Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཅིག་པ།


  expand section
  collapse section
   
  collapse section
  collapse section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
བསྒོམ་པའི་ལམ།
   
   
  expand section
  expand section
  expand section


 
previousབསྒོམ་པའི་ལམ། next

བསྒོམ་པའི་ལམ།


DTG081_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོར་ཕྱིན་པ་ལ་དོན་བརྒྱད་ཀྱིས་བསྟན་པའི་དྲུག་པ་བསྒོམ་པའི་ལམ་གྱི་རང་བཞིན་ནི་གོང་དུ་ཐོད་རྒལ་གྱི་ཏིང་ངེ་འཛིན་གྱིས་བསྟན་ནས། གཟུང་བར་རྟོག་པའི་དང་པོ་ལ་དགུར་ཕྱེ་བའི་དང་པོ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་མོས་པས་མདོར་བསྡུས་པ་དང༌། གཉིས་པ་རྒྱས་པ་ལ་དགའ་བ་ལ་རྒྱས་པ་ཡང་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་དགོངས་པ་མཛད་དོ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་ཇི་སྐད་བསྟན་པ་བཞིན་དོན་ལ་ནན་ཏན་མི་བྱེད་པས་སངས་རྒྱས་ཀྱིས་བསྟན་ཏེ་ཡོངས་སུ་མ་བཟུང་བ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣོན་པོའི་འཇུག་པ་ལགས་སོ་ཞེས་པ་ལ་སོགས་པ་སྟན། བཞི་པ་བྱུང་བ་དང་འགག་པ་ཉིད་ཀྱིས་སྦྱོར་བའི་ལམ་གྱི་ཡོན་ཏན་མེད་པ་ཡང་མདོ་ལས། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟར་བདག་གིས་ཀྱང་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་དག་བརྙེས་པའི་ཆོས་དེ་དག་ཐོབ་པར་འགྱུར་རོ་སྙམ་དུ་རེ་བར་བྱའོ་ཞེས་པ་ལ་སོགས་པས་བསྟན། ལྔ་པ་ཡང་དག་པར་སྐྱེ་བའི་རྒྱུ་དང་མི་ལྡན་པས་མཐོང་བའི་ལམ་གྱི་ཡོན་ཏན་མེད་པ་ཡང་མདོ་ལས། དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་པ་ལ་སོགས་པས་བསྟན། དྲུག་པ་མ་འོངས་པ་མེད་པ་ཉིད་ཀྱིས་བསྒོམ་པའི་ལམ་གྱི་ཡོན་ཏན་མེད་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐ་ན་སེ་གོལ་གཏོགས་པ་ཙམ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འགྱུར་ན་ཞེས་པ་ལ་སོགས་པས་བསྟན། བདུན་པ་


