ལེའུ་གསུམ་པ། ཕན་ཡོན་དང་དབང་བསྐུར་བའི་ཆོ་གའི་འགྲེལ་པ།
དེ་ནས་ཞེས་པ་ནི་མངོན་དུ་བསྟན་པ་ཉིད་ཀྱི་ཕྱིར་གོ་སླའོ། །དང་པོར་སློབ་དཔོན་ཞེས་བྱ་བ་ལ་སོགས་པས་ནི་རིགས་གཅིག་ཏུ་བསྟན་པས་དཀྱིལ་འཁོར་དང་ཉེ་བའི་སློབ་དཔོན་རྣམས་ཞེས་བྱ་བའི་དོན་ཏོ། །ལྷག་མ་ནི་གོ་སླའོ། །ཅི་ནུས་པས་ནི་ཞེས་བྱ་བ་ལ་སོགས་པས་ནི་བླ་མའི་མཆོད་པ་སྟོན་པའོ། །དྲིལ་དབྱངས་ཞེས་བྱ་བྱ་བ་ལ་སོགས་པས་ནི་སློབ་དཔོན་གཙོ་བོའི་བྱ་བ་བརྗོད་པའོ། །རྔ་བརྡུང་ཞེས་བྱ་བ་ལ་སོགས་པས་ནི་རྡེའུ་ཆུང་ལ་སོགས་པ་བརྡུང་བའི་ཆོ་ག་བསྟན་ཏོ། །ཤིན་ཏུ་སྒྲ་སྙན་དྲིལ་བུ་འཁྲོལ། །ཞེས་བྱ་བ་ལ་སོགས་པ་ནས་བསྟན་པར་བྱ་ཞེས་པའི་བར་གྱིས་དེ་ནས་རྒྱུད་གཞན་ལས་རབ་ཏུ་གྲགས་པའི་ཆོ་གས་དབང་ཐམས་ཅད་རྫོགས་པར་བྱ་སྟེ། གསང་བའི་དབང་གི་ཆོ་ག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །དེ་ནས་སློབ་དཔོན་ལེགས་པར་ནི། །ཞེས་པ་ནི་བདག་ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་བརྟན་པར་བྱས་ལ། དེ་ཡང་རྡོ་རྗེ་ཕག་མོ་རྣལ་འབྱོར་དུ་སྤྲུལ་ཏེ། གོ་ཆ་ཆེན་པོ་ལ་སོགས་པས་གོ་བགོས་ལ་སློབ་མ་རྣམས་ཀྱང་དེ་བཞིན་དུ་བྱའོ། །མཉམ་པར་གཞག་སྟེ་ཕྱག་རྒྱ་མཆོད། །ཅེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བ་སྟོན་ཏོ། ཕྱག་རྒྱ་ནི་ཕྱི་རོལ་གྱི་ཡན་ལག་ཅན་ཏེ་སྔགས་དང་ཕྱག་རྒྱ་ལེགས་པར་བསླབས་ཤིང༌། བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དམ་ཚིག་གིས་དམ་ཚིག་དང་ལྡན་པ་ཞེས་པའི་དོན་ཏོ། །དེ་ནས་ཉི་མ་གཉིས་པ་ལ་ཡང་དཀྱིལ་འཁོར་མཆོད་ཅིང་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ་དཀྱིལ་འཁོར་དང་ཉེ་བའམ། །ཡོལ་བས་བར་བཅད་པར་ཤིང་ཁྲི་ལ་སོགས་པ་ལེགས་པའི་སྟན་ལ་རབ་ཏུ་བཞག་སྟེ། གསང་བའི་དབང་བརྩམ་པར་བྱའོ། །མཚལ་ཆེན་ལན་གསུམ་བཟླས་པ་ཡིས། །དེ་ལ་ཐིག་ལེ་བྱ་བ་ཡིན། །ཞེས་པ་ནི་གང་གི་ཚེ་སྔོན་དུ་བསྟན་པའི་མཚན་ཉིད་དང་ལྡན་པའི་ཕྱི་རོལ་གྱི་ཡན་ལག་མེ་ཏོག་དང་ལྡན་པར་གྱུར་པ་ཡིན་ན། དེའི་ཚེ་དེ་དང་ལྷན་ཅིག་ཏུ་རྗེས་སུ་ཆགས་པའི་རིམ་པས་ཇི་ལྟར་དགའ་བར་འགྱུར་བ་དེ་ལྟར་རྡོ་རྗེ་དང་པདྨ་བསྐྱོད་པ་ལ་སོགས་པའི་བྱ་བ་སྦྱོར་ཐབས་ཀྱི་གནས་སྐབས་སུ་སློབ་མའི་གདོང་བཅིངས་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་དང་ཕྲེང་བའི་སྔགས་བརྗོད་ཅིང༌། །མགོ་བོ་དང་དཔྲལ་བ་དང༌། མིག་གཉིས་དང༌། ཁ་དང༌། མགྲིན་པ་དང༌། སྙིང་ག་སྟེ་
གནས་བདུན་དུ་རྡོ་རྗེ་དང་པདྨ་ལས་བྱུང་བའི་དབང་བསྐུར་བ་སྦྱིན་ནོ། །སློབ་མས་ཀྱང་ཁ་རུ་བྱིན་པ་དེ་བདུད་རྩི་བཞིན་དུ་མྱང་བར་བྱའོ། །དེ་ནས་གདོང་ཕྱེ་དཀྱིལ་འཁོར་བསྟན། །གང་གི་ལྷ་ཡི་གནས་གང་ཡིན། ཞེས་པ་ནི་གསང་བའི་དབང་གི་གནས་དེ་དང་དེ་བསྟན་པར་བྱའོ། །དབང་བསྐུར་བའི་དུས་སུ་ཕྱི་རོལ་གྱི་ཡན་ལག་ཅན་བསྟན་པར་བྱ་བ་ནི་དོན་དམ་པའི་དོན་ཏོ། །ཡང་དག་ཅེས་པ་ནི་རྟོག་པ་མེད་པའི་སེམས་སོ། །དེ་ནས་སློབ་མས་ཀྱང་ཡང་དེ་བཞིན་དུ་བརྩམ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ནས་སློབ་དཔོན་མཉམ་གཞག་ལ། །རབ་ཏུ་གདུང་པ་བྱས་ནས་ནི། །གཡོན་ནས་བརྩམས་པའི་རིམ་པ་ཡིས། །དེ་ལ་བསྐོར་བ་རབ་ཏུ་བྱ། །དཀྱིལ་འཁོར་དང་ནི་བླ་མ་ལ། །ཅི་བཞིན་ཆོ་གས་ཕྱག་བྱའོ། །ཞེས་པ་ནི་ཇི་ལྟར་བླ་མས་སློབ་མ་ལ་གསང་བའི་དབང་བྱིན་པ་དེ་ལྟ་བུའི་ཆོ་གས་བརྩམས་ཏེ། སློབ་མས་བླ་མ་ལ་ཕྱག་བྱས་ནས་དེ་ཉིད་དང་ལྷན་ཅིག་ཏུ་ཞེས་དགོངས་སོ། །ལྷག་མ་ནི་གོ་སླའོ། །རྩེས་དང་བལྟ་བ་ཞེས་བྱ་བས་ནི་གསང་བའི་དབང་བསྟན་ཏོ། །ལག་བཅངས་འཁྱུད་དང་ཞེས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྟན་ཏོ། །གཉིས་གཉིས་སྤྲོད་ཅེས་བྱ་བས་ནི་དབང་བཞི་པ་ལ་གསལ་བར་བྱས་པའོ། །སློབ་དཔོན་གྱི་དབང་ངམ། ཡང་ན་ནི་བུམ་པའི་དབང་དང༌། དབང་གཞན་གྱི་ཁྱད་པར་ཡང་བསྟན་པའོ། །འདི་རྣམས་ཀྱི་དོན་བདག་གིས་བཤད་པ་ནི་བླ་མའི་མན་ངག་དྲན་པར་བྱ་བའི་དོན་དུ་དབང་བསྐུར་བ་ལེགས་པར་རྟོགས་པར་བྱས་པའོ། །བཤད་དང་མ་བཤད་གང་ཅིའང་རུང༌། །དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས། །ཞེས་པ་ནི་ཐབས་གཞན་གྱིས་མ་བཤད་ཅིང་མ་བསྟན་ཏེ། མཆོག་དང་འབྲིང་དང་ཐ་མའི་སློབ་མ་ལ་སོགས་པའི་ངོ་བོ་ཉིད་ལ་བཤད་ཅིང་བསྟན་པ་གང་ཅུང་ཟད་ཡིན་པ་དེ་ཡང་ཐམས་ཅད་དཔལ་ཧེ་རུ་ཀ་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་གྱི་ངོ་བོ་ཉིད་ཀྱི་ཕྱིར། །དཔལ་ཧེ་རུ་ཀ་ལ་རྣམ་པར་གནས་ཞེས་པའི་དོན་ཏོ། །དེ་ལྟར་ཡང༌། དངོས་པོ་ཀུན་གྱི་ས་བོན་དེ། །དངོས་གྲུབ་ཀུན་གྱི་མཆོག་གི་དོན། །སངས་རྒྱས་ཀུན་གྱི་ཆེད་བྱེད་གནས། །བདེ་བ་ཅན་དུ་མངོན་པར་བརྗོད། །ཅེས་གསུངས་སོ། །འདིས་ནི་ལྷན་
ཅིག་སྐྱེས་པ་དོན་དམ་པའི་ས་བོན་གྱི་ངོ་བོ་ཉིད་མཆོག་དང་འབྲིང་དང་ཐ་མའི་དངོས་གྲུབ་ལ་སོགས་པ་ལ་རོལ་བའི་ངོ་བོ་ཉིད་ཀྱི་ཕྱིར་གྱི་དོན་ཏོ། །ཡང་ན་ནི། བཤད་དང་མ་བཤད་གང་ཅིའང་རུང༌། དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱི་ཕྱག་རྒྱ་འཆང་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་རྗེ་ཕག་མོ་རུ་བརྗོད་དེ། དེའི་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་ཡང་རྣམ་པར་གནས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ལྷན་ཅིག་སྐྱེས་པ་དོན་དམ་པའི་ས་བོན་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་ལ་ཡང་གནས་པ་ཉིད་ཀྱི་ཕྱིར། བཤད་པ་དང་མ་བཤད་པ་གང་ཅུང་ཟད་དེ་ཐམས་ཅད་དཔལ་ཧེ་རུ་ཀ་ལ་རྣམ་པར་གནས་སོ་ཞེས་པའི་དོན་ཏོ། །དེ་ལྟར་དེའི་ངོ་བོ་ཉིད་འཆང་བའི་རྣལ་འབྱོར་དང་རྣལ་འབྱོར་མ་བལྟ་བར་བྱ་ཞེས་པའི་དོན་ཏོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་ཕན་ཡོན་དབང་བསྐུར་བའི་ཆོ་གའི་ལེའུ་གསུམ་པའི་འགྲེལ་པའོ།། །།