ཁྱབ་བདག་ནཱ་ག་རཀྴའི་བསང་བསྡུས་བཞུགས་སོ།།
ཧཱུྃ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡི། །མཐུ་སྟོབས་ནུས་པ་གཅིག་ཏུ་བསྡུས་པ་ཡི། །ཀླུ་དང་ས་བདག་འདུལ་བའི་གཤེད་པོ་ཆེ། །འཇམ་དཔལ་ཁྲོས་པ་ནཱ་ག་རཀྴ་ནི། །བདག་ཅག་གདུང་བའི་དབྱངས་ཀྱིས་འབོད་པའི་ཚེ། །ཐོགས་མེད་ཤུགས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །དར་ཟབ་འབྲུ་སྣ་དྲི་ཞིམ་སྤོས་ཀྱི་རིགས། །ཕྱེ་མར་ཟས་སྣ་རྒྱ་ཇ་ངད་ལྡན་དང་། །མ་དཱ་ན་ཡི་གསེར་སྐྱེམས་རྒྱ་མཚོར་བསྐྱིལ། །གཡུ་ཤུག་སྤོས་དཀར་ཤ་སྣ་སྙིང་སྣ་དང་། །དཀར་གསུམ་མངར་གསུམ་རིན་ཆེན་སྣ་ཚོགས་སོགས། །དགྱེས་པའི་མཐུན་རྫས་དཔག་ཡས་བསྲེགས་པ་ཡི། །དུད་སྤྲིན་ལྷ་ལམ་ཡོངས་སུ་ཁྱབ་པ་ལ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་ཀྱང་། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི། །སྲིད་གསུམ་དྲེགས་ཚོགས་ཡོངས་ཀྱི་མངའ་བདག་པོ། །སྟོང་གསུམ་སྐད་ཅིག་ཉིད་ལ་བརླག་མཛད་པའི། །ཁྱབ་བདག་ནཱ་ག་རཀྴ་འཁོར་བཅས་བསང་། །དེ་ལྟར་མཆོད་ཅིང་བསང་ཞིང་བརྔན་པའི་མཐུས། །བདག་ཅག་བག་མེད་མ་རིག་དབང་གིས་ནི། །ཉམས་གྲིབ་སྐྱོན་དུ་གྱུར་པ་གང་མཆིས་པ། །དམིགས་མེད་ཆོས་དབྱིངས་ཀློང་དུ་ཞི་གྱུར་ཅིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །ཀླུ་གཉན་ས་བདག་གནོད་པ་ཀུན་ཞི་ནས། །དཔལ་འབྱོར་བསོད་ནམས་དབྱར་གྱི་གཱངྒ་ལྟར། །མི་ནུབ་རྒྱས་ཤིང་འཕེལ་བར་མཛད་དུ་གསོལ། །གཞན་འཕྲུལ་དབང་བྱེད་ལྷ་ཡི་ལོངས་སྤྱོད་བཞིན། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །བདག་ལ་སྡང་ཞིང་གདུག་པའི་དགྲ་དང་བགེགས། །མཐུ་སྟོབས་དབང་ཕྱུག་ཁྱོད་ཀྱི་ཟ་སྐལ་གྱིས། །ལོ་དང་ཟླ་བ་ཙམ་ཡང་མ་བཞག་པར། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །