ཡན་ལག་གསུམ་པ། ངག་རྣམ་པར་དབེན་པ་བཤད་པ།
ངག་རྣམ་པར་དབེན་པ་ལ་རྣམ་པ་གཉིས་ཏེ། ཐ་མལ་པ་ལས་དབེན་པ་དང་རྣལ་འབྱོར་པ་ལས་དབེན་པའོ། །ཐ་མལ་པ་ལས་དབེན་པ་བསྟན་པའི་ཕྱིར་ཡེ་ཤེས་ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་སེམས་ཅན་གྱི་ལུས་ལ་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་སྟེ་བཅུ་གནས་སོ། །དེ་ཡང་རྡོ་རྗེ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། །སྲོག་དང་ཐུར་དུ་སེལ་བ་དང༌། མེ་དང་མཉམ་དུ་གནས་པ་དང༌། གྱེན་དུ་རྒྱུ་དང༌། ཁྱབ་བྱེད་དང༌། རྒྱུ་བ་དང༌། རྣམ་པར་རྒྱུ་བ་དང༌། ཡང་དག་པར་རྒྱུ་བ་དང༌། རབ་ཏུ་རྒྱུ་བ་དང༌། ངེས་པར་རྒྱུ་བ་དང་ཞེས་གསུངས་པ་ཡིན་ནོ། །རླུང་བཅུ་པོ་དེ་དག་ནི་དབུགས་དབྱུང་བ་དང༌། རྔུབ་པར་འགྱུར་བ་དང༌། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་དུ་འགྱུར་བ་ཡིན་པས་ན་ཡེ་ཤེས་ལྔའི་རང་བཞིན་དབུགས་ཞེས་བྱའོ། །རླུང་ལ་སོགས་
པ་འབྱུང་བ་ལྔའི་བདག་ཉིད་དུ་གྱུར་པ་ཡིན་པས་ན་འབྱུང་བ་ལྔའི་ངོ་བོ་ཉིད་དུའོ། །རླུང་དེ་རྣམས་འཇུག་པ་དང་གནས་པ་དང་ལྡང་བ་གསུམ་དུ་འགྱུར་བས་ན་གོང་བུའོ། །དེ་ཡང་ཨོཾ་ཨཱཿཧཱུཾ་གསུམ་གྱི་གཟུགས་སུ་གྱུར་ནས་མེའི་དཀྱིལ་འཁོར་ལ་སོགས་ནས་གཟུགས་ཀྱིས་བྱུང་ནས་སོ། །བྱུང་ནས། སྣ་ཡི་རྩེ་མོར་རབ་ཏུ་བརྟག །ཅེས་པ་སྟེ། ཀུན་རྫོབ་ཀྱི་སྣ་སྒོ་གཡས་པ་ལ་སོགས་པའི་རིམ་གྱིས་བྱུང་བར་རྟག་ཅེས་པའི་དོན་ཏོ། །དེ་དག་ཇི་ལྟར་བརྟག་ཅེ་ན། རིན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇུག་གནས་ལྡང་པ་དང་དབྱེར་མེད་པའི་ཡི་གེ་གསུམ་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པའི་ཕྱིར་ན་རིན་ཆེན་ནོ། །སྐུ་མདོག་གི་བྱེ་བྲག་གིས་དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་དང་ལྡན་པས་ཁ་དོག་སྔ་ལྔ་པའོ། །འཚོ་བར་བྱེད་པའི་ཕྱིར་དེ་ཉིད་ལ་སྲོག་ཅེས་བྱ་ལ། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་ཉིན་དང་མཚན་དུ་སྤྲོ་ཞིང་སྡུད་པས་ན་རྩོལ་པ་ཞེས་བྱ་བར་ཡང་བཤད་པ་སྟེ། དེ་ལྟ་བུའི་རྡོ་རྗེ་བཟླས་པ་བྱེད་པར་བརྟག་ཅིང་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གྱེན་དུ་རྒྱུ་བའི་རླུང་ལྐོག་མན་གོས་དཀར་མོའི་རང་བཞིན་གྱིས་མེའི་དཀྱིལ་འཁོར་ལ་གནས་ཤིང་ཀུན་རྫོབ་ཀྱི་སྣ་སྒོ་གཡས་ནས་རྒྱུ་བ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་བདག་ཉིད་འོད་ཟེར་དམར་པོའི་ངོ་བོ་ཉིད་དེ། ལས་ཀྱི་རླུང་རྣམས་དབང་པོའི་སྒོར་སྤྲོ་བ་དང༌། བཟའ་བ་ལ་སོགས་པ་ལྕེའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བར་བྱེད་དོ། །མེ་དང་མཉམ་དུ་གནས་པ་ལྟེ་བ་ན་སྒྲོལ་མའི་རང་བཞིན་གྱི་རླུང་གི་དཀྱིལ་འཁྱོར་ལ་གནས་ཤིང་སྣ་གཡོན་ནས་རྒྱུ་བ་ནི་དོན་ཡོད་གྲུབ་པའི་བདག་ཉིད་འོད་ཟེར་ནག་པོའི་ངོ་བོ་ཉིད་དེ། ལས་ནི་བཟའ་བ་ལ་སོགས་པ་དུས་མཉམ་དུ་འཇུ་བར་བྱེད་དོ། །ཐུར་དུ་སེལ་བ་གསང་བ་ན་སྤྱན་མའི་རང་བཞིན་གྱི་ས་འདི་དཀྱིལ་འཁྱོར་ལ་གནས་ཤིང་སྣ་སྒོ་གཉིས་ཀ་ལས་རྒྱུ་བ་རིན་འབྱུང་ལྡན་གྱི་བདག་ཉིད་འོད་ཟེར་སེར་པོའི་ངོ་བོ་སྟེ། རླུང་དང་བཤང་གཅི་ལ་སོགས་པ་ཐུར་དུ་སེལ་བའི་ལས་བྱེད་དོ། །སྲོག་སྙིང་ག་ན་མཱ་མ་ཀཱིའི་རང་བཞིན་གྱི་ཆུའི་དཀྱིལ་འཁོར་ལ་གནས་ཤིང་དལ་ཞིང་རྒྱུ་བ་པུལ་བ་ནི་མི་བསྐྱོད་པའི་བདག་ཉིད་འོད་ཟེར་དཀར་པོའི་ངོ་བོ་ཉིད་
དག་པ་སྟེ། རླུང་རྣམས་དབང་པོའི་སྒོར་སྤྲོ་བ་དང་ནང་དུ་སྡུད་པའི་ལས་བྱེད་དོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་པ་ནི་དེ་བཞིན་གཤེགས་པ་རྣམ་པ་སྣང་མཛད་ཀྱི་བདག་ཉིད་ཀུན་ལ་ཁྱབ་པའི་འོད་ཟེར་ཅན་ནམ་མཁའི་ངོ་བོ་ཉིད་དེ། གང་དང་གང་བྱུང་བ་དེ་དང་དེའི་དཀྱིལ་འཁོར་གྱི་ཚུལ་དུ་འབྱུང་ལ་འཆི་བའི་ཚེ་གཙོ་བོའི་ཚུལ་གྱིས་འབྱུང་བ་སྟེ། ལུས་ཀྱི་འགྲེང་གུག་དང་བསྐྱོད་པ་ལ་སོགས་པའི་བྱ་བ་བྱེད་དོ། །རླུང་དེ་དག་གི་ཐུན་མོང་གི་ལས་ནི་རྣམ་པར་ཤེས་པའི་བཞོན་པ་བྱེད་དོ། །རྒྱུ་བ་ལ་སོགས་པའི་ཡན་ལག་གི་རླུང་ལྔ་ནི་མིག་ལ་སོགས་པའི་དབང་པོ་ལྔ་གོ་རིམས་བཞིན་དུ་གནས་ནས་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་གྱི་བྱ་བ་བྱེད་དོ། །དེ་ལྟ་བུའི་རླུང་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་འཇུག་གནས་ལྡང་བ་གསུམ་ཡིན་ལ། འཇུག་གནས་ལྡང་བ་གསུམ་ནི་ཨོཾ་ཨཱཿ་ཧཱུཾ་གསུམ་གྱི་བཞོན་པར་གྱུར་ནས་མི་ཕྱེད་པའི་ཚུལ་གྱི་སྙིང་གི་དཀྱིལ་འཁོར་གྱི་པདྨའི་ལྟེ་བ་ལ་གནས་པའི་མི་ཤིགས་པའི་ཐིག་ལེ་ལས་ལྡང་བ་ཧཱུཾ་དང་འཇུག་པ་ཨོཾ་དང་གནས་པ་ཨཱཿའི་རང་བཞིན་ཆུའི་དཀྱིལ་འཁོར་ལ་སོགས་པའི་མཚན་ཉིད་ཅན་ཁ་དོག་དཀར་མོ་ལ་སོགས་པ་ལ་བརྟེན་ཏེ། ཀུན་རྫོབ་ཀྱི་སྣ་སྒོ་གཡས་པ་ལ་སོགས་པའི་རིམ་གྱིས་ཕྱུང་ནས་ཞི་བ་ལ་སོགས་པའི་ལས་ལྷུན་གྱིས་གྲུབ་པས་རྡོ་རྗེ་བཟླས་པ་བྱས་ཏེ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་དོ། །གཞན་ཡང་ཡི་གེ་གསུམ་པོ་དེ་ཉིད་ཀྱིས་བསྐྱེད་པའི་རིམ་པའི་སྐབས་སུ་སྔགས་ཀྱི་ལུས་སྐྱེད་པར་བྱེད་དོ། །ཐ་མལ་པའི་དུས་སུ་འཇུག་པ་དང་གནས་པ་དང་ལྡང་བའི་རིམ་གྱིས་ལུས་འཛིན་པར་བྱེད་དོ། །དབང་པོ་གཉིས་སྦྱོར་བའི་དུས་སུ་ཁ་ཐུར་དུ་བལྟས་ནས་གསང་བའི་སྣའི་བུ་གནས་ས་བོན་གྱི་གཟུགས་ཀྱིས་བྱུང་ནས་སེམས་ཅན་ཐམས་ཅད་སྐྱེད་པར་བྱེད་དོ། །ལས་དང་པོ་པའི་དུས་སུ་ཡི་གེའི་གཟུགས་སུ་བརྟགས་ནས་ངག་གི་བཟླས་པ་བྱས་ཏེ། ཕྱིའི་ཁ་དོག་ལ་སོགས་པ་ལ་བརྟེན་ནས་ཞི་བ་ལ་སོགས་པའི་ལས་བྱེད་དོ། །རྣལ་འབྱོར་པ་ཁ་ཟས་ཟ་བའི་དུས་སུ་སྦྱང་བ་དང་རྟོགས་པ་དང་འབར་བར་བྱས་ཏེ་བདུད་རྩིར་བྱེད་དོ། །དེ་དག་ཀྱང་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བ་ལས། སངས་རྒྱས་
