤེལ་བྱས། རབ་བྱུང་བཅུ་བཞི་པའི་ལྕགས་བྱི་༼༡༨༤༠༽ལོར་རྨེ་བ་རུ་ཕེབས་ནས་བེར་ཚང་གསང་སྔགས་ཉི་མས་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོར་བཻ་རོའི་ལ་ཁར་གསར་དུ་བཏབ་པའི་རྨེ་བ་དགོན་དེ་སོག་ཐང་དུ་སྤོས། སོག་བཀྲ་ཤིས་ཆོས་དར་གླིང་ཞེས་བཏགས། སྙིང་ཐིག་རང་རྐང་གི་དུས་མཆོད་སོགས་བཙུགས། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཕྲིན་ལས་ཀྱི་སྤྲུལ་པར་གྲགས་ཅེས་རྨེ་དགོན་གདན་རབས་སུ་གསལ། གདན་ས་དེར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་མཐར་དགོངས་པ་དབྱིངས་སུ་བསྡུས། རྗེ་འདི་ཉིད་ཀྱི་གསུང་ཆོས་བསྐྱེད་རིམ་གྱི་ཟིན་བྲིས་མན་ངག་ཀུན་བཏུས་དང་། འཕོ་བ། གཡུ་ཁྲོམ་བསང་མཆོད་སོགས་བཞུགས། ཁྱད་པར་བསྐྱེད་རིམ་ཟིན་བྲིས་ཀྱི་རྩོམ་དཔེ་དེང་སང་ཡང་མཁར་ར་བའི་ཁྱིམ་དུ་ཡོད། གཞུང་འདི་ཕྱིས་སུ་རྫོགས་ཆེན་དུ་མཁན་ཐུབ་སྙན་གྱིས་གཟིགས་པས་ད་སྔོན་རྫོགས་ཆེན་གདན་ས་འདི་ནས་མ་དགོན་གྱི་ཆོས་དང་ཕྱག་སྲོལ་བུ་དགོན་དུ་སྤེལ་བ་ཡིན་ཀྱང་། བུ་ཆོས་མ་ལ་དར་བའི་ལེགས་བཤད་འདི་ཙམ་ཡིན་སོགས་བསྟོད་བསྔགས་དང་བཅས་སྤར་བྱང་སྨོན་ཚིག་མཛད་ཅིང་ཤིང་པར་དུ་བརྐོས་འདེབས་མཛད་ནས་འཛིན་གྲྭའི་སློབ་ཚན་གྲས་སུ་བཞག ཕྱིས་སུ་མཁན་ཐུབ་སྙན་གཡུ་ཁོག་ཏུ་ཕེབས་སྐབས་ཆེད་དུ་མཁར་ར་བླ་བྲང་དུ་བྱོན་པ་སོགས་མཛད་དོ།།
མཁར་ར་གྲུབ་ཆེན་ཡེ་ཤེས་རྡོ་རྗེ་ནི།
རབ་བྱུང་བཅུ་བཞི་པའི་ནང་མཁར་ར་བླ་བྲང་དུ་སྐུ་འཁྲུངས། སྨིན་གླིང་སོགས་སུ་གྲྭ་སར་ཕེབས་ནས་མདོ་སྔགས་ཀྱི་གཞུང་རྣམས་ལ་གསན་བསམ་དང་། བཀའ་གཏེར་ཆོས་ཚུལ་དུ་མའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པས་ཐུགས་རྒྱུད་གཏམས་པར་བྱས། སྨིན་གླིང་གི་རྡོར་འཛིན་བླ་མའི་མཚན་གནས་བཞེས་པར་བཤད། ཕ་ཡུལ་དུ་ཕེབས་ནས་བགྲང་བྱ་དུ་མར་སྐུ་མཚམས་ལ་བཞུགས་ནས་ངེས་གསང་སྙིང་པོའི་ཉམས་ལེན་དང་། ཡིག་དྲུག་དུང་ཕྱུར་བདུན་ལྗགས་བཟླས་མཛད། རྟེན་རབ་བྱུང་དུ་བཞུགས། གཡུ་དགོན་དུ་འཚོགས་བཞུགས་མཛད། རྫི་ནུབ་དང་མཁར་ར་ལུང་སོགས་སུ་ཁོང་མི་རྟ་གཉིས་ཀྱིས་རྡོ་ངོས་སུ་ཞབས་རྗེས་འགའ་བཞག་པ་དང་། ཐེངས་ཤིག་དྲང་སྲོང་གཟའ་མཆོག་ཆེན་པོ་བསྐུལ་གསོལ་མཛད་པས་གཟའ་ཁྱིམ་དུ་བབས་ཏེ་རྒྱ་མཐོངས་ནས་ཕྱིར་བསྐྱོད་