གཉིས་པ་སྦྱོར་ལམ།
གཉིས་པ་སྦྱོར་ལམ་ནི།
ཚིགས་བཅད་བཅུ་པའི་ཟིན་བྲིས་ལས། སྦྱོར་ལམ་ལ་དབྱེ་ན་ས་བཅུ་གཉིས་ཏེ། སྦྱོར་ལམ་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་སྟེ་བཞི། དེ་དག་ལའང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་གསུམ་གསུམ་དུ་དབྱེ་བས་ན་བཅུ་གཉིས་སོ། །དེ་ལ་ཡེ་ཤེས་གསུམ་དང་ཞེས་པས། དགའ་བའི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་ཆུང་ངུ་དང༌། མཆོག་དགའི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་འབྲིང་དང༌། དགའ་བྲལ་གྱི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་ཆེན་པོ་སྟེ། ཡང་འདུས་པ་སོགས་ན། ཕ་རྒྱུད་ལས་སྣང་བའི་རིམ་པའི་སོགས་དང་སྦྱོར་ཀྱང་མིང་འདོགས་ཙམ་ལས་དོན་ཁྱད་མེད་དོ། ། དེ་ལ་ཐོག་མར་ཏིང་ངེ་འཛིན་གྱི་རིམ་པའི་དགའ་བའི་སྐད་ཅིག་མ་དེ་ཉིད་སྒོམ་སྒོམ་པས། ཐོག་མ་རྣམས་སུ་དགའ་བདེ་ཆུང་ངུ་དང༌། མི་བརྟན་ཞིང་འགྱུར་བའི་ཚུལ་དུ་ཡོད་པ་ལས། ནམ་ཞིག་ན་སྔར་ལས་བརྒྱ་འགྱུར་གྱི་བཟང་བའི་བདེ་བའི་སྐད་ཅིག་མ་མི་འབྱུང་བ་ཞིག་སྐྱེ་སྟེ། དེ་ནི་དགའ་བའི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་སྣང་བའི་རིམ་པའི་ས་ཞེས་བྱ་བ་དྲོད་ཆུང་ངུ་ཡིན་ལ། དེ་བཞིན་དུ་སླར་ཡང་བསྒྲུབས་པས་དེ་བས་ཀྱང་བརྒྱ་འགྱུར་གྱི་བཟང་བ་ཐོབ་པ་ནི། མཆོག་དགའི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་མཆེད་པའི་རིམ་པའི་ས་སྟེ་དྲོད་འབྲིང་དང༌། དེ་བཞིན་དུ་དེ་བས་ཀྱང་བརྒྱ་འགྱུར་གྱི་བཟང་བ་ཐོབ་པ་ནི། དགའ་བྲལ་གྱི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་ཐོབ་པའི་ས་སྟེ་དྲོད་ཆེན་པོ་ཐོབ་པ་ཡིན་ནོ། །དེའི་ཚེ་རླུང་སེམས་ཙམ་གྱི་སྒྱུ་ལུས་ཀྱི་སྐུ་གྲུབ་བོ། །