ལྔ་ཡི་རང་བཞིན་གནས། །སྣ་རྩེའི་བུ་ག་ལས་བྱུང་བའི། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་རྟག་ཏུ་སྦྱོར་བར་འགྱུར། །ཀུན་རྫོབ་སྣ་ལས་ངེས་འབྱུང་བ། །གཡོན་དང་གཡས་དང་གཉིག་དང༌། །ངལ་བར་རྒྱུ་དང་རྣམ་པ་བཞི། །ནང་གི་དུས་ནི་ཡིན་པར་བཤད། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁྱོར་ཉིད་ཡིན་ཏེ། །ཁ་དོག་དམར་པོའི་མཆོག་འདི་ནི། །པདྨའི་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པ་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ལུས་ཀུན་ལ་ནི་གནས་པའི་རླུང༌། །ཁམས་འདི་ཀུན་གྱི་འཁོར་འབྱུང་བ། །རྣམ་སྣང་མཛད་ཆེན་སྐུ་ཡིན་ཏེ། །འཆི་བའི་ཚེ་ན་གཙོ་བོར་འབྱུང༌། །ལྐོག་མ་སྙིང་ག་ལྟེ་བ་དང༌། །གསང་བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །གོ་རིམས་ཇི་བཞིན་གནས་པར་བསྟན། །དཀྱིལ་འཁོར་བཞི་པོ་འདི་དག་ཉིད། །མཉམ་པར་གཞག་པས་རང་ཉིད་ཀྱིས། །ཟློས་པའི་སྔགས་བཞི་སྦྱོར་བ་ནི། །ཉིན་དང་མཚན་དུ་རྟག་པར་ཟློས། །ཞེས་གསུངས་པ་ཡིན་ནོ། །སྔགས་ཟློས་པའི་གྲངས་ནི་ཉིན་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཟློས་སོ། །དེ་ལ་ཐུན་ཕྱེད་པ་ཉི་ཤུ་རྩ་བཞིའོ། །ཐུན་ཆེན་པོ་བཅུ་གཉིས་སོ། །དབྱུག་སྐོར་དྲུག་གོ །དེ་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་དགོངས་པ་ལུང་སྟོན་པ་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པ་ལེགས་པར་བསྒྲེས་པ་ཡིས། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་པ་ཡིན་ནོ། །ཨཱ་ལི་དང་ཀཱ་ལི་ལས་བྱུང་བའི་སྤྲུལ་ལ་སོགས་པའི་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་
ཨོཾ་ཨཱཿ་ཧཱུཾ་གསུམ་ཡིན་ཏེ་སྔགས་ཐམས་ཅད་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱིས་ཡི་གེ་གསུམ་པོ་དེར་འདུ་བའི་ཕྱིར་རོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་སྐུལ་བར་བྱེད་པ་ཞེས་བྱ་བ་མཆོག་ཏུ་གསང་བ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚིག་མ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །ཨོཾ་ཨཱཿཧཱུཾ་ཞེས་གསུངས་པ་ཡིན་ནོ། །རྣལ་འབྱོར་ལས་དབེན་པ་བསྟན་པའི་ཕྱིར་རང་སྔགས་ཞེས་པ་ལ་སོགས་པ་གསུངས་ཏེ། རང་སྔགས་ནི་ཨོཾ་ཨཱཿཧཱུཾ་ངོ༌། །སྙིང་གར་བསམ་པ་ནི་ཨོཾ་ཨཱཿཧཱུཾ་གསུམ་འཇུག་གནས་ལྡང་བ་གསུམ་ལ་ཐིམ། དེ་གསུམ་ཡང་སྙིང་གའི་སྲོག་ཅེས་བྱ་བའི་རླུང་ལ་ཐིམ་པར་བསྒོམ་པ་ནི་རང་སྔགས་སྙིང་གར་བསམ་པའོ། །དེ་ནས་ནི་སྲོག་ཅེས་བྱ་བའི་རླུང་ཡང་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བསྒོམ་པར་བྱ་བ་ཡིན་པས་ན། སྲོག་ནི་ཐིག་ལེར་གྱུར་པར་གཞག །ཅེས་བྱའོ། །ངག་རྣམ་པར་དབེན་པ་བཤད་པ་སྟེ་ཡན་ལག་གསུམ་པའོ།། །།