Nitartha Digital Library
Tibetan
 
previousཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐར་གྱིས་པ། next

ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐར་གྱིས་པ།


DTG081_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་


DTG081_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཆིས་པ་ཉིད་ལ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན་ཞེས་པས་མགོ་དྲངས་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། རྗེས་སུ་དྲན་པ་དྲུག་ལ་སོགས་པ་མི་དམིགས་པའི་ཚུལ་དུ་རིམ་གྱིས་རྟོགས་པ་ཡིན་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མདོ་ལས། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ན་བདག་ཉིད་ཀྱང་སྦྱིན་པ་སྦྱིན་པར་བྱད་ལ། གཞན་དག་ཀྱང་སྦྱིན་པ་ལ་འགོད་ཅིང་སྦྱིན་པའི་བསྔགས་པ་ཡང་བརྗོད་ལ། གཞན་གང་དག་སྦྱིན་པ་སྦྱིན་པར་བྱེད་པའི་བསྔགས་པ་ཡང་རྗོད་པར་བྱེད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་སྦྱིན་པ་ལ་གོམས་པ་དེས་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་པ་མན་ཆད་ཀྱིས་བསྟན། ཚུལ་ཁྲིམས་ཀྱང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བདག་ཉིད་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་དག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་འཛིན་དུ་འཇུག་གོ་ཞེས་པ་ལ་སོགས་པས་བསྟན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བདག་ཉིང་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་དག་ཀྱང་བཟོད་བའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་འཛིན་དུ་འཇུག་གོ་ཞེས་པ་ལ་སོགས་པས་བསྟན། བརྩོན་འགྲུས་ཀྱང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་དགེ་བའི་ཆོས་རྣམས་ལ་བརྩོན་པར་བྱེད་ལ། གཞན་དག་ཀྱང་དགེ་བའི་ཆོས་ལ་ཡང་དག་པར་འཛིན་དུ་འཇུག་སྟེ་ཞེས་པ་ལ་སོགས་པས་བསྟན། བསམ་གཏན་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་ཉིད་ཀྱང་བསམ་གཏན་ལ་སྙོམས་པར་འཇུག་ཅིང་ཚད་མེད་པ་


DTG081_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་འཇུག་པ་ཞེས་པ་ལ་སོགས་པས་བསྟན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མདོ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སེམས་ཅན་རྣམས་སྦྱིན་པས་ཚིམ་པར་བྱེད་དེ་ཞེས་པ་ལ་སོགས་པས་བསྟན།


previousཕ་རོལ་ཏུ་ཕྱིན་པ་དྲུག་གི་མཐར་གྱིས་པ། next