༣༽ ཞར་བྱུང་འཕྲོས་དོན་གྱི་རྣམ་ཐར་གཞན་བཤད་པ།
གསུམ་པ་ཞར་བྱུང་འཕྲོས་དོན་གྱི་རྣམ་ཐར་གཞན་བཤད་པ་ནི། གངས་རིའི་ལྗོངས་འདིར་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་སྤེལ་བ་ལ་བཤད་སྒྲུབ་ཀྱི་ཕྲིན་ལས་ཟླ་དང་བྲལ་བ་ཀུན་གཟིགས་རོང་ཟོམ་མ་ཧཱ་པཎྜི་ཏ་དང་ཡུལ་མངའ་རིས་ཀྱི་པཎྜི་ཏ་ཆེན་པོ་པདྨ་དབང་རྒྱལ་རྣམ་གཉིས་ཀྱི་རྟོགས་པ་བརྗོད་པར་འདོད་དེ།
[༡] ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོ་ཀུན་མཁྱེན་རོང་ཟོམ་ཆོས་ཀྱི་བཟང་པོ་ནི།
སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་ཚེ་ཡི་རིག་འཛིན་བརྙེས་པས་དགུང་ལོ་སུམ་བརྒྱའི་བར་འགྲོ་བའི་དོན་མཛད་པ་རོང་བན་དཔལ་གྱི་རིན་པོ་ཆེའི་སྲས། རོང་བན་རིན་ཆེན་ཚུལ་ཁྲིམས་ཞེས་དགུང་ལོ་ཕྱེད་དང་སུམ་བརྒྱའི་བར་བཞུགས་པའི་གྲུབ་ཐོབ་དེ་ཉིད་ཀྱིས་རྒྱུའི་དུས་ཀྱི་མངོན་བྱང་ལྔའི་ཆོ་ག་བྱས་པ་ལས། ཕྱོགས་ཀྱི་གླང་པོའི་ཤེས་རབ། དབྱིག་གཉེན་ཞབས་ཀྱི་ཐོས་པ། ཙན་དྲ་གོ་མིའི་བརྗོད་པ། ཆོས་ཀྱི་གྲགས་པའི་བརྒལ་བརྟག །སློབ་དཔོན་དཔའ་བོའི་རྩོམ་པ་སྟེ་ཕུན་སུམ་ཚོགས་པ་ལྔའི་ངོ་བོར་བྱང་ཆུབ་པའི་སྐྱེ་བའི་མྱུ་གུ་གཙང་སྨད་རུ་ལག་གི་སའི་ཆ་སྣར་ལུང་རོང་དུ་སྐྱེ་སྲིད་བཟུང་། སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀིརྟི་དང་ཨ་ཙ་ཪྱ་ཕྲ་ལ་རིང་མོའི་སྐྱེ་བར་ཡང་ངོས་འཛིན། བྱིས་པའི་དུས་སུ་ཨ་ཙཪྱ་ཐམས་ཅད་ལ་དགྱེས་ཤིང་དེ་དག་དང་བརྡ་འཕྲོད་པས་ཝརྟའི་པུ་ཏི་ལ་བརྟགས་པ་ཙམ་གྱིས་མཁྱེན་པ་ལ་ཚེགས་མ་བྱུང་། སྐུ་གཞོན་ནུ་ནས་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེན་པོ་མངའ་བས་ཉང་སྨད་དུ་མགར་སྟོན་ཚུལ་ཁྲིམས་བཟང་པོ་ལས་གསན་སྦྱོང་མཛད། དེར་ཡབ་རྒྱགས་སྐྱེལ་དུ་བྱོན་པར་མཆེད་གྲོགས་དག་ན་རེ། ཁྱེད་ཀྱི་བུ་འདི་བློ་དྲེད། ཐོ་ཅོ་ཆེ་བས་ངེད་ཅག་ཀྱང་སུན་པར་བྱེད་ན་ད་རེས་ཕར་འཁྲིད་པ་ལེགས་ཟེར། ཡབ་ཀྱིས་སློབ་དཔོན་ལ་ཁོང་རྣམས་དེ་སྐད་གསུངས་པས་འཁྲིད་པར་བྱའམ་ཞུས་པར། མགར་སྟོན་ཆེན་པོས། དེ་སྐད་མ་ཟེར། ཆོས་ཐམས་ཅད་ཁོས་གོ་ནས་ཡོད་པ་ཡིན་གསུངས། ལོ་བཅུ་གཅིག་པ་ལ་མཚན་ཉིད་གསན། ཆོས་མཚམས་སུ་བྱིས་པའི་རྩེ་སར་ཡང་སློབ་དཔོན་གྱི་གསུངས་ཚད་ཤར་རེ་བཤད་ཤེས་པ་བྱུང་བས་ཐམས་ཅད་ངོ་མཚར་བར་གྱུར། ཆོས་ཁྲིད་ཐམས་ཅད་ཚར་རེ་གསན་པས་ཚིག་གཅིག་ཀྱང་མ་ནོར་བར་ཐུགས་སུ་ཆུད་པས་འཇམ་དཔལ་གྱི་སྤྲུལ་པར་གྲགས། དགུང་གྲངས་བཅུ་གསུམ་ལོན་པའི་དུས་ནས་ཀྱང་གསན་པ་རྫོགས་པ་དང་འདྲ་བར་ཐུགས་སུ་མ་ཆུད་པའི་ཆོས་ཤེས་བྱ་ལ་སྲིད་པར་མ་གྱུར་པས་ཐམས་ཅད་མཁྱེན་པའི་གནས་ལ་བདག་གིར་མཛད། ཉིད་ཀྱི་ཞལ་ནས་ཀྱང་། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་མ་ཐོས་པ་མེད་དོ། །ཐོས་པ་ཆེ་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ཚར་རེ་ལས་མ་ཐོས་སོ་གསུངས་སྐད། སྤྱིར་བླ་མ་མང་པོ་ལས་མདོ་སྔགས་སོ་སོའི་བརྒྱུད་པའི་ཆོས་བཀའ་གྲངས་མང་གསན་ཞིང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་སྐོར་ལས། སློབ་དཔོན་ཆེན་པོ་པདྨའི་གདམས་པ་རྣམས་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག ། དོམ་ཨ་ཙ་ར་དཔལ་གྱི་མེ་ཏོག །སྒྲ་རྡོ་རྗེ་གཞོན་ནུ། ཞང་ཞང་ཡོན་ཏན་གྲགས། རོང་བན་ཡོན་ཏན། རོང་བན་ཚུལ་ཁྲིམས་རིན་པོ་ཆེའི་བར་དུ་བརྒྱུད་ནས་དེ་ལས་ཉིད་ཀྱིས་གསན། བཻ་རོ་ཙ་ནའི་མན་ངག་རྣམས། བཻ་རོས་གཡུ་སྒྲ། དེས་བླ་ཆེན་དགོངས་པ་རབ་གསལ། དེས་གྲུམ་ཤིང་གླག་ཅན། དེས་གནུབས་དཔའ་བརྟན། དེས་ཟི་བོན་སྟོན། དེས་ཀུན་མཁྱེན་རོང་ཟོམ་ལ་བཤད་དེ་སེམས་སྡེའི་བརྒྱུད་པ་གཅིག་གོ། །ཡང་ཀློང་ཐང་སྒྲོལ་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ། དེ་ལ་རྒྱ་གར་བདུན་བརྒྱུད་དང་། རྒྱའི་སློབ་དཔོན་བདུན་བརྒྱུད་ཀྱི་གདམས་པ་མངའ་ཞིང་།
དེས་ཅོག་རོ་ཟངས་དཀར་མཛོད་ཁུར་དང་། ཡ་ཟི་བོན་སྟོན། དེས་རོང་པ་ཆོས་བཟང་ལ་གནང་བ་ལ་རྫོགས་ཆེན་ཁམས་ལུགས་སུ་གྲགས། ཡང་བཱི་མ་ལས་ཉང་ཏིང་འཛིན་བཟང་པོ་ལ་གསུངས་པ་དང་། བཱི་མ་ལས་རྨ་རིན་ཆེན་མཆོག་དང་། གཉགས་ཛྙཱ་ན་ཀུ་མཱ་ར་ལ་གསུངས་པའི་མན་ངག་ཀྱང་། གཉིས་ཀས་ཁུ་བྱང་ཆུབ་འོད། ཁྱུང་པོ་དབྱིག་འོད་ལ་བརྒྱུད་ནས་རིམ་གྱིས་རོང་ཟོམ་ལ་བཀའ་བབ་པས་གསང་སྔགས་སྔ་འགྱུར་གྱི་བསྟན་པའི་ཆུ་འགོ་གཅིག་ཅེས་ཡོངས་སུ་གྲགས། སྐྱེས་བུ་ཆེན་པོ་འདི་ནི་ཤེས་རབ་མྱུར་ལ་ཟབ་པ། ཆོས་ཀྱི་ཚིག་དོན་ལ་ཐོགས་རྡུག་མེད་པར་འཇུག་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བས་སྟོན་པ་དྲང་སྲོང་ཆེན་པོའི་གསུང་གི་གསང་བ་དང་རྗེས་སུ་མཐུན་པའི་བསྟན་བཅོས། དོན་བཟང་པོ། ཚིག་འབྲུ་བཟང་པོ། བརྗོད་པ་མ་འདྲེས་པ་ཤ་སྟག་འབྱུང་བ་སྟེ། སྐུ་གཞོན་ནུའི་ཚེ་མདོ་སྟོན་སེང་གེ་བྱ་བ་ལས་སྔ་འགྱུར་གསན་པའི་ཚེ་རེ་ཞིག་ན་མནལ་ལམ་དུ། གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམ་སྦྱོར་གྱིས་ཚོད་མ་བྱས་ནས་གསོལ་གྱིན་འདུག་པ་རྨིས། དེ་སློབ་དཔོན་ལ་ཞུས་པས། ཤིན་ཏུ་ངོ་མཚར་ཆེ། ཆོས་དེ་ཁོང་དུ་ཆུད་པའི་རྟགས་ཡིན། ཁྱེད་ཀྱིས་འགྲེལ་པ་རེ་གྱིས་གསུངས། བླ་མའི་དགོངས་པ་རྫོགས་པར་བྱ་བའི་ཕྱིར་བསླབ་པ་རིན་པོ་ཆེ་གསུམ་ལ་བརྟེན་པའི་མན་ངག་གསུམ་མཛད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་དོན་གྱི་ངེས་བརྗོད་དམ་ཚིག་མདོ་རྒྱས། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་སྟོན་པ་འགྲེལ་པ་ཚུལ་བཞི་ཡན་ལག་བཅོ་ལྔ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པ་རྫོགས་པ་ཆེན་པོའི་ལྟ་སྒོམ་མན་ངག་མཉམ་སྦྱོར་གྱི་འགྲེལ་པ། དེ་བཞིན་དུ་ངན་སོང་སྦྱོང་རྒྱུད། འཇིགས་བྱེད་ལ་སོགས་པའི་འགྲེལ་པ་དང་མན་ངག་མང་ངོ་། །དེ་དག་གི་ནང་ནས་ཀྱང་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་བསྟན་བཅོས་དང་གསང་སྙིང་དཀོན་ཅོག་འགྲེལ་ལ་སོགས་པ་གཞུང་གཏིང་ཟབ་ལ་གོ་དོན་སློང་ཆེ་བ་འགྲན་ཟླ་བྲལ་བ་མང་པོ་དང་། དེ་བཞིན་ཚད་མའི་རིག་བྱེད་ཀྱི་བསྟན་བཅོས་དང་། དོན་དུ་འགྱུར་པའི་ཚིགས་བཅད་དང་། སྙན་ངག་གི་བསྟན་བཅོས། སྨྲ་སྒོ་ལ་སོགས་པའི་འགྲེལ་པ་བསྟན་བཅོས་མང་དུ་མཛད་པ་ནས་ཐ་ན་འཇིག་རྟེན་པའི་ཞིང་ལས་དང་། ཕྱུགས་སྐྱོང་བ་དང་། དཀར་ཤེ་ཇི་ལྟར་སྒྲུབ་པ་ཚུན་ཆད་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་པས་གསུང་འབུམ་གླེགས་བམ་བརྒྱ་ཕྲག་ལོངས་པར་གྲགས་ཀྱང་ཕལ་མོ་ཆེ་སྔར་གྱི་དུས་ནས་འཐོར་བརླག་ཏུ་ཕྱིན་པས་མི་བཞུགས་པར་གྱུར། ཕྱི་མའི་དུས་སུ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་སྐུ་ཚེགས་ཆེན་པོས་དབུས་གཙང་གི་ཡུལ་རིས་ཀུན་ནས་འཚོལ་སྡུད་མཛད་ཀྱང་གླེགས་བམ་སྐུ་གསུམ་གྱི་གྲངས་ལྡན་ལས་མ་རྙེད། དེ་ཉིད་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེས་ཞུས་དག་མཛད་དེ་སྐུ་ཞབས་གཉིས་པ་ཐུབ་དབང་བསྟན་པའི་ཉི་མས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ཤིང་པར་དུ་བསྐྲུན་པའི་བཀའ་དྲིན་ལས་དེང་དུས་དཔེ་རྒྱུན་ཕྱོགས་ཀུན་ཁྱབ་པ་འདི་བྱུང་ངོ་། །བསྟན་བཅོས་རྩོམ་པ་ན་གླེགས་བམ་བསྡུ་ཞིང་གཟིགས་པ་སོགས་རྟོག་དཔྱོད་ཀྱི་སྒྲོ་འདོགས་མི་དགོས་ཤིང་མཁས་པར་གྲགས་པ་གང་གིས་ཀྱང་རྩོད་པའི་གནས་སྐབས་དང་བྲལ། རྗེ་འདིས་མཛད་པའི་གསང་སྔགས་ཀྱི་མན་ངག་རྣམས་ལ་ལུང་མ་ཐོབ་ཀྱང་ཡི་གེ་ལས་བྱུང་བ་བཞིན་ཁ་ཏོན་དུ་བྱས་པས་ཀྱང་བྱིན་རླབས་མ་བྱུང་བ་མེད་ཅེས་གྲགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བདག་ཉིད་ཆེན་པོ་འདི་མཇལ་པའི་ཚེ། ཞལ་ནས་རྒྱ་གར་གྱི་ཨ་ཙཪྱ་ནག་པོ་སྤྱོད་པ་དེ་ཉིད་ཚེ་འཕོས་པ་འདི་ཁོ་ན་ཡིན་ཏེ། ཁོ་བོས་འདི་དང་ཆོས་གཏམ་བྱ་བ་ག་ལ་ཐུབ་ཅེས་བསྔགས་བརྗོད་མཛད། སྤྱིར་གཏམ་དུའང་། འདུལ་བ་ཚུར་སྟོན་དབྱིག་གི་མཁས། །ཆོག་སྒྲིག་བཟངས་ཀྱི་ཡེ་གྲགས་མཁས། །སྒྲ་དང་ཚད་མ་རོང་པ་མཁས། །ཐམས་ཅད་འཛོམས་པ་ཆོས་གྲགས་རང་། །ཟེར་སྐད། དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་ཐམས་ཅད་ཀྱིས་དང་པོར་རྩོད་པའི་བྱ་བ་ལ་ལྷགས་པ་སྟེ། ཡང་ཁྱེད་བླ་མ་དང་། མར་པ་དོ་པ། འུ་ཡུག་པ་མདའ་སྟོན། མདོའི་ཁྱུང་པོ་ཧཱུྃ་སྙིང་། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། སྤང་ཀ་དར་ཆུང་དང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ལ་སོགས་པའི་མཁས་པ་ཐམས་ཅད་ཀྱིས་བོད་དུ་སྐྱེས་པའི་གང་ཟག་ཞིག་གིས་བསྟན་བཅོས་འདི་ཙམ་རྩོམ་པ་ཞེས་དཔྱས་གདགས་སུན་འབྱིན་བསམ་ཏེ་སྐྱེས་བུ་ཆེན་པོ་དེའི་གམ་དུ་སོང་བ་ན། ལུང་གི་འཐད་པ་དང་། རིགས་པས་དཔྱད་བཟོད་པ་དང་། གཏན་ཚིགས་དང་བླ་མས་ཉེ་བར་བསྟན་པ་དང་མི་འགལ་ཞིང་། སྒྲ་སྐྱོན་དང་། དོན་སྐྱོན་ལ་སོགས་འགལ་ཟླའི་ཕྱོགས་ཐམས་ཅད་རྣམ་པར་སྤངས་པའི་མཁྱེན་རབ་ཀྱི་སྤོབས་པས་ཚར་བཅད་དེ་བསྟན་བཅོས་རེ་མཐོང་ཞིང་དེའི་དོན་ལ་རོ་མྱངས་པས་ཐམས་ཅད་ངོ་མཚར་སྐྱེས་ནས་བསྟི་སྟངས་དང་བླ་མར་མཛད་པ་ཤ་སྟག་ཡིན་ཞེས་གྲགས། དེ་བཞིན་གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཐོས་པ་མང་བའི་ཚད་འཛིན་པ་དེ་ཉིད་ཀྱིས་ཀྱང་དང་པོར་དཔྱས་གདགས། བར་དུ་བླ་མ་རོང་པས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་པོ་ཏི་གཟིགས་པས་གུས་པ་ཆེན་པོ་སྐྱེས། ཐ་མར་ཟང་ཟིང་མང་པོས་བསྙེན་བཀུར་ཏེ་རྗེས་སུ་གཟུང་བར་གསོལ་བ་བཏབ། འཇམ་དཔལ་གསང་བའི་རྒྱུད་ལ་སོགས་པའི་ཆོས་མང་དུ་གསན། གསང་རྒྱུད་ཀྱི་སྐབས་ན་པཎྜི་ཏ་ཆེན་པོའི་ཞལ་ནས། འོ་སྐོལ་ལ་རྒྱ་དཔེ་ཡོད་པར་གྱུར་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ལོ་ཙཱ་བས་དེ་བློ་ལ་བཟུང་པ་ཕྱིས་སུ་ཇོ་བོ་ཀྲྀཥྞ་ཞེས་བྱ་བའི་པཎྜི་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལ་མཉན་པས། རོང་པ་པཎྜི་ཏའི་གསུང་བཞིན་བྱུང་ནས་ཤིན་ཏུ་མོས་པ་ཐོབ་པར་གྱུར་ཏེ། ཀྲྀཥྞ་པ་ལས་བྱུང་བའི་རྒྱ་དཔེ་གཅིག་རོང་པ་ཉིད་ལ་ཕུལ་ནས་སླར་ཡང་གསན་སྐད། དེ་བཞིན་དུ་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་ཀྱང་ཞབས་ལ་བཏུད། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་ལྦརྨ་དང་། མཉྫུཤྲི་ཛྙཱ་ན་དང་། ཨུ་པ་ཡ་ཤྲཱི་མི་ཏྲ་དང་། བུདྡྷ་ཨཱ་ཀ་ར་བྷ་དྲ་དང་། དེ་བཱ་གར་ཙནྟྲ་དང་། པར་མེ་ཤྭ་དང་། ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོ་བསྟེན་ཅིང་དེ་དག་གི་ལོ་ཙཱ་བ་མཛད་དེ། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་དགྲ་ནག་གི་རྒྱུད་དང་། འཇམ་དཔལ་གསང་ལྡན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་གསར་འགྱུར་གྱི་དཔེར་གླེང་། རྒྱ་གར་གྱི་པཎྜི་ཏ་ཀུན་ན་རེ། དྷརྨ་བྷ་དྲ་ཁྱོད་ཆོས་མང་པོ་རྩོམས་ལ་འགྲོ་བ་རྣམས་སྐྱོབས་རིགས། ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་རྩོམ་པ་ཡིན་ན་ཁྱོད་ཅིའི་ཕྱིར་མི་རྩོམ་ཞེས་གསུངས་སྐད། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་གཅོམ་བསྐྱུངས་ཤིང་ཁེངས་པ་སྙིལ་བ་ལྷུར་མཛད་དོ། །གྲུབ་པའི་རྣམ་ཐར་ལ་གཞལ་ན། བྲག་ཆེན་མེ་ལོང་ལྟ་བུའི་ངོས་ལའང་རྫུ་འཕྲུལ་གྱི་སྤྱོད་པས་གཤེགས་པ་དང་། བྲག་ལ་ཕུར་པ་འདེབས་པ་དང་། ནམ་མཁའ་ལ་འཕུར་བ་དང་། བོད་ཀྱི་ལྷ་འདྲེ་ཕལ་མོ་ཆེའི་གནས་དང་སྤྱོད་པ་ཐུགས་སུ་ཆུད་པའི་མངོན་པར་མཁྱེན་པ་མངའ་བ་སོགས་མང་། དེ་ལྟར་སྤྲུལ་པའི་སྐུར་རྩོད་པ་མེད་པའི་པཎྜི་ཏ་ཆེན་པོ་དེ་ལ་དུས་སྐབས་དེ་ཙམ་ན་བྱོན་པའི་མཁས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་ཅིང་སྤྱི་བོས་བཏུད་པར་གྱུར་ཅིང་དགུང་ལོ་བརྒྱ་དང་བཅུ་དགུ་བཞུགས་ཏེ་སྐུ་ལ་སྙུན་མེད་པའི་ངང་ནས་གཤེགས་པར་གྲགས། བོད་གངས་ཅན་གྱི་ལྗོངས་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ཞེས་འགོས་ལོ་ཆེན་པོས་ཀྱང་བསྔགས་ཤིང་ཡོངས་སུ་གྲགས་སོ། །རྒྱུད་འཛིན་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས། དང་པོ་ནི། སྲས་གཟི་བརྗིད་འབར་དང་། འབུམ་འབར་གཉིས་ལས་སྲས་བརྒྱུད་ཡུན་རིང་པོའི་བར་བྱུང་བ་ཀུན་ཀྱང་རྡོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་པ་ཤ་སྟག་ཡིན། སློབ་བརྒྱུད་ནི། གོ་རུབ་ལོ་ཙཱ་བ་དང་། མར་པ་དོ་པ། འགོས་ལ་སོགས་པའི་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་སོགས་ཏེ་གྲུབ་ཐོབ་ཆེན་པོ་སུམ་ཅུ་རྩ་ལྔ། མ་གཅིག་ཞ་མའི་མིང་པོ་རྗེ་འཁུར་པུ་པ་ལ་སོགས་སྒོམ་ཆེན་རྣལ་འབྱོར་གྱི་དབང་པོ་བརྒྱ་དང་བརྒྱད་ཅུ། ཡོལ་ལྕགས་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེད་བླ་མ་སོགས་གདུགས་ཐོགས་པ་ལྔ་བརྒྱ་བྱུང་བ་བཅས་ཀྱིས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་བླ་ནས་བླར་འདེགས་པའི་མཛད་པ་བསྐྱངས་སོ། །
[༢] མཁས་དང་གྲུབ་པའི་དབང་ཕྱུག་ཡུལ་མངའ་རིས་ཀྱི་པཎྜི་ཏ་ཆེན་པོ་པདྨ་དབང་རྒྱལ་རྡོ་རྗེ་ནི།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་སྤྲུལ་རྒྱལ་སྲས་ལྷ་རྗེའི་སྐྱེ་བ་དགུ་པ་སྟེ། ཡབ་མར་པ་ལོ་ཙཱའི་སྐྱེ་བ་ལྷ་རིགས་གྲུབ་པའི་དབང་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞེས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོའི་ཞབས་ལ་གཏུགས་ཤིང་བཀའ་གཏེར་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་གྱུར་པ་དེ་དང་། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་གྱི་སྲས་སུ་རབ་བྱུང་བརྒྱད་པའི་མེ་མོ་ལུག་གི་ལོ་སྟེ་སྤྱི་ལོ་༡༤༨༦པར་ཡུལ་མངའ་རིས་གློ་བོ་མ་ཐང་གི་སའི་ཆར་སྐུ་བལྟམས། ཡབ་རྗེ་མཆོག་ནས་མཚན་པདྨ་དབང་རྒྱལ་དུ་བཏགས་ཤིང་དགུང་ལོ་བརྒྱད་པ་ལ་རྟེན་དགེ་བསྙེན་དུ་མཛད། ཡབ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པས་རྒྱུད་སྦྱངས་པ་ནས། འཇམ་དཔལ་མཚན་བརྗོད། སྒྱུ་འཕྲུལ་ཞི་ཁྲོ། ཡང་དག་མེ་དགུ། སེམས་ཕྱོགས་ལ་སོགས་གསན་པ་རྒྱ་ཆེན་མཛད། བཅུ་གཅིག་པར་རྩ་རྒྱུད་གསང་སྙིང་། སློབ་དཔོན་སྒེག་པའི་རྡོ་རྗེའི་འགྲེལ་པ། གཡུང་ཊིཀ་ཁ་དམར་ཅན། སུམ་སྟོན་གྱི་ཊི་ཀ་ལ་སོགས་པ་ཕལ་ཆེར་ཟླ་བ་བདུན་གྱིས་ཁོང་དུ་ཆུད་པ་བྱུང་། ཁྱད་པར་དུ་མདོ་དབང་དང་། ཕུར་པ། སྒྲུབ་ཆེན་བཀའ་བརྒྱད་བཅས་ལ་ནན་ཏན་ཆེན་པོ་མཛད། དགོངས་འདུས་ལ་སོགས་པའི་མདོའི་གནས་ཀྱང་བྱང་བར་བྱས། བཅུ་གཉིས་པའི་ཚེ་མཁས་པ་མང་པོའི་དབུས་སུ་གཞུང་བསྒྱུར་གྱི་བཤད་པ་མཛད་པས་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས། བླ་མ་གསང་བ་འདུས་པ་དང་། སྒྱུ་འཕྲུལ་ཞི་ཁྲོ། རྟ་མགྲིན་ལ་སོགས་པའི་བསྙེན་སྒྲུབ་མཐར་ཕྱིན། གྲུབ་པའི་རྟགས་མཚན་གྱི་ཐོག་མར་ཤྭ་ལོག་ཆེན་པོ་ཞིག་བྱུང་བ་ལ་ཕུར་པ་གདེངས་པ་ཙམ་གྱིས་ནམ་མཁའ་ཐོག་སོ་བདུན་ཙམ་གྱི་སར་འཁྱིལ་ཞིང་བཟློག །དེ་བཞིན་དུ་གཏོར་ཆེན་འཕངས་པའི་ཚེ་ས་སྟེང་ནས་ཁྲུ་གང་ཙམ་འཕགས་པ་བྱུང་། གྲུབ་པ་བརྙེས་པའི་རྣམ་ཐར་གཞན་ཡང་རྗེ་ཉིད་ཀྱི་གསུང་ལས། བྲག་དམར་གྱི་མཚོ་ལ་རོ་སྙོམས་བྱས། །སྨིན་ནག་ཆུ་ལ་རྡོག་པས་བརྫིས། །ལྷ་ལུང་གི་བྲག་ལ་བྱ་ལྟར་ལྡིང་། །བ་གམ་ཅན་བྲག་ལ་བྱི་ལྟར་འཛུལ། །མགོ་བོ་ཅན་བྲག་གི་ལོགས་ལ་རྒྱུགས། །གྲོགས་ཤེར་སེང་དང་ཤེར་དཔལ་རྒྱལ་བཟང་གསུམ། །བྱང་རྒྱལ་དང་བླ་མ་རིན་སེང་བ། །སྐྱེས་ཕོ་མོ་འགས་གྲུབ་ཐོབ་གྲུབ་ཐོབ་ཟེར། །དེར་གྲུབ་ཐོབ་ཀྱི་གོ་བ་ང་མི་ལེན། །ཆོས་ཉམས་བླངས་ཀྱི་ཉམས་སྣང་ཐོབ་ཙམ་ཡིན། །དོན་འཕོ་འགྱུར་བྲལ་བ་མ་རྟོགས་ན། །ལུས་སྒྱུ་མའི་ཆོ་འཕྲུལ་བྱ་བྱིས་སྟོན། །ཞེས་པའི་གསུང་བྱོན། དགུང་ལོ་བཅུ་བཞི་ནས་བཀའ་བརྒྱད་དང་མ་གཤིན་ལ་སོགས་པའི་སྒྲུབ་ཕྲིན་མང་དུ་བསླབས་ཤིང་བཟླས་སྒོམ་ཚད་མེད་མཛད། དེ་ནས་ལོ་བདུན་གྱི་བར་དུ་གཅོད་ཡུལ་དང་རོ་སྙོམས་མཛད། བྱེ་མ་དང་། ཆུ་རྡེལ། མེ་ཏོག་ལ་སོགས་པའི་བཅུད་ལེན་ཁོ་ནས་དཀའ་སྤྱད་ཡུན་རིང་མཛད། ཐེམ་སྤངས་ཀྱི་དམ་བཅའ་ལོ་གསུམ་དང་ངག་བཅད་ཀྱི་དམ་བཅའ་ལོ་གསུམ་སོགས་སུ་བཞུགས། ཤ་ཁྲག་གི་ཟས་ལ་ཤིན་ཏུ་སྡང་ཞིང་། སྨྱུང་གནས་དང་། གསོ་སྦྱོང་མང་དུ་མཛད་པས་སྤྱན་རས་གཟིགས་ཀྱིས་ཞལ་ལན་བདུན་དུ་གཟིགས། ལོ་གཅིག་ལ་བླ་མ་གསང་འདུས་ཀྱི་གདམས་ངག་ལ་ནན་ཏན་མཛད། བཅུ་བདུན་གྱི་ལོ་ལ་ཐུགས་ལ་དམ་བཅའ་བརྒྱད་མཛད་པ་སྟེ་། དགེ་འདུན་ལ་མཐོང་ཕྱག་བྱེད་པ་དང་། ཕ་ཡུལ་དུ་ཞག་བདུན