པ་ཉེ་གནས་རྣམས་ཀྱིས་མཐོང་བ་དང་། ཡང་ཐེངས་ཤིག་ཉ་མཚོ་དགོན་པའི་མདུན་དུ་ཆིབས་ལས་མ་བབ་པར་ཕེབས་པ་དགོན་དེའི་ལས་གཉེར་བ་ཚོས་མཐོང་ནས་ཁོང་འཛིན་བརྡུང་བྱེད་པར་འོང་ཚེ། གློ་བུར་དུ་འབྲུག་སྒྲ་དྲག་པོ་ལྡིར་ཞིང་ཉེ་འཁོར་དུ་ཐོག་ཞིག་བབ་པས་དེ་དག་བཅར་མ་ནུས་པ་སོགས་གྲུབ་པའི་རྟགས་མཚན་དུ་མ་མངའ། སྐུ་འདའ་ཁར་ཉ་མཚོ་དགོན་པའི་དགེ་བཤེས་འགའ་མདུན་དུ་བོས་ཏེ། ངེད་རྙིང་མའི་བན་རྒན་ཚོ་འདི་ལྟར་འཆི་བ་ཡིན་པས་གཟིགས་ཨང་གསུངས་ནས་ཆོས་གོས་མནབས། གཟིམ་མལ་དུ་དྲང་པོར་བཞུགས། འཕོ་བ་གསུངས་ནས་འདའ་བར་མཛད། སྐུ་གདུང་ཞུགས་ལ་ཕུལ་ཤུལ་དུ་ཤུག་པ་ཞིག་སྐྱེས་པ་དེང་སྐབས་ཀྱང་མཇལ་དུ་ཡོད་དོ།།
མཁར་ར་སྐུ་ཞབས་རིག་འཛིན་ཆོས་འཕེལ་ནི།
ཕ་ཡབ་ལི་ཏོ་འཇམ་དབྱངས་དང་། མ་ཡུམ་མཁར་ར་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་མཁར་ར་བླ་བྲང་དུ་སྐུ་འཁྲུངས། དགེ་བཤེས་རྟ་མགྲིན་མགོན་པོ་དང་ཁོང་གཉིས་ཕ་གཅིག་དང་། མ་སྤུན་གྱི་སྐུ་མཆེད་ཡིན་པར་བཤད། སྔོན་ཅོ་ལོ་སྣར་བོན་དགོན་ཞིག་ཡོད་པའི་དགོན་བདག་བླ་མའི་སྐུ་སྐྱེ་ཡིན་ཚུལ་ཉིད་ཀྱིས་གསུངས། དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ཚན་དུ་གྲྭ་སར་བཞུགས་ནས་ཐོས་བསམ་མཛད་པས་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་སྐྱེས་བུ་ཆེན་པོར་གྱུར། རྟའུ་ཉ་མཚོ་དགོན་གྱི་དབུ་འཛིན་ནམ་གདན་རབས་བདུན་པའི་འགན་བཞེས། ལོ་དུ་མའི་རིང་ཆོས་རའི་མཁན་པོ་མཛད་ནས་སློབ་ཚོགས་བསྐྱངས། སྐབས་དེར་མཁར་ར་བླ་བྲང་དང་། སྒོ་ཆ་བླ་བྲང་། སྤང་ནང་བླ་བྲང་གསུམ་ལ་བླ་བྲང་ཁག་གསུམ་དུ་གྲགས། ཐེངས་ཤིག་ཁོང་སོགས་རྟ་པ་འགའ་ཆ་རྒྱབ་གྲོང་ནས་ཕྱིར་ཉ་མཚོ་དགོན་དུ་ཕེབས་སྐབས། ཀེའུ་རུ་གྲོང་ནས་ས་རུབ་ཚེ་ཁོང་གི་ཆིབས་ཀྱི་ཡོབ་ཆེན་ཐད་ནས་འོད་དཀར་པོ་ཞིག་འཕྲོས་ཏེ་ཉ་མཚོ་དགོན་དུ་མ་སླེབས་བར་ལམ་གསལ་བར་བྱས་པ་དང་། གྲྭ་སར་བཞུགས་སྐབས་ཕུ་བཏབ་ནས་ལྡེ་མིག་ཕྱེས་པར་བྱས་པ་སོགས་གྲུབ་པའི་རྟགས་མཚན་ཅན་དུ་གྲགས། བར་མཚམས་ཤིག་ལ་ཁོང་གི་དབུས་ཉ་མཚོ་དགོན་པའི་བླ་གྲྭ་དུ་མས་གཡུ་ཁོག་ཏུ་ཡུལ་དགོན་སྤྱིའི་རིམ་གྲོར་གདུགས་དཀར་བཟློག་ཆེན་གསུངས་པ་སོགས་གཡུ་དགོན་དང་ཡང་འབྲེལ་བ་ཆེ་བར་འདུག དུས་འགྱུར་ཆེན་མོའི་སྐབས་ཉ་མཚོ་དགོན་རྟེན་གསུམ་རྩ་ཆེན་དུ་མ་སྐུ་སྲོག་དང་བསྡོས་ནས་སྦས་ཉར་མཛད་པ་སོགས་ཀྱིས་རྡེག་འཚོག་བསམ་ཡུལ་ལས་འདས་པའི་མནར་གཅོད་འོག་སྐུ་གཤེགས།
