སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ།
དཔལ་སྦྱིན།
སོ་སོར་སྡུད་པའི་ཡན་ལག
རྒྱ་གར་སྐད་དུ། ཥ་ཌ་ཨཾ་ག་ཡོ་ག་ནཱ་མ། བོད་སྐད་དུ། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་བསྐྱེད་རྫོགས་རྣམ་པ་གཉིས་ཏེ། དེ་ལ་ཐིག་ལེ་དང་ཕྲ་མོའི་སྦྱོར་བ་ནི་རྫོགས་པའི་རིམ་པ་སྟེ་གོང་མ་ནི་བསྐྱེད་པའི་རིམ་པའོ། །བསྐྱེད་པ་དང་རྫོགས་པའི་རིམ་པ་འདི་གཉིས་རིག་པས་གྲུབ་པའི་ཡན་ལག་དྲུག་པའི་གོ་
རིམས་ཁོ་ནས་བསྒོམ་སྟེ། གཞན་དུ་ན་ཡང་དག་པའི་གྲུབ་པ་མི་འཐོབ་བོ་ཞེས་གསུངས་པ་ཡང་རྒྱུད་ཕྱི་མ་ལས། བསྙེན་པ་ཡན་ལག་དྲུག་གིས་ནི། །གྲུབ་པ་མཆོག་ནི་བྱས་ནས་སུ། །བསྒྲུབ་པར་བྱ་ཡིས་གཞན་དུ་ནི། །དངོས་གྲུབ་མཆོག་ཏུ་འབྱུང་མི་འགྱུར། །སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེ་ལ་མིག་ལ་སོགས་པའི་འགྲེལ་པ་ཅན་རྣམ་པར་ཤེས་པ་ལྔའོ། །དེ་རྣམས་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་སོ་སོར་སྡུད་པ་ནི་བཀུག་ནས་ཡང་དག་པར་དུལ་བར་བྱེད་པ་གང་ཡིན་པ་དེ་སོ་སོར་སྡུད་པའོ། །ཡང་ན་ལྷ་ཉིད་ཀྱི་ཚུལ་དུ་ཡུལ་གཟུང་བ་ནི་སོ་སོར་སྡུད་པའོ། །
བསམ་གཏན་གྱི་ཡན་ལག
བསམ་གཏན་ནི་སོ་སོར་སྡུད་པའི་གོ་རིམས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་ལག་ཉིད་དུ་བསྒོམ་པའོ། །དེ་ཡང་རྣམ་པར་རྟོག་པ་དང༌། རྣམ་པར་དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པའི་དབྱེ་བས་རྣམ་པ་ལྔའོ། །དེ་ལ་སྣོད་དང་བཅུད་ཀྱི་དཀྱིལ་འཁོར་དང་བཅས་པ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེར་བརྟགས་པ་ཉིད་ནི་རྣམ་པར་རྟོག་པའོ། །དེ་ཁོ་ན་ལ་བརྟེན་པ་ཉིད་ཀྱིས་ངེས་པ་ནི་རྣམ་པར་དཔྱོད་པའོ། །རྣམ་པར་དཔྱོད་པས་དེ་རང་དེའི་ལྷ་ཉིད་དུ་དམིགས་ཤིང་ཡིད་བདེ་བ་ནི་དགའ་བའོ། །དགའ་བ་བསྒོམས་པས་ལྷ་ལ་སེམས་ཟིན་པ་ནི་བདེ་བའོ། །བདེ་བ་དང་ལྡན་པའི་སེམས་ཏིང་ངེ་འཛིན་དུ་འགྱུར་བའི་ཕྱིར་ལོག་པའི་ཀུན་རྫོབ་རྣམ་པ་སྣ་ཚོགས་ལ་དམིགས་པའི་མི་ཤེས་པ་འབྱུང་བ་ཟད་པས་འདོད་པའི་ལྷ་ཁོ་ན་ལ་དམིགས་པའི་སེམས་ནི་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་བསམ་གཏན་ཡན་ལག་ལྔ་པོ་དེ་ནི་བསྐྱེད་པའི་རིམ་པའོ། །
སྲོག་རྩོལ་གྱི་ཡན་ལག
སྲོག་རྩོལ་ལ་སོགས་པས་རྫོགས་རིམ་བསྒོམ་པའི་རིམ་པ་འདི་ཡིན་ཏེ། མེ་ལོང་ལྟ་བུ་མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ལྔའི་རྒྱུ་ཡིན་པས། ཡེ་ཤེས་ལྔའི་རང་བཞིན་མེ་རླུང་ས་ཆུ་ནམ་མཁའི་རང་བཞིན་ཡིན་པས་འབྱུང་བ་ལྔའི་བདག་ཉིད་སྲོག་རྩོལ་ཐུར་དུ་རྒྱུ་བའི་བྱ་བ་བྱས་ཏེ།
ཡུངས་འབྲུའི་ཚད་ཙམ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གོང་བུའི་ཚུལ་གྱིས་རྡོ་རྗེའི་སྣ་རྩེར་ཕབ་ནས་གོང་དུ་གསུངས་པའི་སོ་སོར་སྡུད་པ་དང༌། བསམ་གཏན་ཡན་ལག་ལྔའི་རིམ་པ་བསྒོམ་པར་བྱ་སྟེ། ཐིག་ལེའི་སྦྱོར་བ་འདི་ནི་སྲོག་རླུང་ཕྱི་རོལ་དུ་རྒྱུ་བ་ཟློག་པར་བྱེད་པས་རྒྱུད་ཕྱི་མ་ལས་སྲོག་རྩོལ་ཞེས་བརྗོད་དོ། །འདི་ཡང་ཉེ་བར་མཚོན་པ་སྟེ། སྙིང་གའི་ཐིག་ལེ་ལ་སོགས་པའི་སྦྱོར་བ་ཡང་ཡིན་པར་ཤེས་པར་བྱའོ། །བྱེ་བྲག་ཏུ་བསམ་གཏན་འདི་ལྟ་བུའི་སྟོབས་ཀྱིས་རོམ་དང་བརྐྱང་མར་རླུང་རྒྱུ་བ་ལ་སོགས་ཏེ། དབུ་མར་སྲོག་རླུང་རྒྱུ་བ་ནི་སྲོག་རྩོལ་ཡིན་ནོ། །
སྲོག་གཟུང་བའི་ཡན་ལག
དེ་ནས་སྙིང་གར་མཾ་ཡིག་ཀྱང་པ་བསམས་ཏེ། དེའི་ཐིག་ལེ་ལ་སྲོག་རབ་ཏུ་འཇུག་པར་བསྒོམས་པས་གཟུང་འཛིན་སྲོག་རྩོལ་དང་བཅས་པ་ཉམས་པའི་ཕྱིར་སྟོང་ཉིད་དང་རོ་གཅིག་པས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཞི་བ་སེམས་རིན་པོ་ཆེ་སྣང་བ་ཙམ་ནམ་མཁའ་དང་མཚུངས་པའི་འོད་གསལ་ཉིད་དུ་གྱུར་པ་ལ་གང་སྲོག་རླུང་བརྟན་པར་གྱུར་པ་དེ་ནི་འཛིན་པའོ། །འདི་ཡང་ཉེ་བར་མཚོན་པ་ཙམ་སྟེ། རྡོ་རྗེའི་སྣའི་རྩེ་མོར་བསྒོམས་པའི་ཕྲ་མོའི་སྦྱོར་བའམ། གཏུམ་མོ་ལ་སོགས་པའི་སྦྱོར་བ་ལ་གསུངས་མ་ཐག་པའི་རིམ་པས་གང་སྲོག་རླུང་བརྟན་པར་གྱུར་པ་དེ་ཡང་འཛིན་པའོ། །འཛིན་པའི་རྗེས་ལ་སྨིག་རྒྱུ། དུ་བ་སྲིན་བུ་མེ་ཁྱེར་མར་མེ། སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་རྟགས་ལྔ་མཐོང་བར་འགྱུར་རོ། །
རྗེས་སུ་དྲན་པའི་ཡན་ལག
དེ་ནས་སྲོག་རྩོལ་དང་བཅས་པའི་སེམས་འོད་གསལ་བའི་རང་བཞིན་གྱིས་གང་ཚེ་སེམས་བརྟན་པར་གྱུར་པ་དེའི་ཚེ། སྨོན་ལམ་གྱི་མཐུས་བསྒོམས་པའི་ལྷ་དྲན་ཏེ། དེ་ལ་ཡང་བསྒོམས་པའི་ལྷ་ཕྲ་བའི་སྦྱོར་བ་ལས་སྒོམ་པ་པོས་འོད་ཟེར་སྤྲོ་བར་བྱེད་པ་ནི་རྗེས་སུ་དྲན་པའོ། །འོད་དེ་དང་བཅས་པའི་བ་སྤུའི་བུ་ག་རེ་རེ་རྣམས་ཀྱིས་ཕུང་པོ་ཁམས་དང༌། སྐྱེ་མཆེད་ལ་སོགས་པ་ལྷའི་རང་བཞིན་སྤྲོས་པ་ནི་རྗེས་སུ་དྲན་པ་ཞེས་བྱ་བ་དགོངས་པ་ཅན་ཡིན་ནོ། །དཔལ་གསང་བ་འདུས་པ་ལས། བརྟན་པ་རིན་ཆེན་སྤྲོ་བར་བྱ། །
མི་བརྟན་པས་ནི་སྤྲོ་མི་བྱ། །རབ་མཆོག་སྤྲིན་རྣམས་ཀྱིས་སྤྲོ་བྱ། །སངས་རྒྱས་ཡེ་ཤེས་མཉམ་འོད་ཀྱིས། །ཞེས་སོ། །
ཏིང་ངེ་འཛིན་གྱི་ཡན་ལག
དེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་སྤྲོས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་ལྷ་རྣམས་འོད་དུ་བྱས་ནས་འོད་ཟེར་རྣམས་ཀྱང་གསུངས་པའི་སྦྱོར་བ་ལས་ཕྲ་བའི་རྣལ་འབྱོར་སྟོང་པ་དང༌། སྙིང་རྗེ་མི་བྱེད་པའི་རང་བཞིན་ལ་དྲིལ་བའི་ཚུལ་དུ་བསྡུས་ནས། སྐད་ཅིག་གིས་རང་རིག་པའི་ཡེ་ཤེས་འབྱུང་བ་ནི་ཏིང་ངེ་འཛིན་ཏོ། །རྒྱུད་གཞན་ནས་བསྟན་པ་དང་བརྒྱུད་པའི་རིམ་པ་ལས་བྱུང་བའི་བཤད་པ་འདི་ཁོ་ནའོ། །ཡེ་ཤེས་ཞབས་ལུགས་ཀྱི་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་རྫོགས་སོ།།