Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཅིག་པ།


  expand section
  collapse section
   
  collapse section
  collapse section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
མཐོང་བའི་ལམ།
   
   
   
  expand section
  expand section
  expand section


 
previousམཐོང་བའི་ལམ། next

མཐོང་བའི་ལམ།


DTG081_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ་ལ་དོན་བརྒྱད་ཀྱིས་བསྟན་པའི་ལྔ་པ་མཐོང་བའི་ལམ་ལ་གཟུང་བར་རྟོག་པ་གཉིས་ཏེ། འཇུག་པ་ལ་རྟོག་པ་དང༌། ལྡོག་པ་ལ་རྟོག་པའོ། །འཛིན་པར་རྟོག་པ་ལ་ཡང་གཉིས་ཏེ། སྐྱེས་བུ་རྫས་སུ་འཛིན་པ་དང༌། བཏགས་པར་ཡོད་པར་འཛིན་པ་དང༌། དེ་ལྟར་བཞི་པོ་རེ་རེ་ལ་དགུ་དགུར་དབྱེ་བ་ལས་རྟོག་པ་དགུའི་དང་པོ་དབེན་པས་མ་རྟོགས་པའི་ངོ་བོ་ཉིད་ཀྱང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་ཞེས་པ་ལ་སོགས་པས་བསྟན། གཉིས་པ་ས་མི་གཡོ་བ་ལ་འཇུག་པས་སངས་རྒྱས་ཀྱི་རིགས་སུ་ངེས་པ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པ་ལགས་སོ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་སྒྱུ་མ་ལྟ་བུར་རྟོགས་པས་མཐོང་བ་ལ་སོགས་པའི་ལམ་ཡང་དག་པར་འགྲུབ་པ་ཡང་མདོ་ལས། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་སྒྱུ་མའི་སྐྱེས་བུ་ནི་འདི་སྙམ་དུ་སྒྱུ་མ་ནི་བདག་དང་རིང་ལ་སྒྱུ་མ་མཁན་དང་ནི་ཉེའོ་ཞེའམ་ཞེས་པ་ལ་སོགས་པས་བསྟན། བཞི་པ་སྣང་བརྙན་ཙམ་དུ་ཟད་པས་ཤེས་པའི་དམིགས་པ་མ་འཁྲུལ་བ་ཡང་མདོ་ལས། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། གཟུགས་བརྙན་ནི་འདི་སྙམ་དུ་དམིགས་བ་གང་གིས་གཟུགས་བརྙན་འབྱུང་བ་དེ་ནི་བདག་དང་ཉེ་ལ་མེ་ལོང་དང་


DTG081_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་དེར་མ་བྱུང་བ་དེར་ནི་བདག་དང་རིང་ངོ་སྙམ་དུ་མི་སེམས་ལགས་སོ་ཞེས་པ་ལ་སོགས་པས་བསྟན། ལྔ་པ་ཡོན་ཏན་དང་སྐྱོན་མཐོང་བ་སྔོན་དུ་འགྲོ་བའི་བླང་བ་དང་དོར་བ་ཉིད་ཀྱིས་མི་མཐུན་པ་དང༌། གཉེན་པོ་ཡང་མདོ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་སྡུག་པ་དང་མི་སྡུག་པ་མ་མཆིས་ལགས་སོ་ཞེས་པ་ལ་སོགས་པས་བསྟན། དྲུག་པ་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་རང་གི་རྟོགས་པ་ཡང་མདོ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་འདི་དག་ནི་ཕྱིན་ཅི་ལོག་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱི་ལས་མངོན་དུ་བྱེད་དེ། གཞི་དེ་ལས་འདུན་པའི་རྩ་བ་ལས་བྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་ཅིང་མངོན་པར་སྒྲུབ་པར་བྱེད་དོ་ཞེས་པ་ལ་སོགས་པས་བསྟན། བདུན་བ་དམན་ཞིང་གྱ་ནོམ་པ་མ་ཡིན་པ་ཉིད་ཀྱིས་ཉན་ཐོས་ལ་སོགས་པའི་ས་ཐག་སྲིང་བར་བྱེད་པ་ཡང་མདོ་ལས། དེ་ནས་འདོད་པ་ན་སྤྱོད་པ་དང༌། གཟུགས་ན་སྤྱོད་པའི་ལྷའི་བུ་རབ་ཏུ་མང་པོ་དག་འདི་སྙམ་དུ་སེམས་སོ་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་བསམ་པ་ཇི་ལྟ་བ་དང་མཐུན་པར་སྤྲུལ་པས་སེམས་ཅན་གྱི་དོན་གྱི་ལས་ཀྱང་མདོ་ལས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་གང་མངོན་སུམ་དུ་བྱས་པས་ཉན་ཐོས་ཀྱི་ས་འམ་ཞེས་པ་ལ་སོགས་པས་བསྟན། དགུ་པ་ཡང་དག་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སྐྱེ་བོ་ཐམས་ཅད་མྱ་ངན་ལས་འདས་པ་ལ་དགོད་པ་ཡང་མདོ་ལས། གང་སེམས་ཅན་རྣམས་གདུལ་བར་བྱ་འམ་སྙམ་དུ་སེམས་པ་དེ་ནི་ནམ་མཁའ་གདུལ་བར་བྱའོ་སྙམ་དུ་སེམས་པ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། གཟུང་བར་རྟོག་པ་གཉིས་པ་ལྡོག་པའི་རྟེན་ལ་ཡང་དགུར་ཕྱེ་བའི་དང་པོ་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་རུང་བར་ལྟུང་བ་ཉིད་ཀྱིས་རྟོགས་པ་དམན་པ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དབེན་པའི་ཕྱིར་གོ་ཆ་དབེན་པར་ལྟ་བའི་ཕྱིར་ཏེ། གལ་ཏེ་དེ་སྐད་བསྟན་པ་ན་བྱང་ཆུབ་སེམས་


DTG081_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པར་མི་འགྱུར་རོ་ཞེ་ན་ཞེས་པ་ལ་སོགས་པས་བསྟན། གཉིས་པ་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་དང་བྲལ་བ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པ་ཡང་མདོ་ལས། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ལྷའི་བུ་རྣམས་ཀྱང་བསྙེན་བསྐུར་བྱ་བ་དང་ཡོངས་སུ་ཞུ་བ་དང་ཡོངས་སུ་འདྲི་བའི་ཕྱིར་ཉེ་བར་འགྲོ་བར་སེམས་ཤིང་ཞེས་པ་ལ་སོགས་པས་བསྟན། གསུམ་པ་སྒྲིབ་པ་མཐའ་དག་གི་གཉེན་པོ་མ་ཡིན་པ་ཉིད་ཀྱིས་བསྒྲུབ་པའི་ལམ་མ་ཚང་བ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་ལྟར་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་ཕྱིར་ཞུགས་པ་དེ་དག་ནི་དཀའ་བ་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་པ་ལ་སོགས་པས་བསྟན། བཞི་པ་དེ་བཞིན་གཤེགས་པ་ལ་སོགས་པའི་གདམས་ངག་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་གཞན་གྱི་རྐྱེན་གྱིས་འགྲོ་བ་ཡང་མདོ་ལས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དག་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། ལྔ་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་གི་སེམས་ཆེན་པོ་ཉིད་ལ་སོགས་པ་ལ་མི་འཇུག་པ་ཉིད་ཀྱི་ཆེད་དུ་བྱ་བ་ལས་ལ་སོགས་པའི་མདོ་ལས་འགྲེལ་པ་དང་ལྟག་འོག་མི་མཐུན་ཏེ་འོག་ནས་འབྱུང༌། དྲུག་པ་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་ཀྱི་ལམ་ལ་སོགས་པའི་བྱེད་པ་ཉི་ཚེ་བ་ཡང་མདོ་ལས། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། བདུན་པ་དམིགས་པ་དང་བཅས་པ་ཉིད་ཀྱིས་འབྲས་བུ་དང་པོ་ལ་སོགས་པ་རྟོག་པ་ཐ་དད་པ་ཉིད་ཀྱང་མདོ་ལས། རབ་འབྱོར་གྱིས་གསོལ་ཏོ། །བཅོམ་ལྡན་འདས་གང་དེ་བཞིན་ཉིད་དུ་གནས་ཤིང་དེ་བཞིན་ཉིད་དུ་བསྒྲུབས་ན་ཆོས་གང་ཡང་དམིགས་པར་མི་འགྱུར་བ་ལགས་ན་ཞེས་པ་ལ་སོགས་པས་བསྟན། བླ་ན་མེད་པ་དང་གོང་ན་མེད་པ་ཞེས་


DTG081_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་པའི་ཕྱིར་རོ་ཞེས་པའི་བར་གྱིས་བསྟན། བར་འདིར་ཆེད་དུ་བྱ་བ་ལས་ལ་སོགས་པ་བསྟན་ཏེ་མདོ་ལས། ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་འདོད་པས་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་མ་རིག་པའི་བག་ལ་ཉལ་ཐམས་ཅད་མ་སྤངས་པས་གནས་པ་དང་འགྲོ་བ་མི་ཤེས་པ་དང༌། དགུ་པ་ཐེག་པ་ཆེན་པོ་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྲོ་བ་ལ་ཉེས་པ་དང་བཅས་པ་ཉིད་ཀྱིས་གཟུང་བར་བྱ་བ་ཡིན་པ་ཉིད་དུ་ལྡོག་པར་བྱ་བ་བསྟན་པ་ཡང་མདོ་དང་ལྟག་འོག་མི་མཐུན་ཏེ་དགུ་པ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ཤིང་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་ནི་མདོ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པས་ཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་པས་བསྟན། དེ་ལྟར་གཟུང་བར་རྟོག་པ་བསྟན་པའི་བར་འདིར་འགྲེལ་པ་ལས་ནི་འཛིན་པར་རྟོག་པ་རྣམ་པ་གཉིས་འབྱུང་ན་མདོ་དང་ལྟག་འོག་མི་མཐུན་ཏེ། མདོ་ལས་མཐོང་བའི་ལམ་གྱི་རྒྱུ་དང་འབྲས་བུ་དང་རང་བཞིན་དང་བསྒོམ་པའི་ལམ་བསྟན་ཏེ། དེ་ལ་རྒྱུ་ལ་ཡང་གསུམ་སྟེ། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེའི་རྒྱུ་ཡོངས་སུ་གཏོད་པ་དང༌། །དེ་ཐོབ་པར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །དེ་ལ་བྱང་ཆུབ་ལ་གཞན་སྟོན་པ་ཡང་མདོ་ལས། དེ་ནས་འཁོར་དེ་ཉིད་ལས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་མེ་ཏོག་མན་ད་ར་བ་དག་བླངས་ནས་བཅོམ་ལྡན་འདས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ་ཞེས་པ་མན་ཆད་ཀྱིས་བསྟན། དེའི་རྒྱུ་ཡོངས་སུ་གཏོད་པ་ཡང་མདོ་ལས། ཀུན་དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁྱོད་ལ་ཡོངས་སུ་གཏད་དོ་ཞེས་པ་མན་ཆད་ཀྱིས་


DTG081_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །བར་ཆད་མེད་པའི་རྒྱུ་བསོད་ནམས་མང་པོའི་མཚན་ཉིད་ཀྱང་མདོ་ལས། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། ཆོས་བསྟན་པ་སྔ་མ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པར་གྱུར་ན་ཞེས་པ་ལ་སོགས་པས་བསྟན། འབྲས་བུ་བྱང་ཆུབ་བསྟན་པ་ཡང་མདོ་ལས། ལེའུ་དྲུག་ཅུ་རྩ་གཅིག་པའི་ཀླད་ནས། དེ་ནས་ཚེ་དང་ལྡན་བ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། ཀྱེ་མ་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་ཟབ་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། མཐོང་བའི་ལམ་གྱི་རང་བཞིན་བསྟན་པ་ཡང་མདོ་ལས། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་མན་ཆད་ཀྱིས་བསྟན། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཡང་རང་བཞིན་དུ་བསྡུ་ཞིང་མཐོང་བའི་ལམ་གྱི་རྣལ་འབྱོར་པ་དེ་ཡང་དང་ཡང་དུ་སྒོམ་པར་བྱེད་པ་མདོ་ལས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ཞེས་པ་ལ་སོགས་པས་བསྟན། རྟེན་བསྒོམ་པའི་ལམ་ཡང་མདོ་ལས། དེས་དེ་ལྟར་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་རྣམ་པར་དབྱེ་བ་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་ཞེས་པ་ལ་སོགས་པས་བསྟན། མཐོང་བའི་ལམ་གྱིས་སྤོང་བའི་འཛིན་པར་རྟོག་པ་གཉིས་ལས། དང་པོ་སྐྱེས་བུ་རྫས་སུ་ཡོད་པར་རྟོག་པ་ཡང་མདོ་ལེའུ་དྲུག་ཅུ་རྩ་གསུམ་པའི་ཀླད་ནས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་


DTG081_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་ཟླ་བའི་དཀྱིལ་འཁོར་ནི་གླིང་བཞི་སྣང་བར་བྱེད་ལ་གླིང་བཞི་དང་མཐུན་པར་འགྲོ་ཞིང་མཐུན་པར་འཁོར་རོ་ཞེས་པ་ལ་སོགས་པས་མགོ་དྲངས་ནས་དེ་ཡང་དགུར་ཕྱེ་བའི་དང་པོ་ཀུན་རྫོབ་སྒྱུ་མ་བཞིན་དུ་འཛིན་པ་དང་ཐར་པ་ཡང་མདོ་ལས། འོག་ནས། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་དག་ཡོངས་སུ་མ་བཟུང་མ་བཏང་བ་ལགས། བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མི་འཛིན་མི་གཏོང་ངོ་ཞེས་པ་ལ་སོགས་པས་བསྟན། གཉིས་པ་ཡང་དག་པ་ཉིད་དུ་ཡིད་ལ་མི་བྱེད་པར་ཡིད་ལ་བྱེད་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། བཀའ་སྩལ་པ། རབ་འབྱོར་གང་གཟུགས་ཡིད་ལ་མི་བྱེད་ཅིང་བྱང་ཆུབ་ཀྱི་བར་དུ་ཡིད་ལ་མི་བྱེད་པ་དེ་ནི་གཟུགས་ཡིད་ལ་མི་བྱེད་པ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་ཆོས་ཉིད་ཀྱི་ཁམས་གསུམ་ཆར་ཉེ་བར་འབྲེལ་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་འདི་ལྟར་གཟུགས་ཡིད་ལམ་བགྱིས་ཤིང་བྱང་ཆུབ་ཀྱི་བར་དུ་ཡིད་ལ་མ་བགྱིས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ལགས་ཞེས་པ་ལ་སོགས་པས་བསྟན། བཞི་པ་སྟོང་པ་ཉིད་དུ་མི་གནས་པས་གནས་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་གང་ལ་གནས་པར་མི་འགྱུར་བ་ལགས་ཞེས་པ་ལ་སོགས་པས་བསྟན། ལྔ་པ་དངོས་པོ་ལ་མངོན་པར་མ་ཞེན་པས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་ཡང་མདོ་ལས། གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་ལ་མི་གནས་ཤིང་བྱང་ཆུབ་ཀྱི་བར་ལ་མི་གནས་པ་ལགས་ཞེས་པ་ལ་སོགས་པས་བསྟན། དྲུག་པ་རྫས་སུ་ཡོད་པ་མེད་པས་ཆོས་ཐམས་ཅད་བཏགས་པ་ཡང་མདོ་ལས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་མངོན་པར་ཞེན་པར་བྱ་བའམ་གནས་པར་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ་ཞེས་པས་བསྟན། བདུན་པ་


DTG081_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ཤེས་པའི་མ་ཆགས་བས་མངོན་པར་ཞེན་པ་སྔོན་དུ་འགྲོ་བའི་ཆགས་པ་ཡང་མདོ་ལས། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་པས་བསྟན། བརྒྱད་པ་མཉམ་པ་ཉིད་བསྒོམ་པའི་གཉེན་པོ་ཉིད་ཀྱི་གཉེན་པོ་ཡང་མདོ་ལས། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། དགུ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་མ་ཤེས་པས་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བ་ལ་ཐོགས་པ་ཡང་མདོ་ལས། གལ་ཏེ་དེ་ལྟར་ཡོངས་སུ་མ་བཟུང་བའི་ཆོས་ལ་མངོན་པར་ཞེན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། འཛིན་པར་རྟོག་པ་གཉིས་པ་སྐྱེས་བུ་བཏགས་པར་འཛིན་པ་རྣམ་པ་དགུའི་དང་པོ་ཉན་ཐོས་ལ་སོགས་པས་ངེས་པར་འབྱུང་བ་ཉིད་ཀྱི་ཆེད་དུ་བྱ་བ་ཇི་ལྟ་བ་བཞིན་དུ་ངེས་པར་མི་འབྱུང་བ་ཡང་མདོ་ལས། གཟུགས་རྟག་པ་འམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ། བདག་གམ། བདག་མེད་པ་འམ། ཞི་བ་འམ། མ་ཞི་བ་འམ། སྟོང་པ་འམ་མི་སྟོང་པ་འམ། དབེན་པ་འམ་མི་དབེན་པ་ཞེས་བྱ་བར་མངོན་པར་ཞེན་པ་མེད་དོ་ཞེས་པ་ལ་སོགས་པས་བསྟན། གཉིས་པ་རང་གི་མངོན་པར་འདོད་པའི་ལམ་མེད་པས་ལམ་གཞན་ལ་ལམ་མ་ཡིན་པར་འཛིན་པ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁ་ལོ་སྒྱུར་བ་ནི་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ནས་ལམ་མཉམ་པ་ནས་འགྲོའོ་ཞེས་པ་མན་ཆད་ཀྱིས་བསྟན། གསུམ་པ་རྒྱུ་དང་འབྲས་བུ་ཀུན་རྫོབ་ཀྱི་ངོ་བོས་སྐྱེ་བ་དང་འགག་པ་ཡང་མདོ་ལས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གནས་པ་ཉིད་ཚད་མར་བྱས་ན་ཆོས་གང་ཡང་སྐྱེད་པ་འམ་འགོག་པ་མ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། བཞི་པ་བར་ཆད་མེད་


DTG081_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཅིག་ཤོས་སུ་སྣང་བ་ཉིད་ཀྱིས་དངོས་པོ་མཐའ་དག་ལྡན་པ་དང་མི་ལྡན་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བགྱི། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་གཟུགས་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། ལྔ་པ་ནམ་མཁའ་ལ་གནས་པའི་བྱ་དང་འདྲ་བར་གཟུགས་ལ་སོགས་པ་ལ་གནས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ་ཞེས་པ་ལ་སོགས་པས་བསྟན། དྲུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་ཉན་ཐོས་ལ་སོགས་པའི་རིགས་འཇིགས་པ་ཡང་མདོ་ལས། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་འགྲོ་བར་འདོད་པ་དང་ཞེས་པ་ལ་སོགས་པས་བསྟན། བདུན་པ་དེ་ལྟ་བུའི་ཁྱད་པར་དུ་འཕགས་པའི་ཆོས་མེད་པས་འདོད་པ་མེད་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལགས་སམ་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་དོན་དམ་པའི་བདེན་པ་ལ་བརྟེན་ནས་རྒྱུ་མེད་པ་ཡང་མདོ་ལས། རབ་འབྱོར་དེ་ལྟ་བས་ན་ཉན་ཐོས་ཀྱི་ཐེག་པ་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་དང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་པ་ལ་སོགས་པས་བསྟན། དགུ་པ་སེར་སྣ་ཤིན་ཏུ་གོམས་པར་བྱས་པས་བདུད་ལ་སོགས་པས་ཕྱིར་རྒོལ་བའི་དངོས་པོ་དམིགས་པ་ལ་བཏགས་པའི་དངོས་པོར་མངོན་པར་ཞེན་པ་ཡང་མདོ་ལས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་ལག་ཚོད་ལ་བབ་པའི་གཞུ་ཐོགས་པ་ནི་ཕྱིར་རྒོལ་བའི་དགྲ་བོ་རྣམས་ཀྱིས་ཐུབ་པར་དཀའོ་ཞེས་པ་ལ་སོགས་པས་བསྟན།


previousམཐོང་བའི་ལམ། next