དགེ་བཤེས་རྟ་མགྲིན་མགོན་པོ་ནི།
ཡབ་ལི་ཏོ་འཇམ་དབྱངས་དང་། མ་ཡུམ་མཁར་ར་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་ལི་ཏོ་གྲོང་དུ་སྐུ་འཁྲུངས། སྐུ་མཆེད་མཁར་ར་སྐུ་ཞབས་རིག་འཛིན་ཆོས་འཕེལ་དང་ལྷན་དུ་ཡུལ་དབུས་དགའ་ལྡན་རྣམ་རྒྱལ་གླིང་གི་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་མཛད་ནས་གཞུང་ལུགས་རྒྱ་མཚོར་ཐོས་བསམ་དཀྱུས་ཕྱིན་མཛད། རྣམ་དཔྱོད་ཆེ་བའི་ཚད་དུ་གྲགས་ཤིང་ལྷ་རམ་པའི་མཚན་གནས་སོགས་བཞེས། དགེ་བཤེས་རྟ་ཁོ་ལགས་ཞེས་ཀྱང་འབོད། གདན་ས་ཆེན་མོ་དེ་ཉིད་དུ་འདུས་པའི་སྡེ་ཆེན་པོ་ལ་བགྲང་བྱ་དུ་མར་གཞུང་ཆེན་སྣ་ཚོགས་འཆད་ཁྲིད་གནང་བས་མཁས་པའི་གྲགས་པ་ཕྱོགས་སུ་ཁྱབ། གོང་ས་བཅུ་བཞི་པ་ཆེན་པོས་ཐུགས་རྩིས་ཤིན་ཏུ་ཆེ། དགའ་ལྡན་ཁྲི་པར་མངའ་གསོལ་ལ་ཉེ་སྐབས་གྲིབ་ནད་གྱིས་ཐེབས་ཤིང་རྨད་དུ་བྱུང་བའི་མཛད་ཕྲིན་ལ་བར་ཆད་བྱུང་མཐར་སྐུ་གཤེགས་སོ། །
མཁར་བ་བླ་མ་ངག་དབང་ནོར་བུ་ནི།
རབ་བྱུང་བཅོ་ལྔ་པའི་ནང་མཁར་ར་བླ་བྲང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ཡི་གེ་ཀློག་འདོན་སྦྱང་སྐབས་ཤིག་ལ་འོ་མ་དཀར་ཡོལ་གང་ཁང་པའི་སྟེང་ནས་ཁང་འདབས་ཀྱི་རྡོ་ཁྲོད་དུ་འཕངས་པས་ཆག་འབོ་མ་བྱུང་བ་སོགས་གྲུབ་པའི་རྟགས་མཚན་མངའ། དགའ་ལྡན་སོགས་གྲྭ་ས་ཆེ་ཁག་ཏུ་ཕེབས་ནས་གསར་རྙིང་གི་ཆོས་སྐོར་དུ་མ་གསན་བསམ་མཛད། གཤིས་ཀ་འཇམ་ཞིང་ངང་བཟང་ཀུན་ལ་མཐུན་པ་ཞིག་ཡིན། བགྲང་བྱ་དུ་མར་སྐུ་མཚམས་བཅད་རྒྱར་བཞུགས་ནས་སྒྲུབ་པ་ཉམས་བཞེས་མཛད། གསོ་དཔྱད་ལ་མཁས་ཤིང་སྐྱེ་བོ་དུ་མ་ནད་ལས་གྲོལ་བར་བྱས། གཡུ་དགོན་དུ་འཚོགས་བཞུགས་མཛད། མཁར་ར་ཡེ་ཤེས་རྡོ་རྗེའི་ཡང་སྲིད་འཁོར་གདོང་པདྨ་བཛྲ་ངོས་འཛིན་ཁྲི་གསོལ་དང་སྐུ་བདག་མཛད། དུས་འགྱུར་སྐབས་མནར་གཅོད་སྣ་ཚོགས་ཐེབས། རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་ལོའི་སྐུ་མ་འདས་པའི་ཉིན་འགའི་སྔོན་བྱ་རྒོད་ཅིག་གཟིམ་ཁང་གི་སྟེང་དུ་བབས་ནས་ཞག་འགར་བསྡད། ཉིན་ཞིག་ཁོང་གིས་རྒྱ་ཤུལ་བླ་མ་གཡུ་རིས་གདན་དྲངས་ནས། ཁོང་འདའ་བའི་དུས་ལ་བབས་ཚུལ་སོགས་གསུངས་ཤིང་། ཆོས་ཚིག་ཤོ་ལོ་ཀ་གཉིས་ཀྱི་གནད་ལ་བགྲོ་གླེང་བྱས་མཐར་སྐུ་དྲང་པོར་བཞུགས་ཏེ་ལྟེམ་པ་མེད་པར་གཤེགས།
ངེས་ལེགས་བླ་རབས་རིམ་བྱོན་གྱི་རྣམ་ཐར་བཤད་པ།
གཏེར་སྟོན་བསམ་གཏན་སྙིང་པོ་ནི།
རབ་བྱུང་བཅུ་གཉིས་པའི་ཆུ་བྱི་༼༡༧༣༢ ༡༨༠༡༽ལོར་རྡོ་སྨད་དར་སྐུ་གྲོང་པའི་ཨ་འབྲོག་ཚང་དུ་སྐུ་འཁྲུངས། སྐུ་འཁྲུངས་སྐབས་རྟགས་མཚན་སྣ་ཚོགས་བྱུང་བས་ཆུ་ལ་བསྐྱུར་ཚེ་ཆུས་མར་ལ་མ་ཁྱེར་ཡར་ལ་ཁྱེར་བས་མཚན་ཆུ་སྐྱེས་བཏགས། རྩང་ས་སྐྱ་དང་། ཁམས་རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། དབུས་གཙང་གི་གནས་རྣམས་ལ་མཇལ་སྐོར་མཛད། གཉགས་ཛྙ་ན་ཀུ་མ་རའི་སྤྲུལ་པར་གྲགས། དགུང་གྲངས་ཉི་ཤུ་བཞེས་པ་ལྕགས་མོ་ལུག་གི་ལོའི་ནུབ་གཅིག་དངོས་ཉམས་རྨི་ལམ་ལྟ་བུར་མཁའ་འགྲོ་སྡེ་ལྔས་དར་དཀར་གྱི་འདོ་ལུའི་སྟེང་ནས་གནས་མཆོག་པདྨ་འོད་ཀྱི་ཕོ་བྲང་དུ་ཁྲིད་ནས་རྒྱལ་དབང་ཨོ་རྒྱན་ཆེན་པོ་མཇལ། ཨོ་རྒྱན་ཆེན་པོས་རྩ་གསུམ་རྡོ་རྗེ་དྲག་གཏུམ་གྱི་དབང་བསྐུར། གཏེར་སྟོན་བསམ་གཏན་སྙིང་པོ་ཞེས་མཚན་གསོལ། རིག་འཛིན་གྱི་ཚོགས་གྲལ་དུ་ཆོས་ཀྱི་བགྲོ་གླེང་མང་དུ་མཛད། ཐུགས་སྲས་བརྒྱད་ཀྱིས་རྡོ་རྗེ་དྲག་གཏུམ་གྱི་ཆ་ལག་རྣམས་ཀྱི་དབང་ཁྲིད་རེ་རེ་བཞིན་བསྩལ་ནས་བུ་མཆོག་མི་ཡུལ་དུ་སོང་ལ་ཡི་གེར་ཐོབ་ལ་སྤེལ་ཅིག་གསུངས་པས། ཁོང་གིས་ངས་ནི་ཡི་གེར་འདེབས་མི་ནུས། འབྲི་ཡང་མི་ཤེས། བློར་ཡང་མི་ཤོང་ཞུས་པས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱི་བདུད་རྩི་བླུད། དེ་ནས་མི་ལོ་ལྔའི་བར་དུ་གསང་རྒྱ་མཛད་ཅིང་ཤིང་མོ་ཕག་གི་ལོ་ལ་བདེ་ཆེན་འོད་གསལ་གླིང་དུ་ཡི་གེར་ཕབ། ཤིང་ཁྱི་ལོར་བསོ་ཐོག་གནས་སུ་གུ་རུའི་རྣམ་ཐར་གསང་ཆེན་སྒྲོན་མེ། ཤིང་ཕག་ལོར་བ་ཐིམ་ཤིང་རྒྱལ་བའི་དབེན་གནས་ནས་མཚོ་རྒྱལ་སྒྲུབ་ཐབས་སོགས་གཏེར་ནས་བཏོན། སྔ་ཕྱིར་གནས་མཆོག་རྒྱལ་མོ་མུ་རྡོ་ནས་མི་ལོ་ལྔའི་རིང་སྐུ་མཚམས་བཅད་རྒྱ་ལ་བཞུགས། སྔར་ཁོང་ལ་རྩ་བའི་བླ་མས་ས་དབྱིབས་སླ་ང་འདྲ་བའི་གནས་སུ་ཁྱོད་ཀྱི་གདན་ས་ཡོད་གསུངས་པ་དེ་བཙལ་ཆེད་དགུང་གྲངས་ཉེར་དྲུག་བཞེས་པ་མེ་གླང་ལོར་གཡུ་ཁོག་ཏུ་བྱོན། སྒེག་གི་བདར་རྡོའི་ཐང་དུ་སླེབས་སྐབས་དབྱི་སྙིང་དགྲ་བླ་མི་མགོན་དཀར་པོས་དངོས་སུ་བསུ་མ་བྱས། ངེས་ལེགས