་ལས་མི་བཞུགས་པ། དབེན་པ་འབའ་ཞིག་ལ་བློ་གཏད་པ་དང་། རྒྱལ་པོའི་སྒོ་ཁང་ལན་གསུམ་ལས་མི་འགྲིམ་པ་དང་། ཚོང་ཁེ་དང་གྲལ་འགོ་མི་འཛིན་པ། རོ་ཆོག་གི་དབུ་གཙོ་མི་བྱེད་པ་དང་། འཚོ་བ་བསོད་སྙོམས་ལ་བརྟེན་པ་དང་། སྒྲུབ་པ་དང་ཐོས་བསམ་འབའ་ཞིག་བྱེད་པ་རྣམས་སོ། །སློབ་དཔོན་ནོར་བསྟན་བཟང་པོ་ཡང་ཡང་དུ་བསྙེན་ནས་འདུལ་བ་དང་། མདོ་སྡེའི་སྐོར་དང་། ཇོ་བོ་བཀའ་གདམས། ནཱ་རོ་མཁའ་སྤྱོད་མ་བཅས་སྙན་བརྒྱུད་བསམ་མི་ཁྱབ་པ་ཞུས། སྐྱིད་གྲོང་དུ་འཕགས་པ་ཝ་ཏི་མཇལ་བས་གསུང་བྱོན། སྐུ་ཚེ་སྔ་མའི་སྔོན་གནས་མང་པོ་རྗེས་སུ་དྲན། དགུང་ལོ་བཅུ་དགུ་པར་ཕ་ཡུལ་དུ་ཡིག་དྲུག་གིས་འགྲོ་དོན་མཛད། ཉི་ཤུ་ལ་བྱམས་ཆོས་ལྔ། ཕར་ཕྱིན། ཚད་མ། དབུ་མ་རྩ་ཤེར། བཞི་བརྒྱ་པ་དང་། བསླབ་བཏུས། སྤྱོད་འཇུག་སོགས་གཞུང་ལུགས་ཆེན་པོ་བརྒྱ་ཕྲག་གཅིག་ཁོང་དུ་ཆུད་པས་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས། ཉེར་གཅིག་པ་ལ་འཇམ་དབྱངས་ཆོས་སྐྱོང་དང་སྡོམ་བརྩོན་ཚུལ་ཁྲིམས་དཔལ་ལས་གཤེད་དམར་ལ་སོགས་པའི་དབང་སྒྲུབ་གདམས་པ་གསན་ཞིང་བསྒྲུབས་པས་ཞག་བདུན་ན་གཤེད་དམར་དངོས་སུ་མཐོང་། ཉི་ཤུ་རྩ་གཉིས་པར་ཡབ་ཀྱི་དྲུང་དུ་སྔ་འགྱུར་བཀའ་གཏེར་ལ་ཞུན་ཐར་ལེགས་པར་བཅད་ནས་བཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པས་བདུད་རྩི་ཁོལ་ཞིང་མར་མེ་ཆུང་ངུ་ཞིག་གིས་ཞག་གསུམ་ཐུབ་པར་གྲགས། དེའི་ཚེ་ཡབ་ཀྱི་གཟིགས་སྣང་ཉིད་ཀྱི་ཚིགས་སུ་བཅད་པ་ལས། བུ་ཁྱོད་ཚེ་ལ་བར་ཆད་མ་བྱུང་ན། །འཇིག་རྟེན་འདིར་ནི་ཆོས་ཀྱི་འཁོར་ལོས་སྒྱུར། །མདང་སུམ་དཀྱིལ་འཁོར་མཐའ་ལ་ཀུན་བསྐོར་ནས། །བླ་མ་ཟུར་ཆེན་རྔོག་སྟོན་ཆེན་པོ་དང་། །རྗེ་བཙུན་གྲགས་པ་འཕགས་པ་རིན་པོ་ཆེ། །ནམ་མཁའི་སྙིང་པོ་བསོད་ནམས་བླ་མ་དང་། །འགྲོ་མགོན་ཉང་རལ་རས་ཆུང་རྡོར་གྲགས་དང་། །རྒྱལ་སྲས་དབང་ཆེན་གློ་བོ་ཡབ་སྲས་དང་། །ཆག་ལོ་ཆོས་དཔལ་ཁྲོ་ཕུ་ལོ་ཙཱ་དང་། །ནག་ཚོ་ལོ་ཙཱ་ཀུན་མཁྱེན་མུས་སྲང་པ། །མཁས་གྲུབ་བསོད་བཟང་གྲུབ་ཆེན་དམར་ཞབས་དང་། །དམ་པ་སངས་རྒྱས་བཻ་རོ་བཱི་མ་ལ། །ཨོ་རྒྱན་ཡབ་ཡུམ་རྒྱལ་པོ་ཁྲི་སྲོང་དང་། །མ་གཅིག་ལབ་སྒྲོན་ཞང་ལོ་རས་ཆེན་པ། །ཁམས་པ་སྒ་ལོ་རྒྱ་གར་པཎ་ཆེན་རྣམས། །གཅིག་ལ་གཅིག་ལྟ་འཛུམ་ཞིང་བཞད་པ་ལ། །ཀུན་ཀྱང་ང་ནི་པདྨ་དབང་རྒྱལ་ཡིན། །སྨྲ་ཞིང་ཐམས་ཅད་ཁྱོད་ལ་ཐིམ་ནས་སོང་། །ཞེས་གསུངས། ཉེར་གསུམ་པ་ལ་གློ་བོ་ལོ་ཙཱ་བ་ལས་ལམ་འབྲས་ཚོགས་བཤད་དང་སློབ་བཤད་གཉིས་ཞིབ་གསན་མཛད། ཉེར་ལྔའི་དུས་བསམ་འགྲུབ་གླིང་དུ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཁན་པོ་དང་། ཆོས་རྗེ་དཀོན་མཆོག་སྐྱབས་ཀྱིས་ལས་སློབ་སོགས་དད་པའི་དགེ་སློང་ཉི་ཤུ་རྩ་ལྔ་དང་བཅས་པའི་དབུས་སུ་ཚིགས་གསུམ་གྱིས་བསྙེན་པར་རྫོགས་པའི་དངོས་པོར་བསྒྲུབས། ཉེར་དྲུག་པ་ལ་ཤེལ་གྱི་རི་བོ་འབྲུག་སྒྲ་ལ་སོགས་པའི་དབེན་གནས་སུ་ཆོས་གོས་གསུམ་དང་། གླེགས་བམ། མཁར་གསིལ། ལྷུང་བཟེད་ལས་གཞན་པའི་ཡོ་བྱད་ཐམས་ཅད་སྤངས་ཏེ་སྒོ་གཅིག་པའི་བརྟུལ་ཞུགས་བཟུང་ནས་དམ་པའི་ཆོས་འདུལ་བའི་ལག་ལེན་ཚུལ་བཞིན་བསྟར་བས་དུས་དེར་འདུལ་བ་འཛིན་པ་ཐམས་ཅད་ཀྱི་ཁྱུ་མཆོག་ཏུ་གྱུར། སླར་ལྗོངས་རྒྱུ་བའི་བརྟུལ་ཞུགས་ཀྱིས་མངའ་རིས་ཀྱི་གནས་རྟེན་རྣམས་ཀྱང་མཇལ་བཞིན་གློ་བོ་མཁན་ཆེན་གྱི་དྲུང་དུ་ཕེབས། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་དགྲ་གདོང་། འཇིགས་བྱེད། གཤེད་དམར། གསང་བ་འདུས་པ་ལ་སོགས་པ་མང་དུ་གསན། མཁན་པོ་དེ་དང་། གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང་། འཇམ་དབྱངས་བློ་གྲོས་དཔལ་མགོན་རྣམས་ལས་བརྟག་གཉིས་ཀྱི་བཤད་པ་དང་གསང་སྔགས་ཀྱི་དབང་དང་མན་ངག་མང་དུ་གསན། སྤུ་ཧྲང་དང་། ཏི་སེ་དང་། ཁོ་ཆར་ལ་སོགས་པའི་གནས་རྟེན་བསྐོར་ནས་སླར་གློ་བོར་བྱོན་གཏེར་སྟོན་ཤཱཀྱ་བཟང་པོ་ལས་བྱང་གཏེར་མང་དུ་གསན་པས་མཚོན། གསང་སྔགས་གསར་རྙིང་གི་དབང་རྒྱུད་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་འབད་པས་གསན་ཅིང་བསྙེན་སྒྲུབ་མཛད། བྱ་བཏང་སྒོ་གཅིག་པའི་བརྟུལ་ཞུགས་ཀྱིས་བལ་ཡུལ་འཕགས་པ་ཤིང་ཀུན་དང་། བྱ་རུང་ཁ་ཤོར། བལ་པོ་ཕམ་མཐིང་། ཡང་ལེ་ཤོད་ལ་སོགས་པའི་གནས་ཆེན་ཐམས་ཅད་དུ་གཤེགས་ཤིང་བལ་བོད་ཀྱི་བླ་མ་མང་པོ་བསྟེན་ནས། གནས་འབྲེལ་དང་ཐུགས་དམ་མཛད་པས་དག་པའི་སྣང་བ་མཐའ་ཡས་པ་ཤར་ཞིང་ཡི་དམ་དང་ཆོས་སྐྱོང་མང་པོས་ཞལ་གཟིགས། མཁའ་འགྲོ་མས་སློབ་དཔོན་ཨ་བྷྱ་ཀ་རའི་སྐྱེ་བར་ལུང་བསྟན། ལོ་ཆེན་དཀོན་མཆོག་སྐྱབས་ཀྱིས་རྡོ་རྗེ་ཕྲེང་བའི་དབང་ལ་དོགས་ཆ་མཛད་པས། མཚན་ལམ་ན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གཙོ་བོ་པཎ་ཆེན་པདྨ་དབང་རྒྱལ་གྱིས་མཛད་ཅིང་འདུག་པའི་སྒོ་དྲུང་ནས་མཁའ་འགྲོ་མས་ཁོང་བཀག་ནས་མ་བཏང་བས་སླར་འགྱོད་དེ་གནང་། ཞར་ལ་ལམ་འབྲས་གསར་མའང་ཐོབ། དགུང་ལོ་སོ་བརྒྱད་པ་ནས་གསར་རྙིང་རིས་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་དབུས་གཙང་ཕྱོགས་ཀྱི་གསར་རྙིང་གི་ཆོས་རྒྱུན་ཉམས་པ་དག་གསོ་བའི་ཐུགས་བསྐྱེད། ཡབ་དང་གློ་བོའི་སྡེ་བདག་ཀུན་ལ་གནང་བ་ཞུས་ནས་གཅུང་ལེགས་ལྡན་དང་ལྷན་གཅིག་ཏུ་ཟང་ཟང་ལྷ་བྲག་སོགས་བརྒྱུད་ནས་རིམ་བཞིན་དབུས་སུ་བྱོན། ལྷ་སའི་གཙུག་ལག་ཁང་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་རྟེན་བརྟེན་པ་རྣམས་མཇལ། རྔོག་ཆོས་དང་ཞི་བྱེད་ལ་ཐུགས་འདུན་དྲག་པོ་ཡོད་པས་རྗེ་བཙུན་སྒྲོལ་མ་དང་དཔལ་ལྷའི་སྤྲུལ་པས་སྐོར་ལམ་ནས་ལུང་བསྟན་ཐོབ། གཞུང་སྤྲེ་ཞིང་དུ་རྔོག་བསོད་ནམས་བསྟན་འཛིན་ལས་རྔོག་དཀྱིལ་དང་། གྲྭ་ཐང་དུ་ཞཱ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལས་གཤེད་དམར་སྐོར་སོགས་གསན། བསམ་ཡས་སུ་བྱོན་པས་སྔོན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བག་ཆགས་དུ་མ་སད་ཅིང་བར་ཁང་དུ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་བཞེངས་ནས་སྒྲུབ་མཆོད་དང་སྨོན་ལམ་མཛད། ལྷོ་བྲག་གུ་རུ་བ་དང་། ཀཿཐོག་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་བཤེས་གཉེན་མང་དག་དང་ཆོས་སྐྱེས་འབུལ་རེས་མཛད། ཕྲེང་པོ་ཨོ་རྒྱན་ཆོས་རྫོང་དུ་ཀོང་ཆེན་ནམ་མཁའ་དཔལ་ལྡན་ལས་བླ་མ་དགོངས་འདུས་གསན། སྒྲགས་ཀྱི་ཡང་རྫོང་དང་མཆིམས་ཕུར་ཐུགས་དམ་མཛད་པས་རྩ་བ་གསུམ་གྱི་ལྷ་ཚོགས་མང་པོས་ཞལ་གཟིགས། ཆོས་དབང་གི་གདུང་རབས་བརྒྱད་པས་ལྷོ་བྲག་ཏུ་སྤྱན་དྲངས་ཤིང་རིམ་པར་མཁར་ཆུ་དང་། བསམ་གྲུབ་བདེ་ཆེན། ལྷ་བྲོ་དང་། སྨྲ་བོ་ཅོག །གྲོ་བོ་ལུང་ལ་སོགས་པར་བྱོན། མངའ་བདག་ཉང་ལ་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་བཞིན། པཎ་ཆེན་འདིས་ཆོས་བརྒྱུད་ཉམས་པ་གསོ་བར་གསུངས་པའི་དུས་ལ་བབ་པ་དགོངས་ཏེ་རང་ལུགས་ཀྱི་བཤད་ཁྲིད་རྒྱ་ཆེན་པོ་མཛད། སྡིག་ཅན་འགའ་ཞིག་ལ་གནས་སྤོར་མཛད་པས་འཇའ་འོད་ཀྱིས་བར་སྣང་བཀང་། ཞྭ་སྟོད་དང་བཙན་གྲོ་སོགས་སུ་སྒྲུབ་ཆེན་བདེ་གཤེགས་འདུས་པའི་སྨན་སྒྲུབ་དང་སྐྱེ་བདུན་གྱིས་འགྲོ་དོན་མཛད། སྔོན་གྱི་སྨོན་ལམ་ལས་བདེ་གཤེགས་འདུས་པ་ལ་དོན་གཉེར་ཆེན་པོ་དང་ལྡན་པས་རང་གི་ཡབ་རྗེ་སོགས་ལས་བཀའ་བརྒྱད་བདེ་འདུས་ཚར་ཉི་ཤུ་རྩ་ལྔ་གསན། ཁྱད་པར་ལྷོ་བྲག་དགོན་དཀར་དུ་རི་བྲག་ལ་ཐོགས་པ་མེད་པར་གཤེགས་ནུས་པའི་རྗེ་རིགས་ནམ་མཁའི་རྣལ་འབྱོར་ལས་ཀྱང་གསན་པས། ཕྱི་མ་འདི་ཁུངས་བཙུན་ཞིང་ཡིད་རྟོན་པར་ནུས་པ་ཡིན་ཞེས་ཉིད་ཀྱིས་གསན་ཡིག་ཏུའང་བསྔགས་པ་ཆེན་པོ་མཛད་དེ་དགོངས་པ་མཐར་ཐུག་རྫོགས་པའི་གསུང་བྱོན། དེ་ནས་ཟབ་གཏེར་གྱིས་འགྲོ་དོན་སྐྱོང་ཚུལ་ཡང་དགུང་ལོ་ཞེ་དྲུག་པར་བསམ་ཡས་སྟེང་ཁང་ནས་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་གསང་སྒྲོམ་ནས་བཀའ་འདུས་ཕྱི་མ་རིག་འཛིན་ཡོངས་འདུས་ཀྱི་ཆོས་སྐོར་གསོལ་འདེབས་ལེའུ་བདུན་མའི་སྒྲུབ་ཐབས་གཏེར་ནས་བཞེས་ཤིང་ཕལ་ཆེར་གཏན་ལ་ཕབས་པ་ད་ལྟའང་དར་རྒྱས་ཆེ། གཅུང་རིག་འཛིན་ལེགས་ལྡན་རྡོ་རྗེས་མཚམས་སྦྱར་ནས་འབྲི་གུང་པ་རིན་ཆེན་ཕུན་ཚོགས་གདན་དྲངས་ཏེ་དཔོན་སློབ་གསུམ་ཀས་བསམ་ཡས་རབ་གནས་མཛད་པས་བོད་ཁམས་ཡུན་དུ་བདེ་བའི་རྟེན་འབྲེལ་བསྒྲིགས། འདི་ནས་བཟུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱང་ཐུགས་སྲས་ཀྱི་དམ་པར་གྱུར་པས་རྒྱལ་དབང་པདྨའི་རིང་ལུགས་ལ་ཕྲིན་ལས་རྒྱ་ཆེན་པོའི་འགྲོ་དོན་བྱུང་། རྗེ་འདིའི་ཞལ་སྔ་ནས་མཛད་པའི་ཚིག་ཉུང་ལ་དོན་འདུས་པའི་བསྟན་བཅོས་སྡོམ་གསུམ་རྣམ་ངེས་གཅིག་པུ་སྔ་འགྱུར་པ་རྣམས་ཀྱི་མགྲིན་པའི་རྒྱན་དུ་གྱུར་པས་མཚོན་བསྟན་པ་ལ་བཀའ་དྲིན་ཀྱང་བསམ་གྱིས་མི་ཁྱབ། མདོར་ན་རྗེ་འདི་མཁས་བཙུན་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པས་གངས་རིའི་ལྗོངས་ན་ཕུལ་དུ་བྱུང་བའི་སྐྱེས་བུ་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་གསལ་བའི་ཤིང་རྟ་ཆེན་པོ་སྟེ། རིག་འཛིན་འཇིགས་མེད་གླིང་པའི་ཞལ་སྔ་ནས། སྤྱིར་སྐྱེས་བུ་འདི་ཉིད་ནི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ། མདོ་སྔགས་གསར་རྙིང་རིས་མེད་པའི་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། བཞོན་པ་དང་འཇོལ་བེར་ལ་སོགས་པའི་ཆོས་བརྒྱད་ཡོངས་སུ་སྤངས་པས་ཤཱཀྱ་ཐུབ་པའི་རྗེས་ཞུགས་བསོད་སྙོམས་པ་ཆེན་པོ། ཞེན་ལོག་དང་དཀའ་སྤྱད་ཁུར་དུ་བཟོད་པས་བྱ་བཏང་རྣལ་འབྱོར་གྱི་དབང་པོ་ཆེན་པོ། རིག་པ་དང་གྲོལ་བའི་སྤོབས་པ་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཞེས་ཆེད་དུ་བརྗོད་པའི་གསུང་གིས་ཡང་ཡང་བསྔགས་པ་མཛད་དོ། །དེ་ལྟར་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་པའི་མཐར་དགུང་གྲངས་ང་དྲུག་པ་རབ་བྱུང་དགུ་པའི་ཆུ་སྟག་ལོར་འོན་སྨོན་ཐང་དུ་སྐུ་གཤེགས་སོ། །