༣ ལྷུང་བཟེད།
ལྷུང་བཟེད་ནི་ཤཱཀྱའི་རབ་བྱུང་རྣམས་གྱིས་བསོད་སྙོམས་སློང་བའི་སྣོད་ཅིག་ཡིན་ལ། དེ་ཡང་སྦྱིན་བདག་རྣམས་ཀྱིས་ཟས་འདིའི་ནང་ལྷུང་བ་བཟེད་པས་ན་ལྷུང་བཟེད་དམ་སློང་ཕོར་ཡང་ཟེར། མཚོན་དོན་ནི། འདི་ཟས་ཀྱིས་འགེངས་པ་བཞིན་དུ་རང་གི་ཤེས་རྒྱུད་ཡོན་ཏན་གྱིས་བཀང་བ། ནང་དུ་ཟས་ལ་ལོངས་སྤྱོད་པ་བཞིན་དུ་ཆོས་ལ་ལོངས་སྤྱོད་པ། མཐའ་གཉིས་སྤོང་བའི་བསོད་སྙོམས་སྤྱོད་པའི་སྣོད་དུ་སྟོན་པས་གནང་བ་ཡིན་པས། དུས་རྒྱུན་དུ་ལྷུང་བཟེད་འདི་སྤྱོད་དོ། །
འདི་ལ་རུང་བ་ལྔ་དང་ཆུང་འབྲིང་ཆེ་གསུམ་གྱི་ཚད་དང་ལྡན་པ་ཞིག་དགོས། རུང་བ་ལྔ་ནི། རྒྱུའི་རུང་བ་ས་རྡོ་ལྕགས་གསུམ་ལས་བྱས་པ། ཁ་དོག་གི་རུང་བ་བྱ་རོག་གི་མིག་ལྟར་ནག་པ། དབྱིབས་ཀྱི་རུང་བ་སྒོ་ང་ཕྱེད་བཅད་ལྟར་ཟླུམ་པ། ངོ་བོའི་རུང་བ་ལྷན་པ་ལྔ་ཡན་ཆད་མ་ཕོག་ཅིང་ལོངས་སྤྱད་རུང་བའོ། །
ལྷུང་བཟེད་ཀྱི་ཚད་ནི། ཆེ་ཚད་རྒྱ་གར་མ་ག་དྷའི་བྲེ་གང་གི་ཚད་ཀྱི་འབྲས་རླངས་བཙོས་བྱས་པ་འཕེལ་བའི་ཕུལ་བཅུ་གསུམ། དེའི་སྟེང་སྔོ་ཚོད་ཕུལ་བཞི། སྟོང་བ་ཕུལ་གང་བཅས་ཕུལ་བཅོ་བརྒྱད་ཤོང་བ་ཞིག་དང་། ཆུང་ཚད་ནི་འབྲས་བྲེ་གང་བཙོས་ནས་འཕེལ་བའི་ཕུལ་དྲུག དེའི་སྟེང་དུ་སྔོ་ཚོད་ཕུལ་དོ། སྟོང་བ་ཕུལ་གང་སྟེ་ཕུལ་དགུ་ཤོང་བ་ཞིག་ཡོད་ཅིང་། དེ་གཉིས་ཀྱི་བར་ནི་འབྲིང་ཚད་ཡིན་ལ། དགེ་སློང་ཕའི་ལྷུང་བཟེད་ཆུང་ཚད་དེ། དགེ་སློང་མའི་ལྷུང་བཟེད་ཆེ་ཚད་དོ། །ཞིབ་ཏུ་ཞང་ཞུང་ཆོས་དབང་གྲགས་པའི་ལྷུང་བཟེད་ཀྱི་ཚད་བརྗོད་པ་སོགས་སུ་གཟིགས་པར་ཞུ། གཞན་ཡང་། གྲུབ་ཆེན་ཐང་སྟོང་རྒྱལ་བོས། དབུས་སུ་མུ་གེ་འགོག་ཆེད། ལྷ་སའི་ཇོ་མདུན་དུ་གསེར་སྲང་བརྒྱ་དང་ཉེར་བདུན་གྱིས་ལྷུང་བཟེད་ཆེན་པོ་ཞིག་བཞེངས་ཚུལ་ཁོང་གི་རྣམ་ཐར་ལས་གསལ་བ་དང་། ཡང་བལ་བཟའ་ཁྲི་བཙུན་སྲོང་བཙན་གྱི་བཙུན་མོར་མངའ་གསོལ་སྐབས། བཙུན་མོའི་ནོར་སྐལ་དུ་བཻཌཱུ་རྱའི་ལྷུང་བཟེད་ཞིག་གནང་བ་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཡོད་པའི་གནོད་སྦྱིན་ཁང་བར་གཏེར་དུ་སྦས་པར་ཡིག་ཚང་མང་བོར་གསལ་བ་དང་།
ཡང་ལྷུང་བཟེད་ཀྱི་དབྱེ་བ་ལ་ཚད་ཀྱི་སྒོ་ནས་གསུམ། རྟེན་གྱི་སྒོ་ནས་ཕ་མའི་གསུམ་གསུམ་སྟེ་དྲུག རྒྱུའི་སྒོ་ནས་དྲུག་པོ་རེ་རེ་ལ་ས་དང་ལྕགས་ལས་བྱས་པ་གཉིས་གཉིས་ཏེ་བཅུ་གཉིས་ཡོད་དོ། །
ལྷུང་བཟེད་འདི་གསང་སྔགས་རིག་པ་འཛིན་པའི་དགེ་སློང་གི་རྟེན་ཅན་གྱིས་ཀྱང་འཆང་བར་བཤད་དེ། དཔུང་བཟང་ལས། ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པའི། །དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང་། །མ་ཆག་ཟླུམ་ཞིང་མ་གས་རྨ་མེད་པ། །ཡིད་དུ་འོང་བའི་ལྷུང་བཟེད་བཅང་བར་བྱ། །ཞེས་གསུངས་སོ། །
འདུལ་བ་ལས། ལྷུང་བཟེད་དུ་སྤྱད་པའི་སྡེ་ཚན་ལ། གཞན་གྱི་ལྷུང་བཟེད་ལ་དཔྱས་གདགས་པའི་ཕྱིར་བལྟ་བ། ལག་ཟས་ཀྱི་སྦགས་བཞིན་ཆུ་སྣོད་བཟུང་བ། གཞན་ལ་ཟས་དང་སྦགས་པའི་ཆུས་གཏོར་བ། ཁྱིམ་དུ་མ་དྲིས་པར་ཟས་དང་སྦགས་པའི་ཆུ་དབོ་བ། ལྷུང་བཟེད་དུ་ཟས་ཟོས་པའི་སྙིགས་མ་དོར་བ། འོག་གཞི་མེད་པ་དང་། ངམ་གྲོག་གི་ཁ་དང་། གཡང་ས་དང་། དཀན་གཟར་བོར་ལྷུང་བཟེད་བཞག་པ། འགྲེང་བཞིན་ལྷུང་བཟེད་བཀྲུ་བ། གད་ཁ་དང་། གཡང་ས་དང་། དཀན་གཟར་བོར་ལྷུང་བཟེད་བཀྲུ་བ། འབབ་ཆུའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུས་བཅུ་བ་སྟེ་བཅུ་བཞི་གསུངས་སོ། །
ལྷུང་བཟེད་བཅངས་པའི་ཕན་ཡོན་ནི། སྟོན་པའི་བཅས་པ་དང་མི་འགལ་བ། སྣོད་དམན་པ་ལས་ཁྱད་དུ་འཕགས་པ། དགེ་སློང་གི་དྲན་པ་གསོ་བ། མཐར་མངོན་མཐོ་དང་ངེས་ལེགས་འཐོབ་པའོ། །