འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཇམ་དཔལ་སྤྲུལ་པའི་ཁྲོ་བོ་ནི། །ཀླུའི་གཤེད་པོ་ཀླུ་སྲིན་ཚུལ། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །ཀླུ་ནད་ཅན་ལ་ཕན་ཕྱིར་བྲི། །སྐྱབས་སེམས་སྔོན་དུ་འགྲོ་བས། རང་སེམས་ཕེ་ཡིག་ནག་པོ་ལས་ཕེ་
ཡིག་དཔག་ཏུ་མེད་པ་སྤྲོས། ཕེ་རཀྵ་ཀུ་རུ་ཧཱུཾ། རིན་པོ་ཆེ་བཀྲམས་པའི་རྒྱ་མཚོར་སྦྲུལ་ལས་བྱས་པའི་གཞལ་ཡས་ཁང་གི་ནང་དུ་ས་བདག་ཀླུ་གཉན་སྟན་དུ་བཏིང་བའི་སྟེང་དུ། རང་ཉིད་རིག་པའི་རྒྱལ་པོ་ནཱ་ག་རཀྴས་སྐུ་མདོག་ནག་པོ་དབུ་བཅུ་ཕྱག་བཅོ་བརྒྱད་པ། རྩ་ཞལ་སྲིན་པོའི་གདོང་ཤིན་ཏུ་ཁྲོས་པའམ། ཡང་ན་དབུ་དགུ་ཁྲོ་ཞལ་དུ་བྱས་ཀྱང་ལེགས། གང་ལྟར་ཡང་སྦྲུལ་མགོ་དགུ་བར་སྣང་ཁམས་སུ་འཕྱོ་བ། སྤྲུལ་མགོ་དབུས་མའི་སྤྱི་བོར་རྒྱལ་བ་མི་བསྐྱོད་པ་བཞུགས་པ། ཕྱག་གཡས་བརྒྱད་གྲི་གུག་གམ་རལ་གྲི། གཡོན་བརྒྱད་སྦྲུལ་ཞགས་འཛིན་པ། དང་པོ་གཉིས་ཐུགས་ཀར་བསྣོལ་བར་བྱས་པའང་ཡོད། སྐུ་སྟོད་སྲིན་པོའི་ལུས་རི་རབ་ལ་རྒྱབ་བརྟེན་པ། སྐུ་སྨད་སྦྲུལ་འཇུག་རྒྱ་མཚོའི་གཏིང་དུ་འཁྱིལ་བ། ཞལ་ཐམས་ཅད་ནས་ཨིག་ཤའི་སྒྲ་སྒྲོག་པ། རལ་པ་སྤྲུགས་པ་ལས་སྲོག་ཆགས་གདུག་པའི་ཚ་ཚ་འཕྲོ་བ། ཀླུ་ཆེན་བརྒྱད་ཀྱིས་སྐུ་ལ་བརྒྱན་པ། ཀླུ་རིགས་ཐམས་ཅད་ཟས་སུ་ཟ་བ། གདོལ་པ་ནག་པོ་འོག་ཏུ་གནོན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །སྙིང་གར་ཡེ་ཤེས་སེམས་དཔའ་སྦྲུལ་དཀར་པོ་འཁྱིལ་ཞིང་གདེངས་ཀ་བྱས་པའི་སྙིང་ཀར་ཏིང་འཛིན་སེམས་དཔའ་ཉི་མ་ལ་གནས་པའི་ཕེ་ནག་པོ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས། ཨོཾ་ཕེ་ལཾ་ཧཱུཾ། ཞེས་ཡིག་འབྲུ་བཞི་པ་བཟླ་ཞིང༌། ནག་པོ་ཏི་པ་ཙ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུཾ། ཞེས་པའི་
དྲག་སྔགས་ཀྱང་ཅུང་ཟད་བཟླ། བསྙེན་སྒྲུབ་བྱེད་ན་སྒྲུབ་ཡིག་ནས་བཤད་པ་བཞིན་ལས། བཟླས་པ་མང་ཉུང་སོགས་བློ་བཟོ་བྱར་མི་བཏུབ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། སྙིང་པོའི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ་ཕུལ། རྗེས་གནང་ནི། གཏོར་མ་གྲུ་གསུམ་གྱི་མཐའ་མཆོད་གཏོར་གྱིས་བསྐོར། བདག་བསྐྱེད་མདུན་བསྐྱེད་གཏོར་འབུལ་རྣམས་སོང་བའི་རྗེས་སུ་གཏོར་མ་ལྷ་སྐུར་གསལ་བའི་སྦྲུལ་མགོ་དབུས་མའི་རིན་པོ་ཆེའི་དཔྲོག་ཞུའི་ནང་དུ། བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་བཞུགས་པར་མོས་ལ། བླ་མ་རིན་པོ་ཆེ་བདག་ལ་འཇམ་དཔལ་ནཱ་ག་རཀྴ་སའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་བྱུང༌། སློབ་མའི་དཔྲལ་བར་ཐིམ། བུམ་དབང་། དེ་བཞིན་དུ། མགྲིན་པའི་ཨཱཿལས་གསང་དབང༌། ཐུགས་ཀའི་ཧཱུཾ་ལས་ཤེར་དབང༌། གནས་གསུམ་གྱི་འབྲུ་གསུམ་ལས་དབང་བཞི་པ་ལེན་ཞིང༌། དེ་བཞིན་དུ་རིག་པའི་རྒྱལ་པོའི་སྐུ་ལས་ཀྱང་ལེན། དེ་རྣམས་རེ་རེའི་མཚམས་སུ་སྤོས་དང་རོལ་མོ་བྱ། གཏོར་མ་སྤྱི་བོར་བཞགབཀའ་བསྒོ་རེ་མཛད། ལྷ་ཞི་དྲག་གཉིས་ཀ་བསྒོམ་པ་དང༌། སྔགས་བཟླས་པའི་ལུང་འབོགས། རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །འོག་གདོན་ཀུན་ལ་ཆེས་རྣོ་བའི། །གདམས་ངག་གུ་རུའི་གཏེར་མར་གྲགས། །ཀུན༵་ཏུ་ཉེར་མཁོ་རབ་དག༵འ་འདིའི། །རྗེས་གནང་བྱེད་ཚུལ་སྙིང༵་པོ༵ར་
བཀོད། །འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། སྣ་ཚོགས་པའི་སྡེའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅོ་ལྔ་པའོ།། །།ཞུས་དག །དར་རྒྱས་འཕེལ། །