གཉིས་པ། རྡོ་རྗེའི་བཟླས་པའི་རིམ་པ།
དེ་ནས་རྫོགས་པའི་རིམ་པ་བྲི་བར་བྱ་སྟེ། ཆོས་ཀྱི་སྒྲས་དོན་རྣམ་པ་གཉིས་བསྟན་ཏེ་མན་ངག་ཇི་ལྟ་བ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་གང་གསུངས་པ་འདིའི་དོན་ཏོ། །མན་ངག་ཀྱང་འདི་ཡིན་ཏེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས་སེམས་བརྟན་པར་བྱེད་པའི་དོན་དུ་རྡོ་རྗེའི་བུ་གར་མཚན་མ་ཉུངས་ཀར་སྦོམ་པོ་ཙམ་དུ་རྣམ་པར་བསམས་ནས་དཀྱིལ་འཁོར་གྱི་དབང་ཕྱུག་བསམ་པར་བྱའོ། །རིམ་པ་འདི་ཉིད་ཀྱིས་རྫོགས་པའི་རིམ་པ་བསྒོམ་པ་པོ་ཟླ་བ་དང་ཉི་མ་དང་ཐོབ་པ་དང་ས་བོན་ལ་སོགས་པ་ལ་མི་ལྟོས་པར་སྐད་ཅིག་གི་རྣམ་པས་རང་གི་འདོད་པའི་ལྷའི་རྣམ་པར་རྫོགས་པའི་གཟུགས་སུ་རྫོགས་པར་བྱས་ནས་ཆོས་ལས་སྟེང་དུ་སྣའི་རྩེ་མོར་ཉུང་ཀར་བསམ་པར་བྱའོ། །ཉུངས་ཀར་ཞེས་པ་ནི་སྲོག་རྩོལ་གྱི་ཀུན་དུ་རྟོག་པ་སྟེ་དེ་ཡང་ཉིན་མཚན་དུ་རྒྱུ་བའི་རིམ་པས་ཁྲིག་ཕྲག་གཉིས་དང་བརྒྱ་ཕྲག་བཅུ་དྲུག་ཏུ་འགྱུར་རོ། །དེ་བསྒོམ་པ་རབ་ཀྱི་མཐར་ཐུག་པའི་རིམ་པ་དེ་ཉིད་ཀྱིས་སྲོག་རྩོལ་འགོག་པའི་ཕྱིར་གཟུང་བ་ལ་སོགས་པའི་རྣམ་པས་དེའི་རང་བཞིན་བརྒྱད་ཅུ་དང་བཅས་པ་འགོག་སྟེ་མེད་པར་དགག་པའི་འཇུག་པས་སོ། །དེ་ནས་ཡང་སྤྲོ་བ་དང་སྡུད་པའི་སྐུ་རྡོ་རྗེ་འཆང་འབྱུང་བ་ཡིན་ཏེ་འདི་ནི་མེད་པར་དགག་པ་དང་མ་ཡིན་པར་དགག་པའི་བདག་ཉིད་དོ། །དེ་དང་འདིས་ཀྱང་ས་བརྒྱད་ཀྱི་དབང་ཕྱུག་ཉིད་དུ་རབ་ཏུ་གྲུབ་བོ། །ཛཱ་ལནྡྷ་རི་པའི་ཞབས་ཀྱིས་དེ་གསུངས་པ། དེའི་རྗེས་སུ་ལྟ་བ་
ལས་སྟེང་དུ་འགྲོ་བར་བསམ་པར་བྱ་སྟེ། ཇི་ལྟར་འདོད་པས་དམིགས་པ་མེད་པར་སྣ་ལས་རྔུབ་པ་བསམ་པར་བྱའོ། །དེ་བཞིན་ཁོ་ནར་དབྱུང་བ་ན་འོག་ཏུ་དམིགས་པ་མེད་པ་ཇི་སྲིད་པར་རོ། །ཇི་ལྟར་འདོད་པའི་སྒྲ་ནི་རྟོགས་པ་སྟེ་དེ་ལྟ་བུའི་མན་ངག་ནི་ཤིན་ཏུ་སྦས་པ་ཡིན་ནོ་ཞེས་པ་རྡོ་རྗེ་བཟླས་པའོ། །འདིས་འདི་གསུངས་པ་ཡིན་ཏེ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གིས་ལུས་དང་ངག་དང་སེམས་བརྫུན་པ་ཉིད་དུ་རྟོགས་པ་ལ་བརྟེན་ནས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ལ་འཇུག་གོ །དེས་བདག་བྱིན་གྱིས་བརླབས་པ་ཡང་ཁོང་དུ་ཆུད་པར་བྱའོ། །ཀྱེ་རྡོ་རྗེར་ཡང་གསུངས་པ། རྡོ་རྗེ་སྙིང་པོས་གསོལ་བ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོ་སོགས་ཐབས་དང༌། །བདག་བྱིན་བརླབ་པའི་རིམ་པས་ཀྱང༌། །ཞེས་པ་རྡོ་རྗེའི་བཟླས་པ་སྟེ་རིམ་པ་གཉིས་པའོ། །