་ཟམ་ཁར་སྒར་བབས་ནས་བཞུགས་པའི་ནུབ་མོ་གཟིམ་ལམ་དུ་བླ་མས་ཁྱོད་ཀྱི་གདན་ས་ཕ་ཀི་རེད་ཅེས་ལུང་བསྟན་པ་ན་གཟིམ་ལས་སད་ཚེ་ཆུའི་ཕར་ངོས་ཀྱི་ངེས་ལེགས་དབེན་ཁྲོད་གཟིགས་པས་རྡོ་ཡི་མཎྚལ་གསུམ་བཞུགས་གནས་དེར་བརྩིགས་པས་ས་དེར་མཎྚལ་ལྷས་ཞེས་མིང་ཐོགས། དེ་ནས་ངེས་ལེགས་བསམ་གཏན་གླིང་རྟེན་བརྟེན་པར་བཅས་པ་གསར་ཏུ་བཏབ་ནས་གདན་ས་མཛད། ཆུ་རྟ་ལོའི་སྟོན་ཟླ་ར་བའི་ནང་ཡུལ་ལྷ་སྐུ་བླ་དུང་རྩེས་ཞལ་གཟིགས་ཤིང་བསྟན་པ་བསྲུང་བར་ཁས་བླངས། དགུང་གྲངས་སོ་བརྒྱད་བཞེས་པ་ས་གླང་ལོར་དར་སྐུ་དགོན་གསར་བསམ་གཏན་ནོར་བུའི་གླིང་གསར་འདེབས་མཛད། དེ་ལྟར་མཛད་ཕྲིན་སྣ་ཚོགས་བསྐྱངས་ཤིང་དགུང་གྲངས་བདུན་ཅུ་བཞེས་པ་ལྕགས་བྱ་ལོར་གཙང་རོང་ཡིད་དྭངས་དགོན་དུ་སྐུ་གཤེགས་པར་བཤད། གཏེར་ཆོས་སྐོར་སོགས་གླེགས་བམ་བཅུ་གསུམ་ཡོད་ཀྱང་དུས་འགྱུར་ཁྲོད་གཏོར་བརླགས་སུ་ཕྱིན་པས་དེང་སྐབས་གླེགས་བམ་གཉིས་ཙམ་བཞུགས་པ་གཏེར་གསར་ཆོས་མཛོད་ཆེན་མོའི་གྲས་སུ་བཞུགས།
ངེས་ལེགས་བླ་མ་རིག་འཛིན་རྒྱ་མཚོ་ནི།
རབ་བྱུང་བཅུ་གསུམ་པའི་ནང་སྐུ་འཁྲུངས། རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། ཐུན་མིན་གྱི་བླ་མ་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཡིན། ཁོང་གི་སྐྱེ་ཕྲེང་ནི། སྔོན་དུས་ཨོ་རྒྱན་ཆེན་པོའི་སློབ་མ་མཆོག༔ དབང་ཆེན་གྲུབ་པ་རྒྱལ་བ་མཆོག་དབྱངས་དང་༔ དེ་རྗེས་འཇམ་དབྱངས་བདུན་རྒྱུད་ས་ཆེན་དྲུང་༔ ཀུན་དགའ་དཔལ་བཟང་མཆོད་པའི་ལས་ལ་དགྱེས༔ གཞན་ཡང་གྲུབ་དབང་གསུམ་པའི་ཞབས་དྲུང་དུ༔ ལྔ་རིག་སྨྲ་བའི་མཁས་པ་བུདྡྷའི་མིང་༔ རྫོགས་ཆེན་བཞི་པའི་ཐུགས་སྲས་བུ་ཆེན་མཆོག༔ ཁྲོ་ཆེན་གཙུག་རྒྱན་བླ་མ་རྒྱ་མཚོའི་མཚན༔ ཞེས་རྒྱ་སྤྲུལ་ལུང་རིག་གླིང་པས་མཛད་པའི་ཡང་སྲིད་ངོས་འཛིན་ལུང་བྱང་དུ་གསལ། ཆོས་སྐྱོང་སྲུང་མ་བྲན་དུ་བཀོལ་བ་སོགས་གྲུབ་པའི་རྟགས་མཚན་དུ་མ་མངའ། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་དབུ་བླར་གྱུར་ཡོད་པ་གོང་གི་ལུང་ལས་ཤེས། རབ་བྱུང་བཅུ་བཞི་པའི་མཇུག་དུ་ཞི་བར་གཤེགས། སྐུ་གདུང་ཞུགས་འབུལ་བགྱིས་སྐབས་དབུ་ཐོད་དུམ་བུ་ཡར་བའི་ངོས་སུ་ཁ་སར་པ་ཎི་རང་བྱོན་དུ་ཡོད་པར་གྲགས་སོ།།
ངེས་ལེགས་བླ་མ་ནམ་མཁའ་ཆོས་དབྱིངས་ནི།
ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། དཔལ་གྱི་དབང་ཕྱུག་སྔགས་བཙུན་ནམ་མཁའ་གྲགས༔ ཞེས་ལུང་གིས་བསྔགས་པ་ལྟར་རབ་བྱུང་བཅུ་བཞི་པའི་ནང་གཡུ་ཁོག་ཏུ་སྐུ་འཁྲུངས། རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། མི་འགྱུར་ནམ་མཁའི་རྡོ་རྗེ་ལས་ཐུན་མིན་གྱི་གདམས་པ་དུ་མ་གསན། རྫོགས་སྤྲུལ་བཞི་པས། ནམ་མཁའ་ཆོས་དབྱིངས་རྣལ་འབྱོར་དམ་པ་དང་། །ས་ཕྱོགས་དེ་རུ་དགེ་བཅུ་གོང་དུ་འཕེལ། །རྣལ་འབྱོར་བསྐྱེད་རྫོགས་བཟླས་བརྗོད་ཕུལ་དུ་ཕྱིན། །སྨིན་གྲོལ་ཆོས་ཀྱིས་འགྲོ་བ་འདྲེན་པ་དང་། །སྐུ་གསུམ་བདེ་ཆེན་སྣང་སྲིད་འཆར་བར་ངེས། ཞེས་སོགས་ཆེད་དུ་བསྔགས་པ་མཛད། བླ་མ་འདི་སྨིན་མ་རིང་པོས་སྤྱན་བཀབ་པ་དང་། སྨ་ར་རིང་པོས་ཞལ་བཀབ་ཡོད་པ་ཞིག་ཡིན་པས། རྫོགས་ཆེན་པས་ངེས་ལེགས་བླ་མ་འབྲུག་མགོ་མ་ཟེར། ཤེས་རྒྱ་ཡངས་ཤིང་མཁྱེན་དཔྱོད་ཆེ་བའི་ཚད་དུ་གྲགས། བསྲུང་མ་འགོ་ཞིང་གྲུབ་པའི་རྟགས་མཚན་དང་ལྡན་པ་ཞིག་ཡིན་པར་བཤད་དོ།།
ངེས་ལེགས་བླ་མ་བསྟན་འཛིན་ཆོས་ལྡན་ནི།
རྒྱ་སྤྲུལ་ལུང་རིག་གླིང་པས། གནས་དེའི་བྱང་ཤར་ཕྱོགས་སུ་རྟ་སྦྲུལ་ལོའི༔ བྱིས་པ་ཆོས་དབྱིངས་ཡེ་ཤེས་ཁ་ཏོག་ཅན༔ སྙིང་གའམ་ནི་ལྟེ་བར་རྩ་རིས་སམ༔ སྨེ་བའི་རྟགས་ལྡན་གཙང་མའི་རྒྱུད་ལྡན་པ༔ ཐབས་ཤེས་དབང་དང་དཱི་པཾ་མིང་ཅན་ནམ༔ ལེགས་པའི་དཔལ་ལྡན་དེ་འདྲའི་རིགས་ལས་འབྱུང་༔ བསྟ༵ན་འཛི༵ན་སྐྱེས་བུ་བྱང་ཆུབ་སེམས་དཔའི་མཆོག༔ ཆོ༵ས་ཀྱི་མཚན་ལྡ༵ན་དེ་ཉིད་སོམ་ཉི་བྲལ༔ ཅེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་བྱང་ལྟར། སྐྱ་ཤུལ་ཀརྨ་དགེ་ལེགས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་སྦྲུལ་༼༡༨༦༨༽ལོར་གཡུ་ཁོག་ཏུ་འཁྲུངས། བླ་མ་ནམ་མཁའ་ཆོས་དབྱིངས་ནས་ཁྲི་འདོན་སྐུ་བདག་མཛད། རྒྱ་སྤྲུལ་དང་། རྒྱ་ལྷ། ནམ་མཁའ་ཆོས་དབྱིངས་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། རྫོགས་ཆེན་སོགས་སུ་ཕེབས་ནས་རྫོགས་སྤྲུལ་ལྔ་པ་ལས་ཟབ་ཆོས་གསན་ནས་རྟོགས་པ་མཆོག་ལྡན་དུ་གྱུར། རྟེན་སྔགས་འཆང་དུ་བཞུགས། རྩ་གསུམ་སྤྱི་དང་བྱེ་བྲག་གི་ཆོག་གཞུང་ལས་བྱང་རྣམས་ལ་བསྙེན་ཚད་གྲངས་འཁྱོལ་མ་བསྐྱལ་བ་ཆེར་མེད་པར་མཛད། སྐུ་གསུང་ཐུགས་རྟེན་གྲངས་མང་བཞེངས། འདའ་ཁར་ད་མི་རིང་བར