DTG081_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་ལ་སོགས་པས་མྱ་ངན་ལས་འདས་པར་སྦྱོར་བའི་ལམ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་པ་ལ་སོགས་པས་བསྟན། བརྒྱད་པ་སྟོང་པ་ཉིད་མངོན་པར་བསྒྲུབ་པ་ཉིད་ཀྱིས་མཐོང་བའི་ལམ་ཡང་མདོ་ལས། གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་ཟེར་བ་ནི་ཞེས་པ་ལ་སོགས་པས་བསྟན། དགུ་པ་རང་བཞིན་མེད་པས་བསྒོམ་པའི་ལམ་ཡང་མདོ་ལས། གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བགྱི་ཞེས་ཟེར་བ་ནི་ཞེས་པ་ལ་སོགས་པས་བསྟན། བསྒོམ་པའི་ལམ་གྱི་གཟུང་བར་རྟོག་པ་གཉིས་པ་ལ་དགུར་ཕྱེ་བའི་དང་པོ་དགེ་བའི་བཤེས་གཉེན་དང་བྲལ་བས་བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ཏུ་སྤྱད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ལགས་ཞེས་པ་ལ་སོགས་པས་བསྟན། གཉིས་པ་སངས་རྒྱས་ལ་དམིགས་པའི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་ཡང་མདོ་ལས། གསོལ་བ། བཅོམ་ལྡན་འདས་ཅི་སེམས་ཀྱི་རྒྱུན་མ་ཆད་ཅིང་མ་བྲལ་བར་རྗེས་སུ་འབྲེལ་བར་སྤྱད་པར་བགྱི་བ་ལགས་སམ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་ཉན་ཐོས་ཀྱི་རིགས་ཅན་དང༌། བཞི་པ་རང་སངས་རྒྱས་ཀྱི་རིགས་ཅན་ཉིད་ཀྱི་ཕྱིར་དེའི་སྦྱིན་པ་སྔོན་དབྱེད་པ་ཡང་མདོ་ལས། འདུས་བྱས་སམ། འདུས་མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། ཆོས་ཐམས་ཅད་ཀྱི་བར་དག་ཀྱང་གདགས་སུ་མེད་པ་ཡིན་ནོ་ཞེས་པ་མན་ཆད་ཀྱིས་བསྟན། ལྔ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མེད་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་


DTG081_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡང་མདོ་ལས། བཀའ་སྩལ་པ། རབ་འབྱོར་སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། དྲུག་པ་དམིགས་པ་དང་བཅས་པ་ཉིད་ཀྱིས་བསྒོམ་པ་དང༌། བདུན་པ་དམིགས་པ་མེད་པས་བསྒོམ་པ་མེད་པ་དང༌། བརྒྱད་པ་དམིགས་པ་དང་མི་དམིགས་པ་གཉི་ག་མེད་པས་སྒོམ་པ་ཡང་མེད་སྒོམ་པ་མེད་པ་ཡང་མ་ཡིན་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་མི་དམིགས་པར་འགྱུར། ཇི་ཙམ་གྱིས་ན་དམིགས་པར་འགྱུར་ལགས་ཞེས་པ་ལ་སོགས་པས་བསྟན། དགུ་པ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ་གཟུང་བའི་རྟོག་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མ་བགྱིས་པ་དང༌། འགྱུར་བ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། སངས་རྒྱས་ཀྱི་ཐེག་པ་འདི་དག་རྣམ་པར་དགོད་པར་འགྱུར་ལགས་ཞེས་པ་ལ་སོགས་པས་བསྟན། འཛིན་པའི་རྣམ་པར་རྟོག་པའི་དང་པོ་ལ་དགུར་ཕྱེ་བའི་དང་པོ་རྫས་སུ་ཡོད་པར་མ་སྐྱེས་པས་སེམས་ཅན་དུ་བཏགས་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་སེམས་ཅན་གང་དག་འཁོར་བ་ལས་ཡོངས་སུ་ཐར་བར་བགྱི་བ་དག་མ་དམིགས་ལགས་ན་ཞེས་པ་མན་ཆད་ཀྱིས་བསྟན། གཉིས་པ་སྣང་བ་ཙམ་དུ་ཟད་པའི་ཕྱིར་ཆོས་སུ་བཏགས་པ་ཡང་མདོ་ལས། བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མཁྱེན་ནས་སེམས་ཅན་གང་དག་བཏུལ་བ་མེད་དོ་ཞེས་པ་ལ་སོགས་པས་བསྟན། གསུམ་པ་ཐམས་ཅད་དུ་འགྲོ་བའི་


