གནོད་སྦྱིན་ཙིའུ་དམར་པོའི་གསོལ་བསྡུས་བཞུགས།།
ཀྱཻ། རང་མདུན་བཙན་ཡུལ་ཟངས་ཐང་དམར་པོ་རུ། །བཙན་གྱི་བྲག་དམར་དགུང་ལ་བསྙེགས་པའི་ནང་། །རབ་བརྗིད་སྐུ་མཁར་འཇིགས་སུ་རུང་བའི་དབུས། །ཏྲིཿ་ལས་གནོད་སྦྱིན་ཙིའུ་དམར་པོ་ནི། །སྐུ་མདོག་དམར་ལྗང་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་བཙན་ཞགས་གཡོན་པས་ཟངས་མདུང་གིས། །མ་རུང་དམ་ཉམས་དགྲ་བགེགས་སྙིང་ལ་བསྣུན། །སྐུ་ལ་ཟ་འོག་དམར་ཁྲའི་བེར་ཆེན་ལ། །གསེར་གྱི་སྐ་རགས་རིན་ཆེན་དུས་མས་སྤྲས། །གོ་མཚོན་སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །དབུ་ལ་ལེ་བརྒན་དར་གྱི་འགྱིང་ཐོད་ལ། །ཐོད་སྐམ་དབུ་རྒྱན་རིན་ཆེན་སྣ་ཚོགས་སྤྲས། །ཞབས་ལ་སྭག་ལྷམ་འཇའ་རིས་འཁྱིལ་བ་གསོལ། །ཆིབས་སུ་ཅང་ཤེས་བྲ་ནག་རླུང་གཤོག་ཆིབས། །འཁོར་དུ་ལུས་ལས་བྱུང་བའི་བཙན་དྲུག་ནི། །སྐུ་ལྷ་ཞལ་གྱི་ལྷ་བཙན་དཀར་སེར་ནི། །བེར་དམར་གསོལ་ཞིང་བསེ་མདའ་བསེ་གཞུ་བསྣམས། །ཆིབས་སུ་སྨུག་པོ་ཤ་གདོང་ཅན་ལ་ཆིབས། །གྲོ་ཤོད་བོད་ཀྱི་སྒང་དམག་སྐུ་མདོག་དམར། །ལེ་བརྒན་བེར་གསོལ་ཟངས་ཞགས་ཤང་ལང་བསྣམས། །ཆིབས་སུ་མཚལ་ལུ་རྟིང་དཀར་ཅན་ལ་ཆིབས། །རཱ་ཙ་གོང་སྔོན་ཀླུ་བཙན་སྐུ་མདོག་དམར། །དར་སྔོན་བེར་གསོལ་ལྕགས་མདུང་སྦྲུལ་ཞགས་བསྣམས། །གསེར་གྱི་མདོག་ཅན་ཅང་ཤེས་རྩལ་ལྡན་ཆིབས། །རྡོ་རིང་དམར་པོའི་གྲི་བཙན་སྐུ་མདོག་དམར། །བེར་དམར་གསོལ་ཞིང་བསེ་མདུང་རྒྱུ་ཞགས་བསྣམས། །རྐྱང་དམར་སྤོ་དཀར་མྱུར་མགྱོགས་ཅན་ལ་ཆིབས། །ཀང་ཀ་ཐོད་ནག་བདུད་བཙན་སྐུ་མདོག་ལྗང་། །དར་ནག་བེར་གསོལ་རུ་མཚོན་འབྲིང་ཞགས་བསྣམས། །ཆིབས་སུ་རག་པ་གཞུང་ནག་རྩལ་ལྡན་ཆིབས། །རྩལ་ཐོགས་རྒྱུག་གི་གྲི་བཙན་ཁྲག་གི་མདོག །ཟངས་ཁྲབ་གསོལ་ཞིང་བསེ་མདུང་འོད་འཕྲོ་བསྣམས། །ཆིབས་སུ་རྟ་མཆོག་རླུང་གི་ཤུགས་ཅན་ཆིབས། །ཀུན་ཀྱང་སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རང་རང་དཔུང་གི་དམག་ཚོགས་བསམ་མི་ཁྱབ། །རུ་འདྲེན་སྡེ་བཞིའི་འཁོར་གྱི་ཚོགས་བཅས་གསལ། །སྤྱན་འདྲེན་གཤེགས་གསོལ་གནས་འདིར་བརྟན་པར་བཞུགས། །དང་བའི་བློ་ཡིས་གུས་པས་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད། །ཁྱད་པར་ཁྱེད་དང་མཐུན་པའི་དམ་རྫས་ནི། །གསེར་སྐྱེམས་གཡུ་སྐྱེམས་བསད་པའི་སྙིང་ཁྲག་རྒྱུན། །ལུག་དམར་ཤ་ཁྲག་སྙིང་གི་མཆོད་པ་དང་། །དམར་གྱི་ཨརྒྷཾ་དུག་ཆུའི་ཞབས་བསིལ་མཚོ། །དབང་ལྔའི་མེ་ཏོག་ཚིལ་གསུར་དུད་པའི་སྤྲིན། །ཚིལ་ཆེན་མར་མེ་མཁྲིས་ཆེན་བྱུག་པའི་མཚོ། །ཤ་རུས་ཞལ་ཟས་སྣ་ཚོགས་རོལ་མོའི་སྒྲ། །སྲིན་ཕྱོགས་བཙན་མཁར་ཤ་རུས་ཟངས་ཡག་བརྒྱན། །ལེ་བརྒན་དར་ལ་སྲོག་གི་ཙཀྲ་དང་། །ལྷ་འདྲེའི་བླ་རྡོ་ཏྲི་ཡིག་སྙིང་པོ་ཅན། །རྦ་ལྕག་ནང་དུ་གཏམས་པ་དར་སྣས་བརྒྱན། །ནུབ་ཕྱོགས་བཙན་མཁར་སྲོག་ཤིང་ལ་བརྟེན་པའི། །རྩེ་མོར་རུ་མཚོན་དམར་པོ་གཡོ་བའི་ཉམས། །སྲོག་གི་ཙཀྲ་བླ་རྡོ་ཏྲི་ཡིག་ཅན། །གསེར་གཡུ་དུམ་བུ་སྣ་ལྔའི་དར་གྱིས་དྲིལ། །མཁར་གྱི་སྙིང་པོར་བྱས་པ་གསང་བའི་རྟེན། །མདུང་ཞགས་དམར་པོ་སེ་བའི་གནམ་རུ་དང་། །དུག་ཁྲག་ཐུན་རྫས་སྐྱེར་པའི་ཉག་ཕྲན་མདའ། །མདའ་མོ་སྒྲོ་ལྡན་ལུག་གི་སུག་བྲང་གདགས། །ཟ་འོག་དམར་ཁྲའི་ཁུག་མར་རིན་ཆེན་ལྔ། །གསེར་གཡུ་འབྲུ་སྨན་རྒྱ་སྤོས་ཡུངས་ཀར་བླུག །སྟག་རས་གཟིག་རས་ལེ་བརྒན་ཅོད་པཎ་འཕུར། །མི་རྟ་གྲི་སྙིང་ཁྲག་གིས་བྱས་པ་ཡིས། །གནོད་བྱེད་གདུག་ཅན་ལིངྐ་གཏའ་རུ་གཟུགས། །ཞིང་ཀུན་དོག་པོར་བྱེད་པའི་མཆོད་པའི་སྤྲིན། །ལྷ་མིའི་བསོད་ནམས་སྟོབས་ལས་བྱུང་བ་ཡི། །བཞེད་རྒུར་འཆར་བའི་ཡོ་བྱད་ཇི་སྙེད་ཀུན། །དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ་བ་དང་། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བཅོལ་བའི་ཕྲིན་ལས་མཐའ་དག་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །