སྨོན་ལམ་ཕྱོགས་བསྡུས།
༈ བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་ལྷག་པའི་ལྷ་ཡི་རྗེས་སུ་བཟུང་། །བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་། །བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཉིད་དོན་རྟོགས་ནས། །གང་ལ་གང་འདུལ་ཐབས་མཁས་སྤྱོད་པ་ཡིས། །དཔག་ཡས་འགྲོ་བ་འདྲེན་པའི་མཐུ་ཐོབ་ཤོག །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་པ་འགྲུབ། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར། །འཁོར་སློབ་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ༈ བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས༔ ཡི་དམ་མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོ༔ ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ མདོ་སྔགས་བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ༔ འཇིག་རྟེན་ཁམས་ཀུན་ནད་མུག་མཚོན་འཁྲུགས་ཞི༔ རྟག་ཏུ་བདེ་སྐྱིད་དཔལ་གནས་བཀྲ་ཤིས་ཤོག༔ འདིར་འཚོགས་སྐལ་ལྡན་ཐམས་ཅད་འབྲལ་མེད་པར༔ སྲིད་དང་ཞི་བའི་དཔལ་ལ་ལོངས་སྤྱོད་ཅིང་༔ སྐུ་ཚེ་ཡར་ངོའི་ཟླ་བ་ཇི་བཞིན་འཕེལ༔ སྙན་གྲགས་མཁའ་མཐར་ཁྱབ་པའི་བཀྲ་ཤིས་ཤོག༔ ལྷ་རྣམས་མཁའ་ལས་མེ་ཏོག་ཆར་ཆེན་འབེབས༔ ཀླུ་རྣམས་ཀུན་གྱིས་ས་གཞི་འབྱོར་པས་བཀང་༔ བར་དུ་སྐྱེ་རྒུ་ཐམས་ཅད་བདེ་དང་ལྡན༔ མཐར་ཐུག་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ མཆོག་གླིང་གཏེར་ཁ་ལས་སོ། ༈ །ཇི་སྙེད་ཕན་བདེ་མ་ལུས་འབྱུང་བའི་གནས།།ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ།།སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པའི་སྲོལ། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག ༈ །འཇིགས་བྲལ་སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེངས། །ལུང་རྟོགས་ཆོས་ཀྱི་རྒྱལ་རྔ་ཕྱོགས་ཀུན་བསྒྲགས། །རིགས་ལམ་སེངྒེའི་ང་རོས་ས་གསུམ་ཁྱབ། །མཚུངས་མེད་དགེ་མཚན་སྣང་བ་རྒྱས་གྱུར་ཅིག །