DTG081_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པས་ཆོས་སྟོང་པ་མ་ཡིན་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་སྤྲུལ་པ་ལ་བྱེ་བྲག་ཅི་མཆིས་ཞེས་པ་ལ་སོགས་པས་བསྟན། བཞི་པ་རྣམ་པ་ཐམས་ཅད་མངོན་པར་ཞེན་པ་མ་སྤངས་པས་ཆོས་ལ་ཆགས་པ་ཡང་མདོ་ལས། བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་བློ་གྲོས་ཞི་བས་བྱང་ཆུབ་སེམས་དཔའ་མི་དམིགས་ནས་སྤྲུལ་པ་སྤྲུལ་ནས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་པ་ལ་སོགས་པས་བསྟན། ལྔ་པ་མན་ཆད་འགྲེལ་པ་དང༌། མདོ་གོ་རིམས་ལྟག་འོག་མི་མཐུན་པ་མདོ་བཙན་པར་བྱས་ཏེ་ཡང་དག་པར་མ་ཞུགས་པས་ཡོན་མ་དག་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་གལ་ཏེ་སྤྲུལ་པ་དང་དེ་བཞིན་གཤེགས་པ་ལ་བྱེ་བྲག་མ་མཆིས་ན་སྦྱིན་པ་ཡོངས་སུ་སྦྱོང་བར་ཡང་ཇི་ལྟར་འགྱུར་ལགས་ཞེས་པ་ལ་སོགས་པས་བསྟན། ངོ་བོ་ཉིད་མེད་པར་རྟོགས་པས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་མདོ་ལས། རབ་འབྱོར་རྣམ་གྲངས་དེས་ན་འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཚད་མར་བྱས་ནས་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བྱེ་བྲག་ཅུང་ཟད་ཀྱང་མེད་པར་རིག་པར་བྱ་སྟེ་ཞེས་པ་ལ་སོགས་པས་བསྟན། སྦྱིན་པ་ལ་སོགས་པར་དམིགས་ཏེ། སྒྲུབ་པས་སྤྱོད་པ་རྣམ་པར་འཁྲུགས་པ་ཡང་མདོ་ལས། ཆོས་རྣམས་ཀྱི་ཆོས་ཉིད་ལ་ཞུགས་ནས་ཆོས་ཉིད་དེ་ཡང་རྣམ་པར་དཀྲུགས་པར་མི་བྱ་སྟེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ་ཞེས་རྣམ་པར་དཀྲུགས་པར་མི་བྱའོ་ཞེས་པ་ལ་སོགས་པས་བསྟན། གཟུགས་ལ་སོགས་པ་ལ་དམིགས་པའི་ཕྱིར་ཐེག་པ་གསུམ་གྱིས་ངེས་བར་འབྱུང་བ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་རྣམ་པར་དཀྲུགས་པར་མི་བགྱི་བ་ལགས་ན། བཅོམ་ལྡན་འདས་གང་གི་སླད་དུ་དེ་བཞིན་གཤེགས་པས་འདི་ནི་གཟུགས་སོ་ཞེས་པ་ལ་སོགས་


DTG081_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟན། ཆེད་དུ་བྱ་བ་མི་བྱེད་པས་དངོས་པོའི་ཆེད་དུ་བྱ་བ་བྱེད་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཞན་དག་གིས་ཁོང་དུ་ཆུད་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མས་ཆོས་རྣམས་ཀྱི་ཆོས་ཉིད་བསྟན་ཏེ་ཆོས་རྣམས་བརྗོད་པ་མཛད་ན་ཞེས་པ་ལ་སོགས་པས་བསྟན་ཏོ། །བསྒོམ་པའི་ལམ་ལ་འཛིན་པར་རྟོག་པ་གཉིས་པ་ལ་དགུར་ཕྱེ་བའི་དང་པོ་རྣམ་པ་ཐམས་ཅད་ཡོངས་སུ་མ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་དང། གཉིས་པ་ལམ་ཐམས་ཅད་ཡོངས་སུ་མ་ཤེས་པས་ལམ་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་དང༌། གསུམ་པ་གཞི་ཐམས་ཅད་ཡོངས་སུ་མ་ཤེས་པས་ཐམས་ཅད་ཤེས་པ་ཉིད་ཀྱི་སྒྲིབ་པ་ལ་ཀུན་ཏུ་རྨོངས་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུངས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་ང་སྨྲའོ་ཞེས་པ་ལ་སོགས་པས་བསྟན། བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་ཤེས་པས་ཐམས་ཅད་ཞི་བའི་ལམ་ལ་ཀུན་ཏུ་རྨོངས་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ལམ་ཡང་དངོས་པོ་མ་མཆིས་ལ་མྱ་ངན་ལས་འདས་པ་ཡང་དངོས་པོ་མ་མཆིས་ན། ཅིའི་སླད་དུ་འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ་ཞེས་བཤད་ལགས་ཞེས་པ་མན་ཆད་ཀྱིས་བསྟན། ལྔ་པ་གཟུགས་ལ་སོགས་པའི་ཤེས་བྱ་དེ་བཞིན་ཉིད་དུ་ཡོངས་སུ་མ་ཤེས་པས་དེ་བཞིན་ཉིད་ལ་སོགས་པ་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་ལ་ཀུན་དུ་རྨོངས་པ་ཡང་མདོ་ལས། རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་དང་ལྡན་པ་ཡང་མ་ཡིན་


DTG081_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡན་པ་ཡང་མ་ཡིན་བསྟན་དུ་ཡོད་པའམ། བསྟན་དུ་མེད་པའམ། ཐོགས་པ་དང་བཅས་པའམ། ཐོགས་པ་མེད་པ་ཡང་མ་ཡིན་ནོ་ཞེས་པ་ལ་སོགས་པས་བསྟན། དྲུག་པ་བདུད་ལ་སོགས་པའི་རང་གི་ངོ་བོ་ཉིད་ཡོངས་སུ་མ་ཤེས་པས་མི་མཉམ་པ་ཉིད་ལ་ཀུན་དུ་རྨོངས་པ་ཡང་མདོ་ལས། རབ་འབྱོར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ལ་སྤྱོད་པར་བྱེད་ཅིང་སྤོབས་པ་ཐམས་ཅད་དང་སྣང་བ་ཐམས་ཅད་སྦྱིན་པར་བྱེད་པ་སྟེ་ཞེས་པ་ལ་སོགས་པས་བསྟན། བདུན་པ་དོན་ལ་སྒྲ་ཇི་བཞིན་དུ་འཛིན་པས་སྡུག་སྔལ་ལ་སོགས་པའི་བདེན་པ་ལ་ཀུན་ཏུ་རྨོངས་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་འདི་ལྟར་སྤྱད་པར་བྱ་སྟེ། འདི་ལྟ་སྟེ་མི་རྟག་པའི་དོན་ལ་སྤྱད་བར་བྱའོ་ཞེས་བ་ལ་སོགས་པས་བསྟན། བརྒྱད་པ་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ལ་སོགས་པ་ཡོངས་སུ་མ་ཤེས་པས་ཉོན་མོངས་པའི་རང་བཞིན་ལ་ཀུན་ཏུ་རྨོངས་པ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དོན་དང་དོན་མ་ལགས་པ་དམིགས་སུ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་སྤྱད་པར་བགྱི་ཞེས་པ་ལ་སོགས་པས་བསྟན། དགུ་པ་གཟུང་བ་དང་འཛིན་པའི་མཚན་ཉིད་ཡོངས་སུ་མ་ཤེས་པས་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་ཡང་མདོ་ལས། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བགྱིས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་ལགས་སམ་ཞེས་པ་ལ་སོགས་པས་བསྟན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའ་བསྒོམ་པའི་ལམ་ལ་


DTG081_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ་བརྟེན་པར་བསྟན་པ་ཡང་མདོ་ལས། དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་ལགས་སོ་ཞེས་པ་ལ་སོགས་པས་བསྟན་ཏེ། གྲངས་དགུ་ལས་མ་གཏོགས།


previousབསྒོམ་པའི་ལམ། next