Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་པ།

1 occurrence of རྟོག་པའི་ཡུལ་བ་
[Clear Hits]


 expand section
  
  
  
  
  
 expand section
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
 expand section
  
  
  
  
  
  
  
འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག།  ནག་པོ་པས་མཛད།
  
  
  
 
  
  
  
  
  
  
  
 expand section
  
  
  
  
 expand section
  
  
  
  
  
  
  
 expand section
  
  
  
  
 expand section
  
  
  
  
  
  
  
 expand section
  
  
  
 expand section
 expand section
  
  
  
  


1 occurrence of རྟོག་པའི་ཡུལ་བ་
[Clear Hits]

 
previousའབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག། ནག་པོ་པས་མཛད།next

འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག།
ནག་པོ་པས་མཛད།


DTG010_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་བྷཱུ་ཏ་བ་ལིཾ་བི་དྷི་ནཱ་མ། བོད་སྐད་དུ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་ཞེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཨེ་ཝཾ་རྣམ་པར་ངེས་བཞུགས་པའི། །རྡོ་རྗེ་སེམས་དཔར་ཕྱག་བྱ་སྟེ། །རྣམ་འཚེ་ལོག་འདྲེན་ལ་སོགས་ལས། །སེམས་ཅན་བསྲུང་ཕྱིར་གཏོར་མ་བརྩམ། །ཀྱེ་ཡི་རྡོ་རྗེར་ལྡན་པ་ཡི། །རྣལ་འབྱོར་པ་ཡིས་བསྒོམ་བྱ་བ། །ཆོས་ཀྱི་འབྱུང་གནས་ནང་དུ་ནི། །པདྨ་འདབ་བརྒྱད་སུམ་བརྩེགས་ལ། །དཀར་ནག་དམར་པོའི་ཨོཾ་ཧཱུཾ་ཨཱཿ། །རིམ་པར་ལྷ་ཆེན་བརྒྱད་དང་ནི། །ཕྱོགས་སྲུང་བརྒྱད་དང་ཀླུ་ཆེན་བརྒྱད། །པདྨའི་འདབ་ལྟར་བསྐྱེད་བྱ་སྟེ། །མདུན་དུ་དབང་ཕྱུག་ཆེན་པོ་བསྐྱེད། །གཡས་སུ་ལྷ་ཡི་དབང་བོ་བསམ། །


DTG010_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ་ཚངས་པ་བསྐྱེད་བྱ་སྟེ། །གཡོན་གྱི་ཕྱོགས་སུ་ཁྱབ་འཇུག་གོ །མེ་རུ་འདོད་པའི་དབང་ཕྱུག་བསྐྱེད། །སྲིན་པོར་ཚོགས་ཀྱི་བདག་པོ་སྟེ། །བྷྲྀཾ་གི་རི་ཏི་རླུང་མཚམས་སུ། །དབང་ལྡན་མཚམས་སུ་ཀརྟི་ཀ །མདུན་གྱི་འདབ་མར་བརྒྱ་བྱིན་བསམ། །གཡས་སུ་མཐར་བྱེད་དགོད་པར་བྱའོ། །ཆུ་ལྷ་རྒྱབ་ཀྱི་འདབ་མ་ལའོ། །དེ་ལྟར་གཡོན་དུ་ནོར་སྦྱིན་དགོད། །མེ་ཡི་མཚམས་སུ་མེ་ལྷ་ཆེ། །བདེན་བྲལ་དུ་ནི་སྲིན་པོའོ། །རླུང་གི་མཚམས་སུ་རླུང་ལྷའོ། །དབང་ལྡན་མཚམས་སུ་འབྱུང་པོའི་བདག །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང༌། །མཐའ་ཡས་ནོར་རྒྱས་དེ་བཞིན་ཏེ། །འཇོག་པོ་དང་ནི་རིགས་ལྡན་དང༌། །པད་ཆེན་ཤིན་ཏུ་པད་ཆེན་པོ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་ན་འཆང༌། །རང་འོད་རིག་མས་ཡང་དག་འཁྱུད། །གདན་ལ་གཡས་བརྐྱང་པ་ཡིས་བཞུགས། །རང་རང་ཐུགས་ཀའི་ས་བོན་ལས། །འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས། །ལྷ་ཆེན་བརྒྱད་ལ་གཟུགས་ཁམས་དང༌། །གཟུགས་མེད་གནས་པའི་ལྷ་བསྡུའོ། །འདོད་པའི་ཁམས་ཀྱི་ལྷ་དང་མི། །ཕྱོགས་སྲུང་བརྒྱད་ལ་རབ་ཏུ་བསྡུ། །ངན་འགྲོ་གསུམ་དང་ལྷ་མ་ཡིན། །ཀླུ་ཆེན་བརྒྱད་ལ་བསྡུ་བར་བྱ། །རང་བཞིན་གནས་ལ་བཞུགས་པ་ཡི། །དཀྱིལ་འཁོར་བ་རྣམས་སྤྱན་དྲང་ཕྱིར། །གཽ་རཱི་ཡིས་ནི་དགུག་བྱས་ལ། །ཙཽ་རཱི་ཡིས་ནི་ཞགས་པས་བཅིངས། །པེ་ཏཱ་ལཱི་ཡིས་ལྕགས་སྒྲོག་བསྡམ། །དྲིལ་བུས་མཉེས་བྱེད་གྷསྨ་རཱི། །རྣལ་འབྱོར་པ་ཡི་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་ནས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགུག །དེ་ལ་ཕྱི་ནང་གསང་མཆོད་དེ། །དེ་རྣམས་ཀྱིས་ནི་དབང་བསྐུར་མཐར། །རང་རང་བདག་པོས་དབུ་ལ་བརྒྱན། །ལྷ་ཆེན་བརྒྱད་ལ་རྟག་པ་ཡིས། །རྡོ་རྗེ་ཡིས་ནི་ཕྱོགས་སྐྱོང་བརྒྱད། །གར་དབང་གིས་ནི་ཀླུ་ཆེན་བརྒྱད། །དེ་ལ་ཆོ་གས་གཏོར་མ་བསྒྲུབ། །རླུང་དང་མེ་ཡི་དཀྱིལ་འཁོར་ལས། །ཨཱཿ་ལས་བྱུང་བའི་པད་སྣོད་བསམ། །དེང་ནི་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ། །གོ་ཀུ་ང་ཧ་ན་ལས་ནི། །སངས་རྒྱས་ལྔ་དང་སེམས་ཅན་ལྔ། །ཟླ་བ་ཉི་མའི་བར་དུ་བསམ། །ཉི་དབུས་ཧཱུཾ་བྱུང་རྡོ་རྗེ་སྟེ། །འབར་བ་དང་ནི་སྤྲོས་པ་ཡིས། །འཆི་མེད་རབ་ཏུ་བསྒྲུབ་


DTG010_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཆང་གི་རང་བཞིན་འདི་བསྒོམས་ནས། །ཨོཾ་ཨཱཿ་ཧཱུཾ་གིས་བྱིན་བརླབས་དབུལ། །དེ་ནས་གཏོར་མ་གཏང་བའི་སྔགས། །ཨོཾ་ཨིནད། ཛ་མ། ཛ་ལ། ཛ་ཀྑ། བྷཱུ་ཏ། བཧྣི། བ་ཨུ། རཁྑ། ཙདྣ། སཱུ་ཛྫ། མཱ་མ། པཔྤ། ཏ་ལ། པཱ་ཏཱ་ལི། ཨཱཿ་གྷ་སྲཱ་ཧཱ། དེ་ནི་གཏོར་མའི་མགྲོན་ནོ། །ཨི་དཾ། བ་ལིཾ། བྷུ་ཉྫ། ཛི་གྷ། ཕུལླ། དྷཱུ་པྤ། མཱཾ་ས། བཾ་གྷ། དེ་ནི་གསོལ་བར་ཞུ་བའོ། །ཨམྦ་སརྦ་ཀཱཛྫ་སཱ་དྷ་ཁནྟི་ཁུ་ཎྞི་ཕེཊ་གང༌། དེ་ནི་དོན་ཞུ་བའོ། །ཨོཾ་ཨ་ཀཱ་རོ་མུ་ཁ་སརྦ་དྷ་རྨཱ་ཎཱཾ། ཨཱདྱ་ནུ་ཏྤནྣ་ཏཱ་ཏ། ཨོཾ་ཨཱཿ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནི་བྱིན་གྱིས་བརླབས་པའི་སྔགས་སོ། །དེ་ནས་དགྱེས་པར་བྱས་ནས་གཤེགས་སུ་གསོལ། ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྲ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྡྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྡྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨསུ་ཙྪ་མེ། ཙིཏྟཾ་ཤྲེ་ཡཿ། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ་བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། གཏོར་མ་འདི་སྦྱིན་ཞིང་རབ་ཏུ་མཆོད་པར་བྱེད་ན། རྣལ་འབྱོར་བ་ལ་འབྱུང་པོ་ཐམས་ཅད་ཀྱིས་ལེགས་པར་བྱེད་པར་འགྱུར་རོ། །དེ་ཚེ་དེ་ལ་བདེ་བ་རྙོག་པ་མེད་པ་ཉིད་དང༌། ལྷ་མཉེས་པ་དང༌། འཁོར་དགེ་བར་འགྱུར་རོ། །གལ་ཏེ་འབྱུང་པོའི་ཚོགས་དེ་ལ་གཏོར་མ་བྱིན་ན། དབང་དང་མངོན་སྤྱོད་དང་དགྲའི་སྡེ་གཞིག་པ་དང༌། བསྐྲད་པ་དང༌། དགུག་པ་དང༌། ཞི་བ་དང༌། བདེ་བ་དང༌། རྒྱས་པར་བྱེད་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །། ལོ་ཙཱ་བ་ཤཱ་ཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། དཔལ་ཐར་པ་གླིང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པའོ།།


previousའབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག། ནག་པོ་པས་མཛད།next