གླེང་གཞི་ཕུན་སུམ་ཚོགས་པ་རྒྱུད་བཤད་པའི་སྦྱོར་བ་དང་བཅས་པ་བསྟན་པ།
དེ་ལྟར་བསྡུས་པའི་དོན་རབ་ཏུ་རྟོགས་ནས། ཚིག་གི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་སྒྱུ་འཕྲུལ་དྲ་བའི་ལེའུ་ཁྲི་དྲུག་སྟོང་ཡོད་པ་ལས། ལེའུ་ཁྲི་ལྔ་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་བཤད་པ་དེ་ནས་སོ། །དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ལ། འཁོར་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེའི་བཤད་པ་སྟེ། དཔལ་ལྡན་ནི་གཟུགས་སྐུ་གཉིས་སོ། །རྡོ་རྗེ་ནི་སྟོང་པ་ཉིད་དེ་ཆོས་སྐུའོ། །འཆང་ཞེས་པ་ནི་སྐུ་གསུམ་དབྱེར་མི་ཕྱེད་པ་སྟེ་ངོ་བོ་ཉིད་ཀྱི་སྐུའོ། །གདུལ་དཀའ་ཞེས་པ་ནི་གདུལ་བྱ་སྟེ་དུག་གསུམ་མོ། །འདུལ་བ་རྣམས་ཞེས་པ་འདུལ་བྱེད་དེ་སྐུ་རྣམ་པ་གསུམ་མོ། །མཆོག་ཅེས་པ་ནི་ཕྱག་ན་རྡོ་རྗེའོ། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་པ་ནི་གདུག་པ་ཅན་ཐམས་ཅད་ཆར་གཅོད་པ་ལ་ནི་དཔའ་བོ་ཞེས་བྱའོ། །འཇིགས་རྟེན་གསུམ་ལས་རྒྱལ་ནི་ས་འོག་ས་སྟེང་ས་བླ་གསུམ་ལས་རྒྱལ་བའོ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ཞེས་པ་ནི་རྡོ་རྗེ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་དེའི་དོན་ཐུགས་སུ་ཆུད་པ་ལ་ནི་དབང་ཕྱུག་ཅེས་བྱའོ། །དོན་དེ་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པས་ན་གསང་བའི་རྒྱལ་ལོ། །ཡང་ན་གསང་བ་ནི་གསང་སྔགས་ཀྱི་ཐེག་པའོ། །དེའི་རྒྱལ་པོ་ནི་ཕྱག་ན་རྡོ་རྗེའོ། །འོ་ན་ཕྱག་ན་རྡོ་རྗེ་དེའི་ཆ་ལུགས་ཅི་འདྲ་ཞེ་ན། པདྨ་དཀར་པོའི་རྒྱས་འདྲའི་སྤྱན། ཞེས་བྱ་བ་སྨོས་ཏེ། པདྨ་དཀར་པོ་ནི་མདོག་དཀར་བ། རྩ་བཟང་བ། །དྲི་ཞིམ་པ་རྩི་ཡོད་པ། འདབ་མ་ལྔ་དང་ལྡན་པའོ། །དེ་བཞིན་དུ་ཕྱག་ན་རྡོ་རྗེ་དེ་ཡང་ཉོན་མོངས་པས་མ་གོས་པ་དང༌། ཚོགས་གཉིས་ལས་གྲུབ་པ་དང༌། གཞན་འདུལ་བ་དང༌། སྙིང་རྗེ་དང་ལྡན་པ་དང༌། རིགས་ལྔས་འགྲོ་བའི་དོན་བྱེད་པའོ། །ཡང་ན། པདྨ་དཀར་པོའི་རྒྱས་འདྲའི་སྤྱན། །ཞེས་བྱ་བ་ནི་པདྨ་ལ་འདམ་གྱི་སྐྱོན་གྱིས་མ་གོས་པ་བཞིན་སྐྱོན་མེད་པའི་སྤྱན་ལྔ་དང་ལྡན་ཞེས་