་དུས་ཀྱི་འཕོ་འགྱུར་དང་བསྟན་སྲིད་ལ་ཉམས་གུད་འོང་། ང་འགྲོ་རན་པ་ཡིན། ཡང་སྲིད་འཁྲུང་རྒྱུ་མེད། ནུབ་བདེ་བ་ཅན་ལ་འགྲོ་རྒྱུ་ཡིན་སོགས་གསུངས་ནས་ཉི་མ་ནུབ་པ་དང་ལྷན་དུ་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་བྱས་སྐབས་ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིག་པར་ལྗགས་ཀྱི་སྟེང་སྐུ་རྟེན་དང་། མཐའ་སྐོར་དུ་སེང་གདོང་མའི་བསྙེན་པ་རང་བྱོན་དུ་ཡོད་པར་བཤད་དོ།།
ངེས་ལེགས་བླ་མ་ནམ་མཁའ་བདེ་ཆེན་ནི།
རབ་བྱུང་བཅོ་ལྔ་པའི་མཇུག་ངེས་ལེགས་བླ་བྲང་དུ་འཁྲུངས། འདིའི་འཁྲུངས་ལོ་དང་ཡབ་ཀྱི་མཚན་མི་གསལ། མ་ཡུམ་གྱི་མཚན་ལ་རྐོ་ལོ་མར་ཁུ་སྐྱིད་ཟེར། རྒྱ་སྤྲུལ་ལུང་རིག་གླིང་པས། གསེར་གྱི་རྡོ་རྗེ་ནམ་མཁའི་མཐོངས་སུ་ཤར༔ སོགས་ལུང་བྱང་བསྩལ་བ་ལྟར་ངེས་ལེགས་བླ་མ་ནམ་མཁའ་ཆོས་དབྱིངས་ཀྱི་ཡང་སྤྲུལ་དུ་ངོས་འཛིན་སྐུ་བདག་མཛད། རྡོ་ལ་ཞབས་རྗེས་བཞག་པ་སོགས་གྲུབ་རྟགས་དང་མངོན་མཁྱེན་མངའ། སྨར་ཐ་བསམ་འཕེལ་གྱིས་ཡོངས་འཛིན་མཛད་ཅིང་ཀློག་བསླབ་ཀྱང་རྩོག་མནོལ་དུ་ཤོར་རྐྱེན་ཡི་གེ་སློབ་དཀའ་བར་བྱུང་བས་ཡོངས་འཛིན་གཏུམ་པོ་དེས་ཁོང་གི་དབུ་ལ་དབྱུག་པས་རྒྱུན་དུ་བརྡེག དགུང་གྲངས་བཅུ་ལྷག་གི་སྐབས་སུ་བྱིས་པ་དག་དང་ལྷན་དུ་རྩེད་འཇོར་རོལ་བས་བྲག་ངོས་ནས་ལྷུང་སྟེ་བརྡབ་སྐྱོན་ཚབ་ཆེན་ཕོག བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །གསུངས་ནས་སྐུ་གཤེགས། དུས་དེར་ཆར་ཟིམ་བབ་ཅིང་ཡུན་རིང་བར་འཇའ་ཚོན་ཤར་བར་བཤད་དོ།།
ངེས་ལེགས་སྤྲུལ་སྐུ་འགྱུར་མེད་དཀོན་མཆོག་ནི།
རབ་བྱུང་བཅོ་ལྔ་པའི་ས་ལུག་༼༡༩༡༩ ༡༩༦༢༽ལོར་ངེས་ལེགས་བླ་མ་བསྟན་འཛིན་ཆོས་ལྡན་དང་། ཡུམ་ཚེ་གཟུངས་གཉིས་ཀྱི་སྲས་སུ་འཁྲུངས། ཆ་ནང་སྤྲུལ་སྐུ་མི་ཕམ་དང་། ཁྱད་པར་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ལས་ཟབ་ཆོས་དུ་མ་ལ་གསན་བསམ་ཉམས་བཞེས་མཛད། དུས་རྒྱུན་ཚོགས་བསགས་མཆོད་འབུལ་དང་། སྐུ་མཚམས་བསྒོམ་སྒྲུབ་ལ་ལོ་མང་བཞུགས། དབུས་གཙང་སོགས་སུ་གནས་སྐོར་ཐེངས་གཉིས་བྱོན། རྟེན་རབ་བྱུང་དུ་བཞུགས། གཙང་སྨད་སེང་གེ་དགོན་པས་དགོན་དེའི་བླ་མ་ཞིག་གི་ཡང་སྲིད་དུ་ངོས་བཟུང་ཡང་ཡབ་ཀྱིས་བསླུ་ཁ་མ་གཏད་པར་གྲགས། དུས་འགྱུར་གྱི་མནར་གཅོད་སྣ་ཚོགས་བཞེས་མཐར། དགུང་གྲངས་ཞེ་བཞི་བཞེས་པ་ཆུ་སྟག་ལོའི་དགུན་དུས་སུ་ནུབ་གཅིག་སྐུ་ལུས་དྲང་པོར་བསྲངས། སྤྱན་མིག་ནམ་མཁའ་ལ་ཧ་རེ་གཟིགས་ནས་རབ་ཆོས་སྐུའི་འཕོ་བའི་གསང་ལམ་ནས་ནང་དབྱིངས་གདོད་མའི་གཞི་ཀློང་དུ་གཟུགས་སྐུའི་བཀོད་པ་བསྡུས། སྐུ་གདུང་ས་འོག་ཏུ་སྦེད་སྐབས་ས་མིག་ཏུ་མེ་ཏོག་ཞིག་སྐྱེས་ཡོད་པ་སོགས་རྟགས་མཚན་དུ་མ་བྱུང་བར་གྲགས་སོ།།
དང་པོ་གཤེན་རབ་གཡུང་དྲུང་བོན་གྱི་ཆོས། །བར་དུ་ཀརྨ་ཀཾ་ཚང་བརྒྱུད་པའི་སྲོལ། །རྗེས་སུ་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན། །དགོན་འདིའི་ཐོག་མའི་བྱུང་རིམ་སུ་ཡིས་དཔོག །གནམ་ན་རྩིབས་བརྒྱད་འཁོར་ལོའི་རི་མོ་བཀྲ། །ས་ལ་འདབ་བརྒྱད་པདྨས་རང་མདངས་ངོམ། །ལོགས་ན་བཀྲ་ཤིས་རྟགས་ཀྱི་མཆོད་སྤྲིན་སྤྲོ། །གསང་ཆེན་གསང་བའི་སྒྲུབ་རྫས་མ་ཚང་མེད། །སྟེང་ན་རྩ་གསུམ་ལྷ་ཡི་བྱིན་རླབས་འཁྲིགས། །བར་ན་དངོས་གྲུབ་རྣམ་གཉིས་སྦྲང་ཆར་འཇོ། །མཐའ་ན་ཆོས་སྐྱོང་སྲུང་མས་བར་ཆད་སེལ། །དཀར་ཕྱོགས་སྐྱོང་བས་དུས་ཀུན་མེལ་ཚེ་མཛད། །བཤད་སྒྲུབ་ལས་གསུམ་འཛོམ་པའི་དགོན་སྡེ་བརྗིད། །མཚམས་སྤྲིན་ས་ལ་འཕོས་འདྲའི་འདུས་སྡེ་མཛེས། །ལུང་རིགས་ངར་སྐད་སྒྲོག་པའི་མཁས་པ་དང་། །དུས་གསུམ་སྒྲིབ་མེད་གཟིགས་པའི་སྐྱེས་ཆེན་མང་། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་དང་། །པདྨའི་རྒྱལ་ཚབ་སྐལ་ལྡན་ལུང་རིག་གླིང་། །འགྱུར་མེད་བློ་གྲོས་མཐའ་ཡས་ལ་སོགས་པའི། །གདན་རབས་གསེར་རིའི་ཕྲེང་བ་ཚར་དུ་དངར། །རྫོགས་ཆེན་མཁན་པོ་འོད་ཟེར་མཐའ་ཡས་དང་། །ཁྱི་ཤུལ་མཁན་པོ་ཀུན་དགའ་བརྩོན་འགྲུས་སོགས། །མཁན་རབས་རིམ་བྱོན་ནོར་བུའི་ཕྲེང་བ་ཡིས། །བཅུ་ཕྲག་རིག་པའི་རིན་ཆེན་ཐང་མར་བརྡལ། །མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ་དང་། །བྱ་བྲལ་ཆོས་དབྱིངས་རང་གྲོལ་ལ་སོགས་པའི། །བསྟན་འཛིན་སྐྱེས་ཆེན་རྒྱུ་སྐར་ཕྲེང་བ་ཡིས། །ལུང་རྟོགས་བསྟན་པའི་རྒྱལ་མཚན་ཕྱོགས་སུ་བསྒྲེངས། །ཆོས་བརྒྱད་འཆིང་ཐག་ཆད་པའི་རྣལ་འབྱོར་དང་། །མཁྱེན་དཔྱོད་ལང་ཚོ་རབ་རྒྱས་མཁས་པའི་ཁྱུས། །རི་ཐང་དོགས་པོར་བྱས་པའི་མཛད་ཕྲིན་ལ། །དྭངས་བའི་སེམས་ཀྱིས་ཕྱི་མིག་གཟིགས་པར་འཚལ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །