བསྐལ་བཟང་རྣམ་འདྲེན་བཞི་པ་སོགས།
ཨོཾ་སྭསྟི་སིདྡྷཾ། བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །མ་ཕམ་མགོན་སོགས་རྒྱལ་བ་སྲས་བཅས་དང་། །འཕགས་པའི་དགེ་འདུན་དཀར་ཕྱོགས་སྐྱོང་བའི་ལྷས། །དགེ་ལེགས་ཤིས་པའི་མེ་ཏོག་ཆར་དུ་བསྙིལ། །འཇམ་དབྱངས་བླ་མས་རྗེས་བཟུང་དམ་ཆོས་ཀྱི། །འབྱོར་པས་མངོན་མཐོ་བསླབ་
གསུམ་དབང་པོ་མཆོག །སྲིད་ཞིའི་ཕུན་ཚོགས་འཆི་མེད་གྲུབ་པའི་དཔལ། །མཁས་བཙུན་བཟང་པོའི་ཕྲིན་ལས་རྒྱས་གྱུར་ཅིག །ཚུལ་གནས་ཁྲིམས་ཀྱི་ཟླ་བའི་བདུད་རྩི་ཡིས། །ཉེས་པར་སྤྱོད་པའི་གདུང་བ་རིང་བཅིལ་ནས། །ཐར་པ་དམ་པའི་ངལ་འཚོས་རབ་བརྒྱན་པ། །ལྷར་བཅས་འཇིག་རྟེན་མཆོད་འོས་ཉིད་གྱུར་ཅིག །མང་དུ་ཐོས་པའི་ཟིལ་དངར་བཏུང་བ་ལས། །ཁ་ན་མ་ཐོའི་གནས་ལས་ལྡོག་པ་དང་། །རྣམ་པར་གཡེང་བའི་ཕྱོགས་ཀྱིས་མི་བརྫི་བར། །མྱ་ངན་འདས་པའི་ཉེ་རྒྱུར་སྨིན་གྱུར་ཅིག །བསམ་བྱུང་རིག་པ་འཁྲུལ་མེད་ལ་བརྟེན་ནས། །སྡེ་སྣོད་རྒྱ་མཚོའི་དེ་ཉིད་ཁོང་ཆུད་ཅིང་། །གཞུང་ལུགས་གདམས་པར་ཤར་བའི་བློ་གྲོས་ཀྱི། །ངོ་མཚར་སྣང་བ་རྟག་ཏུ་རྒྱས་གྱུར་ཅིག །བསམ་གཏན་ནོར་བུའི་ལྗོན་པའི་གྲིབ་བསིལ་དུ། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བསྟེན་པས། །སེམས་གནས་རྣམ་པ་དགུ་ཡི་མཐར་སོན་ནས། །ཤིན་ཏུ་སྦྱངས་པའི་དགའ་སྟོན་འཕེལ་གྱུར་ཅིག །ཤེས་རབ་ཟབ་མོའི་གཟིགས་པ་དྲི་མེད་པས། །མཐའ་ཡས་ཤེས་བྱའི་གནས་ལུགས་མངོན་གྱུར་ཅིང་། །ལམ་ལྔ་ས་བཅུའི་ཐེམ་སྐས་ལ་འཛེགས་ནས། །མི་སློབ་གོ་འཕང་མཆོག་ལ་རེག་གྱུར་ཅིག །མདོར་ན་མཐོ་རིས་ཡོན་ཏན་ཐམས་ཅད་དང་། །འཕགས་པའི་ནོར་གྱི་འབྱོར་པ་ཕུན་ཚོགས་ཤིང་། །རྒྱལ་བ་དགྱེས་པའི་རྣམ་ཐར་རྨད་
བྱུང་བས། །རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་དཔལ་ལྡན་སའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་སད་པར་རྒྱལ་བ་སྲས་དང་བཅས་པས་བསྔགས་འོས་མཆོག་གཅིག་ཏུ་གྲུབ་པ་གང་ཉིད། །ཐུབ་བསྟན་རིན་པོ་ཆེའི་སྒོར་ཞུགས་བའི་སྐལ་བཟང་གི་དགེ་མཚན་སྲིད་ན་ལམ་མེར་གསལ་བའི་རབ་ཚེས་དཀར་པོའི་ལོ་ཆུ་སྟོད་ཟླ་བའི་དཀར་ཕྱོགས། བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ལྔ་སྡེ་བཟང་པོའི་འཁོར་ལ་ཞི་བསིལ་ཆོས་ཀྱི་བདུད་རྩི་ཐོག་མར་སྩལ་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་སྔ་ཆར། ཐོག་མཐའ་བར་གསུམ་དུ་དགེ་བའི་ཕྱིར་བཀྲ་ཤིས་པའི་ལྷ་གོས་རབ་དཀར། བསླབ་པ་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་རྟེན་འབྲེལ་དུ་སྟོན་མཆོག་ཤཱཀྱའི་རྒྱལ་པོའི་སྣང་བརྙན་ལི་དམར་ལས་གྲུབ་པའི་བྱིན་ཅན། བཅས་མདོངས་གསོལ་དུ་ཕུལ་བ་དང་ཆབ་གཅིག་ལྷག་བསམ་རྣམ་པར་དག་པའི་ཆུ་གཏེར་ལས་བྱུང་བའི་ཤིས་བརྗོད་ཀྱི་མེ་ཏོག་དཀར་པོའི་ཆར་སིལ་མར་བསྙིལ་བ་འདིའང་། ཤཱཀྱའི་དགེ་སློང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་དང་མཆོག་གསུམ་རིན་པོ་ཆེའི་ཡེ་ཤེས་གཟིགས་པ་དམ་པས་བྱིན་གྱིས་བརླབ་ཏུ་གསོལ། །