Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།


  expand section
  expand section
  expand section
   
  expand section
  expand section
  expand section
   
   
   
   
  expand section
   
   
   
   
   
   
  collapse section
   
   
   
གཉིས་པ་འཆི་བ་མི་རྟག་པ་གལ་ཆེ་བ།
   
   
   


 
previousགཉིས་པ་འཆི་བ་མི་རྟག་པ་གལ་ཆེ་བ།next

གཉིས་པ་འཆི་བ་མི་རྟག་པ་གལ་ཆེ་བ།

གཉིས་པ་འཆི་བ་མི་རྟག་པ་གལ་ཆེ་བ་ནི།

རྩ་བར། མི་རྟག་འཆི་བ་རྒྱུད་ལ་མ་སྐྱེས་ན། །ཇི་ལྟར་འབད་ཀྱང་ཚེ་འདིའི་ཁ་འཛིན་ཅན། །རང་བློ་ཆོས་སུ་འགྲོ་བར་མི་འདུག་པས། །ཆོས་བརྒྱད་འཆིང་བ་གྲོལ་བར་བྱིན་གྱིས་རློབས། །ཞེས་གསུངས་ལ། དེའི་དོན་ནི། ས་བཟང་གི་བླང་དོར་རབ་གསལ་ལས། འདུས་བྱས་མི་རྟག་རྟག་པར་འཛིན་པས་འཁྲུལ། །ངེས་པར་འཆི་ཞིང་འཆི་རྐྱེན་ཤིན་ཏུ་མང༌། །ནམ་འཆི་ངེས་མེད་མྱུར་བ་ཉིད་དུ་འཆི། །བྱུང་ཚེ་མི་བཟློག་དེ་ཕྱིར་དགེ་ལ་འབད། །ཅེས་གསུངས་པ་ལྟར་ངེས་པར་འཆི་བ། ནམ་འཆི་ཆ་མེད་པ། འཆི་རྐྱེན་ངེས་པ་མེད་པ་ལ་སོགས་པ་ལ་ཞིབ་པར་བསམ་ནས་མི་རྟག་པའི་འཆི་བ་སྒོམ་པས་ཡིད་འགྱུར་གྱི་མྱོང་བ་རྒྱུད་ལ་མ་སྐྱེས་ན་དགེ་བ་སོགས་ཇི་ལྟར་འབད་པ་བྱེད་ཁུལ་བྱས་ཀྱང་ཚེ་ཕྱི་མ་དང་ཚེ་འདི་གཉིས་ལས་ཚེ་འདིའི་ཁ་འཛིན་ཅན་ནམ་ཕྱོགས་བཟུང་ནས་བྱ་སྤྱོད་ཐམས་ཅད་བརྩོན་པར་འགྲོ་བས་ན། རང་གི་བློ་དམ་པའི་ཆོས་ཀྱི་ཕྱོགས་སུ་འགྲོ་བར་མི་འདུག་པ་ཡིན་པས། བདག་གི་རྒྱུད་ལ་རྙེད་ན་དགའ་ལ་མ་རྙེད་ན་མི་དགའ་བ་དང༌། སྙན་ན་དགའ་ལ་མི་སྙན་ན་མི་དགའ་བ་དང༌། བསྟོད་ན་དགའ་ལ་སྨད་ན་མི་དགའ་བ་དང༌། བདེ་ན་དགའ་ལ་མི་བདེ་ན་མི་དགའ་བའི་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ་བར་ཟབ་མོ་ལྟ་བའི་བརྒྱུད་པ་དང༌། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཅེས་སྨོན་པའོ། །སྤྱིར་འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ་སྟེ། པོ་ཏོ་བའི་ཞལ་ནས། ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན།དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ན་དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ན་དང་པོ་དད་པ་བྱེད་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམས་ཤིང་རྒྱུད་ལ་སྐྱེས་ན་དང་པོ་ཆོས་འཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མར་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཅེས་དང༌། ཕ་དམ་པའི་ཞལ་ནས། མི་རྟག་པ་འདི་རྒྱུད་ལ་སྐྱེས་ན་དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད། མཐར་འོད་གསལ་ཆོས་སྐུ་ཐོབ་པར་བྱེད། ཅེས་གསུངས་སོ། །གསུམ་པ་ལས་འབྲས་བསླུ་མེད་ལ་ཡིད་ཆེས་སྐྱེ་བ་གལ་ཆེ་བ་ནི། རྩ་བར། ལས་འབྲས་བསླུ་མེད་ཡིད་ཆེས་མ་སྐྱེས་ན། །ཆོས་སྤྱོད་ཐམས་ཅད་བཟང་བརྫུའི་ངང་དུ་འཆོར། །སྒྲུབ་པ་ལྷུར་ལེན་སྐད་ཀྱང་གཞན་ངོར་ཐལ། །ཆོས་ལ་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསུངས་ལ། དེའི་དོན་ནི། རྒྱུ་ལས་དགེ་མི་དགེ་དང་དེའི་འབྲས་བུ་བདེ་སྡུག་སོགས་བསླུ་བ་མེད་པ་ལ་ཡིད་ཆེས་པའི་བློ་རང་རྒྱུད་ལ་ལེགས་པར་མ་སྐྱེས་ན་རང་གིས་ཆོས་སྤྱོད་ཀྱི་བྱ་བ་བརྩོན་ཁུལ་བྱེད་པ་ཐམས་ཅད་ཀྱང་རང་ཉིད་གཞན་ངོར་བཟང་བརྫུའི་ངང་ཚུལ་དུ་འཆོར་བར་འགྱུར་བ་ཡིན་པས་རང་གིས་སྒྲུབ་པ་ཉམས་ལེན་ལྷུར་ལེན་པ་ཡིན་ཞེས་དེ་སྐད་བཤད་ཀྱང་དོན་ལ་གཞན་ངོར་ཆོས་པའི་གཟུགས་བརྙན་ཙམ་དུ་ཐལ་བར་འགྱུར་བ་ཡོད་སྲིད་པས་གནས་དེ་ལྟ་བུ་ལ་གཟབ་པར་བྱའོ། །དེས་ན་དམ་ཆོས་ལ་ཡིད་ཆེས་རྣམ་དག་རྒྱུད་ལ་མྱུར་དུ་སྐྱེ་བར་བླ་མ་དང་མཆོག་གསུམ་གྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་གདབ་པར་བྱ། སྤྱིར་བླང་དོར་རབ་གསལ་ལས། མི་དགེ་བ་ལས་སྡུག་བསྔལ་ཐམས་ཅད་དང༌། །ཁྱད་པར་ངན་འགྲོའི་གནོད་པ་ཐམས་ཅད་འབྱུང། །དགེ་བ་ལས་ནི་བདེ་འགྲོ་ཐམས་ཅད་དང༌། །རྣམ་པ་ཀུན་ཏུ་བདེ་ཆེན་ཐོབ་པར་གསུངས། །ཞེས་གསུངས་པ་ལྟར་ལས་དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་བ་དང༌། ལས་མི་དགེ་བ་བྱས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་མི་བསླུ་བ་ཡིན་ཏེ། མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། ། འབྲས་བུ་དེ་ཉིད་སྨིན་པར་འགྱུར། །ཞེས་དང༌། བླང་དོར་རབ་གསལ་ལས། ལས་ཀྱི་བག་ཆགས་སྣ་ཚོགས་ཀུན་གཞི་ལ། ། གནས་པ་བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །རྐྱེན་རྣམས་ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་རིམ་པ་བཞིན་དུ་སྨིན་པར་གསུངས། །ཞེས་དང། རྒྱལ་བོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་བོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲང༌། ། སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང། །ཞེས་གསུངས་པས་སོ། །བཞི་བ་ཐེག་པ་ཆེན་པོའི་ཐབས་ཤེས་བཤད་པ་ལ། ཐེག་ཆེན་གྱི་ཐབས་དང་ཤེས་རབ་བཤད་པ་གཉིས་ལས། དང་པོ་ཐེག་ཆེན་གྱི་ཐབས་ནི། རྩ་བར། བྱམས་དང་སྙིང་རྗེ་རྒྱུད་ལ་མ་སྐྱེས་ན། །སྒྲུབ་ལ་བརྩོན་ཡང་ཐེག་པ་དམན་པར་གོལ། །འགྲོ་བ་ཀུན་གྱི་སྡུག་བསྔལ་ཁུར་ཁྱེར་ནས། །བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས། །ཞེས་གསུངས་ལ།དེའི་དོན་ནི། སེམས་ཅན་རྣམས་ལ་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཆེན་པོ་དང་སྡུག་བསྔལ་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་རྒྱུད་ལ་ལེགས་པར་མ་སྐྱེས་ན་ལམ་ཉམས་ལེན་གྱི་སྒྲུབ་པ་ལ་བརྩོན་པ་ཇི་ལྟར་བསྐྱེད་པར་བྱེད་ན་ཡང་ཉན་ཐོས་རང་རྒྱལ་གྱི་ཐེག་པ་དམན་པའི་ལམ་དུ་ཞུགས་པར་འགྱུར་ནས་ལམ་ནོར་བའམ་གོལ་བར་འགྱུར་རོ། །རྒྱུ་མཚན་དེས་ན་ནམ་མཁའ་དང་མཉམ་པའི་འགྲོ་བ་ཀུན་གྱི་སྡུག་བསྔལ་མ་ལུས་པ་བདག་གིས་བསྒྲལ་བར་བྱ་སྙམ་པའི་ཁུར་ཁྱེར་གྱི་སྙིང་རྗེ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མཆོག་བདག་གི་རྒྱུད་ལ་འབྱོང་བར་ཟབ་མོ་ལྟ་བའི་བརྒྱུད་པ་དང༌། རྒྱ་ཆེན་སྤྱོད་པའི་བརྒྱུད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་དཔལ་ལྡན་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་གདབ་པར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བསྒོམས་ན་བསོད་ནམས་རྒྱ་ཆེན་པོ་བསགས་ཏེ། དཔའ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང༌། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་བའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱིས་སྲས་ཞེས་རབ་བརྗོད་ཅིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པས་སོ། །


previousགཉིས་པ་འཆི་བ་མི་རྟག་པ་གལ་ཆེ་བ།next