བྱ་བའི་ཚིག་གོ །པདྨ་རྒྱས་པའི་གདན་ལ་བཞུགས། །ཞེས་པ་ནི། པདྨ་རྒྱས་པའི་གདན་ལ་བཞུགས་པ་ཡིན་ལ་འཁོར་བ་ལ་གནས་ཀྱང་ཉེས་པས་མ་གོས་ཞེས་པའི་དོན་ཏོ། །རང་གི་ལག་གིས་རྡོ་རྗེ་མཆོག །ཅེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པའི་རྟགས་སུ་རྡོ་རྗེ་ཐུགས་ཀར་འཛིན་པའོ། །གཞན་དོན་མཛད་པའི་རྟགས་སུ་ཡང་དང་ཡང་དུ་གསོར་བར་བྱེད་པའོ། །དེས་ནི་ཐུན་མོང་མ་ཡིན་པའི་འཁོར་བསྟན་ཏོ། །ད་ནི་ཐུན་མོང་གི་འཁོར་ཁྲོ་པོ་སྟོང་ལྔ་བརྒྱ་བཤད་པར་བྱ་སྟེ། ཁྲོ་བོ་དེ་དག་གི་ཆ་ལུགས་བསྟན་པ་ནི། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་བྱ་བ་སྨོས་ཏེ། ཁྲོ་གཉེར་ནི་ཁྲོ་གཉེར་རོ། །རིམ་པར་ལྡན་ལ་སོགས་ཞེས་པ་ནི་སྐྲ་དང་ཨག་ཚོམ་སེར་ལ་བརྫེས་པ་དང༌། མིག་དམར་བ་དང༌། ལྕེ་འདྲིལ་ཞིང་ཡ་སོས་མ་མཆུ་མནན་པ་དང༌། ཐུང་ཞིང་གེལ་བ་དང༌། གསུས་པ་ཆེ་བ་དང༌། ཡན་ལག་རབ་ཏུ་བགྲད་པ་དང༌། ཉིང་ལག་རྡོ་རྗེའི་རྩེ་མོ་ལྟ་བུ་དང༌། དུར་ཁྲོད་དང་གདུག་པའི་རྒྱན་གྱིས་བརྒྱན་པ་དང༌། མཚོན་ཆ་འབར་ཞིང་འཕྲོ་བ་དང༌། མགོའི་དོ་ཤལ་དང༌། མེ་འབར་བའི་གནས་ནི་རིམ་པར་ལྡན་པ་སྟེ་སོགས་ཞེས་བྱའོ། །དེ་ལྟ་བུ་སུ་ལ་ལྡན་ཞེ་ན། ལག་ན་རྡོ་རྗེ་མཐའ་ཡས་བ་ལའོ། །གདུལ་དཀའ་འདུལ་བས་ན་དཔའ་བོའོ། །ཁྲོ་བོའི་ཆ་ལུགས་དང་ལྡན་པས་ན་འཇིགས་སུ་རུང་བའོ། །སྟག་གི་ཤམ་བུ་དང་ལྡན་པས་ན་དཔའ་བྱད་ཅན་ནོ། །བ་སྤུའི་བུ་གནས་རྡོ་རྗེའི་རྩེ་མོ་རབ་ཏུ་འཕྲོ་བ་ནི་གཞན་དོན་ནོ། །རང་གི་ལག་གིས་གསོར་བར་བྱེད་པས་ན་རང་དོན་ནོ། །སྙིང་རྗེ་ཆེན་པོའི་སྒོ་ནས་གཞན་དོན་བྱེད་པ་དང༌། ཤེས་རབ་ཆེན་པོའི་སྒོ་ནས་རང་གི་དོན་ཐུགས་སུ་ཆུད་པས་ན། ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །འཁོར་དེ་དག་ཐམས་ཅད་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་ལ་དགའ་བ་དང༌། མགུ་བ་དང༌། རངས་པའི་བསམ་པ་ཅན་ནོ། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ་ནི་བཤད་ཟིན་ཏོ། །སངས་བ་ནི་སྤངས་པ་ཕུན་སུམ་ཚོགས་པ། རྒྱས་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཕྲིན་ལས་ནི་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའོ། །བྱེད་པའི་མགོན་ཞེས་པ་ནི་ཕྲིན་ལས་བཞིས་འགྲོ་བའི་མགོན་བྱེད་པའི་ཐ་
ཚིག་གོ །ལུས་བཏུད་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་དང་ལྷན་ཅིག་ཏུ་གནས་པའོ། །གནས་ནས་ཀྱང༌། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཞེས་བྱ་བ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ་ཤཱཀྱ་ཐུབ་པའོ། །གཉིས་སུ་མེད་པའི་དེ་བཞིན་ཉིད་ཐུགས་སུ་ཆུད་ནས་འགྲོ་བའི་དོན་ལ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །བཅོམ་པ་ནི་བདུད་བཞིའོ། །ལྡན་པ་ནི་ཡེ་ཤེས་ལྔ་དང་ལྡན་པའོ། །འདས་པ་ནི་རྟག་ཆད་གཉིས་ལས་འདས་པའོ། །རྫོགས་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའོ། །སངས་རྒྱས་ནི་སྐུ་གསུམ་མོ། །ཕྱག་འཚལ་ནས་ཞེས་བྱ་བ་ལ་སོགས་པ་ལུས་གུས་པ་དང༌། ངག་དང་བ་དང༌། ཡིད་མོས་པ་དང་བཅས་ནས་སོ། །ཐལ་མོ་སྦྱར་བ་ནི་ལུས་ཀྱི་བྱ་བའོ། །སྤྱན་སྔར་འདུག་སྟེ་ཞེས་བྱ་བ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེ་ཤཱཀྱ་ཐུབ་པའི་སྤྱན་སྔར་འདུག་པའོ། །འདི་སྐད་གསོལ་ཞེས་པ་ནི་མཚམས་སྦྱོར་གྱི་ཚིག་སྟེ་ངག་ཏུའོ། །ཁྱབ་བདག་ཅེས་བྱ་བ་ནི་ཐུགས་རྗེ་ཆེན་པོས་འགྲོ་བ་ལ་ཁྱབ་པས་ན་ཁྱབ་བདག་གོ །བདག་ལ་སྨན་པ་དང་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལའོ། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །ཐབས་ཁྱད་པར་ཅན་སྒྱུ་འཕྲུལ་དྲ་བའི་སྒོ་ནས་མངོན་པར་རྫོགས་པའི་བྱང་ཆུབ་ཅི་ནས་བདག་གིས་ཐོབ་པར་བྱ་བའི་ཕྱིར་རྒྱུད་འདི་བཤད་དུ་གསོལ་ཞེས་པའོ། །རང་གི་དོན་དུ་ཞུས་པ་བསྟན་པའོ། །ད་ནི་གཞན་གྱི་དོན་དུ་ཞུས་པ་བསྟན་པ་ནི། ཉོན་མོངས་པ་ནི་དུག་ལྔའམ་གསུམ་མོ། །སེམས་དཀྲུགས་ཞེས་པ་ནི། ཉོན་མོངས་པ་དེ་དག་གིས་རབ་ཏུ་སྡུག་བསྔལ་བར་བྱས་པའོ། །མ་རིག་པ་ནི་མ་རིག་པའོ། །འདམ་དུ་བྱིང་བ་ནི་འཁོར་བའི་འདམ་དུ་བྱིང་བའོ། །སེམས་ཅན་ཀུན་ཞེས་པ་འགྲོ་བ་རིགས་དྲུག་གོ །སྨན་པ་དང་ཞེས་པ་ནི་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པའི་ཕྱིར་རོ། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པ་ནི་ཆོས་ཀྱི་སྐུ་སྟེ་དེ་ཐོབ་པའི་ཕྱིར་བཤད་དུ་གསོལ་བའོ། །ཡུལ་གང་ལ་གསོལ་བ་གདབ་སྙམ་པ་ལ། རྫོགས་
པའི་སངས་རྒྱས་བཅོམ་ལྡན་འདས་ལའོ། །འགྲོ་བ་ནི་རིགས་དྲུག་གོ །བླ་ནི་སངས་རྒྱས་ཀྱི་དགོངས་པའོ། །མ་ནི་དེ་སྟོན་པའམ་འབྱིན་པའམ་སྐྱེད་པར་བྱེད་པའོ། །སྟོན་པ་པོ་ཞེས་པ་ནི་མ་རྟོགས་པ་དང༌། ལོག་པར་རྟོགས་པ་དང༌། ཐེ་ཚོམ་ཟ་བ་ལས་བཟློག་པའོ། དམ་ཚིག་ཆེན་པོ་ནི་དེ་ལས་མི་འདའ་བའོ། །དེ་ཉིད་མཁྱེན་ཞེས་བྱ་བ་ནི། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའོ། །དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་པ་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། གདུལ་བྱའི་དབང་པོ་དང་བསམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུའི་སྟོན་པ་ཁྱེད་ནི་གསོལ་བ་གདབ་པའི་གནས་སོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ་ཆོས་སྐུ་སྟེ་ཐུགས་སོ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཅེས་པ་ནི་སྐུའི་རང་བཞིན་ཏེ། བྱང་ཆུབ་སེམས་དཔའ་མན་ཆད་གྱིས་བལྟར་མི་མངོན་པ་སྟེ་འདྲ་བ་མེད་ཅིང་ཟིལ་གྱིས་མི་ནོན་པའི་རྟགས་སོ། །ཚིག་གི་བདག་ཅེས་པ་ནི་གསུང་ཕུན་སུམ་ཚོགས་པ་སྟེ། མི་ཟད་པའི་གསུང་དེ་ལྟ་བུ་སུ་ལ་མངའ་བ་ལ་བདག་ཅེས་བྱའོ། །དེ་ལྟ་བུ་དེ་ཡང་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་ན། ཡེ་ཤེས་སྐུ་སྟེ་རང་འབྱུང་བ། །ཞེས་བྱའོ། །སྐུ་དེ་ལྟ་བུ་དང་ལྡན་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའི་མིང་ནི་ཡང་དག་བརྗོད་པའི་མཆོག །དེའི་དོན་བཤད་དུ་གསོལ་ཞེས་པའི་ཚིག་གོ །འཇམ་པ་ནི་ཐ་དད་ཀྱི་རྟོག་པའི་ཟུག་རྡུས་མ་གོས་པ་སྟེ་ཆོས་སྐུའོ། །དཔལ་ནི་འགྲོ་བའི་དཔལ་དུ་གྱུར་པ་སྟེ་གཟུགས་སྐུའོ། །ཡེ་ཤེས་ཡེ་གནས་པའི་དོན་ཤེས་པས་ན་ཡེ་ཤེས་སོ། །སེམས་དཔའ་ནི་འགྲོ་བའི་དོན་ལ་སེམས་དཔའ་བའོ། །མིང་ནི་ཞེས་པས་ནི་མཚན་ནོ། །ཡང་དག་པར་བརྗོད་པ་ནི་མནོར་བའོ། །མཆོག་ཅེས་པ་ནི་འགྲན་ཟླ་མེད་པའོ། །དོན་ཟབ་ཅེས་པ་ནི། བློའི་ཡུལ་མ་ཡིན་པ་སྟེ་ལྟ་བའོ། །དེ་ལྟ་བུའི་དོན་དེས་མ་ཁྱབ་པ་མེད་པས་ན་དོན་རྒྱ་ཆེ་བ་ཞེས་བྱའོ། །དོན་ཆེན་མཚུངས་མེད་ཅེས་བྱ་བ་ནི་དེ་ལྟ་བུའི་དོན་དེ་གོམས་པ་ལས། རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བས་ན་དོན་ཆེན་པོ་
ཞེས་བྱའོ། །མཚུངས་མེད་ཅེས་བྱ་བ་ནི། ཉན་ཐོས་དང་རང་རྒྱལ་བའི་འབྲས་བུ་དང་འདྲ་བ་མ་ཡིན་པའོ། །རབ་ཞི་བ་ཞེས་བྱ་བ་ནི། སྒྲིབ་པ་གཉིས་དང་བྲལ་བའི་སྐུའོ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་བྱ་བ་ནི་རྒྱུད་ཀྱི་རྒྱལ་པོ་འདི་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པས་ཐོག་མར་དགེ་བ་ཞེས་བྱའོ། །ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་གསུངས་པས་བར་དུ་དགེ་བ་ཞེས་བྱའོ། །མ་འོངས་པའི་སངས་རྒྱས་རྣམས་ཀྱང་གསུང་བར་འགྱུར་བས་ན་ཐ་མར་དགེ་བ་ཞེས་བྱའོ། །ཡང་ན་ཐོག་མར་དགེ་བ་ནི་ལྟ་བའོ། །བར་དུ་དགེ་བ་ནི་སྒོམ་པའོ། །ཐ་མར་དགེ་བ་ནི་འབྲས་བུའོ། །ཡང་དང་ཡང་དུ་གསུངས་པ་གང༌། །ཞེས་པ་ནི་ནན་ཏན་དུ་གསུངས་པའོ། །རྒྱུད་ཆེན་ཞེས་པ་ནི་རྒྱུད་སྡེ་བཞི་ལས་ཁྱད་པར་འཕགས་པའོ། །སྒྱུ་འཕྲུལ་དྲ་བ་ནི་རྒྱུད་ཀྱི་མིང་ངོ༌། །ལས་ཞེས་པ་ནི་ལེའུ་ཁྲི་དྲུག་སྟོང་ཡོད་པ་ལས། ད་རེས་ཀླུའི་ལེའུ་བཤད་དུ་གསོལ་ཞེས་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་དོ། །འཆང་བ་ནི་དེའི་དོན་ཐུགས་སུ་ཆུད་པའོ། །ཆེན་པོ་ནི་འགྲན་ཟླ་མེད་པ་སྟེ་ལོངས་སྐུའོ། །གསང་སྔགས་འཆང་ཞེས་པ་ནི་ཟུང་འཇུག་གི་ངོ་བོ་ཐུགས་སུ་ཆུད་པ་སྟེ་ཆོས་སྐུའོ། །དཔག་མེད་རྣམས་ཞེས་པ་ནི་སྤྲུལ་པའི་སྐུ་གྲངས་མེད་པའོ། །དགའ་བཞིན་དུ་ཞེས་པ་ནི་སངས་རྒྱས་དེ་དག་དགྱེས་བཞིན་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་གླུར་བླངས་པ་གང་ལགས་པ་བཤད་དུ་གསོལ་ཞེས་པའོ། །འགྲོ་བའི་མགོན་བྱེད་པས་ན། མགོན་པོ་རྫོགས་སངས་རྒྱས་ཀུང་གྱིས། །ཞེས་པ་ནི་སྐུ་གསུམ་མོ། །གསང་འཛིན་ནི་སྐུ་གསུམ་དབྱེར་མི་ཕྱེད་པའོ། །ཅི་ནས་བདག་འགྱུར་ཕྱིར་ཞེས་པ་ནི་དབྱེར་མི་ཕྱེད་པའི་དོན་ཏེ། བདག་གིས་ཐོབ་པར་མཛད་དུ་གསོལ་ཞེས་པའི་དོན་ཏོ། །ངེས་པར་འབྱུང་གི་བར་དུ་འདི། །ཞེས་པ་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ། བདག་གི་བསམ་པ་བརྟན་པོས་བཟུང༌། །ཞེས་པའི་དོན་ཏོ། །གཞན་དོན་དུ་ཞུས་པ་བསྟན་པ་ནི། ཉོན་མོངས་མ་ལུས་བསལ་བ་དང༌། །ཞེས་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །བསལ་བ་དང་ཞེས་པ་ནི། ཉོན་མོངས་པ་དེ་དག་པར་བྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །མི་ཤེས་པ་ནི་ཤེས་བྱའི་སྒྲིབ་པའོ། །
མ་ལུས་སྤང་བའི་ཕྱིར་ཞེས་པ་ནི་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མཐའ་དག་དག་པའི་ཕྱིར། བསམ་པའི་ཁྱད་པར་ཇི་བཞིན་དུ། །ཞེས་པ་དབང་པོའི་བྱི་བྲག་ཇི་ལྟར་འཚལ་བ་བཞིན་དུ་བཤད་དུ་གསོལ་ཞེས་བའི་དོན་ཏོ། །སེམས་ཅན་རྣམས་ལ་ཞེས་པ་ནི་ཉོན་མོངས་པའི་གང་ཟག་གོ །བཤད་པར་འཚལ་ཞེས་བྱ་བ་ནི་ཀླུའི་ལེའུ་ཐེག་པ་སྣ་ཚོགས་ཀྱི་དོན་བཤད་དུ་གསོལ་ཞེས་པའི་དོན་ཏོ། །གསང་དབང་ནི་གསང་སྔགས་ལ་དབང་བའོ། །དེ་ནི་ཕྱག་ན་རྡོ་རྗེའོ། །དེ་བཞིན་གཤེགས་ལ་དེ་སྐད་དུ། །ཞེས་པ་ནི་དོན་ཕྱིན་ཅི་མ་ལོག་པ་ལ་གཤེགས་པ་ནི་དེ་བཞིན་གཤེགས་པའོ། །དེ་སྐད་དུ་གསོལ་ནས་ཞེས་བྱ་བ་ནི་ཐེག་པ་སྣ་ཚོགས་ཀྱི་དོན་བཤད་དུ་གསོལ་ཞེས་པའོ། །ཐལ་མོ་སྦྱར་བྱས་ཏེ། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པ་ནི་གུས་པའི་ཚུལ་གྱིས་ཤཱཀྱ་ཐུབ་པའི་སྤྱན་སྔར་འདུག་པའོ། །ད་ནི་རྒྱུད་བཤད་པའི་སྦྱོར་བ་བསྟན་ཏོ། །དེ་ནས་ཞེས་པ་ནི་འདས་མ་ཐག་པ་སྟེ། སྤྱན་སྔར་འདུག་པའི་དེ་མ་ཐག་པའོ། །བཅོམ་པ་ནི་བདུད་བཞི་སྟེ་ལྷའི་བུའི་བདུད་དང༌། འཆི་བདག་གི་བདུད་དང༌། ཉོན་མོངས་པའི་བདུད་དང༌། ཕུང་པོའི་བདུད་དོ། །ལྡན་པ་ནི་ཡེ་ཤེས་ལྔ་སྟེ་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཤཱཀྱ་ནི་རྒྱལ་པོ་ཤཱཀྱའི་རིགས་སོ། །ཐུབ་པ་ནི་ཤཱཀྱ་རྣམས་ཀྱི་ངག་ཐུབ་པའོ། །ཡང་ན་སྟོབས་བཅུས་བདུད་བཞི་ཐུབ་པས་ན་ཐུབ་པའོ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག ། ཅེས་པ་ནི་རྐང་གཉིས་ནི་ལྷ་དང་མིའོ། །དེའི་མཆོག་ཏུ་གྱུར་པ་ནི་ཤཱཀྱ་ཐུབ་པའོ། །ཉིད་ཀྱི་ཞེས་པ་ནི་ཤཱཀྱ་ཐུབ་པའོ། །ཞལ་ནས་ལྗགས་བཟང་བ་ཞེས་པ་ནི་ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པའོ། །རིང་ཞིང་ཞེས་པ་ནི་ཆུའོ། །ཡངས་པ་ནི་ཞེང་ངོ༌། །བརྐྱང་བར་མཛད་དེ་ཞེས་པ་ནི་ལྗགས་ལས་འོད་བྱུང་བས་འདོད་ཁམས་ལ་སོགས་པ་འཇིག་རྟེན་གསུམ་པོ་སྣང་བར་བྱས་ནས་བདུད་བཞིའི་དགྲ་རྣམས་འདུལ་བར་བྱེད་པའོ། །དེའི་རྗེས་ཐོགས་ལ་འཛུམ་པ་བསྟན་ནས། སེམས་ཅན་གྱི་ངན་སོང་གསུམ་སྦྱོང་བར་བྱེད་པ་ཞེས་བྱ་སྟེ་དག་པར་བྱེད་པའི་ཐ་ཚིག་གོ །ཚངས་པའི་
གསུང་ནི་ཡན་ལག་དྲུག་ཅུའོ། །སྙན་པ་ཡི་ཞེས་པ་ནི་ཡིད་དུ་འོང་བའི་གསུང་ངོ༌། །དེས་འདོད་ཁམས་ལ་སོགས་པ། འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ་ནི་ཞུས་པའི་ལན་གསུངས་པའོ། །ཇི་སྐད་གསུངས་ཤེ་ན། ཕྱག་ན་རྡོ་རྗེ་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བོས་ནས། འགྲོ་བ་རྣམས་ལ་ཕན་པའི་དོན་དུ་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་སྣང་ལ་རང་བཞིན་མེད་པའི་སྐུ་འཇམ་དཔལ་གྱི་མཚན་བརྗོད་པ་ཙམ་གྱིས་དོན་ཆེན་པོ་འབྱུང་བ་སྒྲིབ་པ་དག་པར་བྱེད་ཅིང་སྡིག་སེལ་ཞེས་བ་དྲི་མ་ཐམས་ཅད་དང་བྲལ་བར་བྱེད་པའོ། །ང་ལ་ཉན་པར་བརྩོན་པ་ནི། །ཞེས་པ་ཤཱཀྱ་ཐུབ་ལའོ། །བརྩོན་པ་ནི་ཞེས་པ་བར་ཆད་མེད་པའོ། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་རང་དོན་དུ་ཞུས་པ་ལེགས་སོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་པ་གཞན་དོན་དུ་ཞུས་པ་ལེགས་སོ། །དེའི་ཕྱིར་ངས་བཤད་ཅེས་རང་བཞིན་གྱི་དོན་དུ་ཞུས་པ་དེའི་ཕྱིར། ཤཱཀྱ་ཐུབ་པ་ངས་ཕྱག་ན་རྡོ་རྗེ་ལ་ལམ་འབྲས་བུ་དང་བཅས་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པ་ནི་མ་ཡེངས་པར་རོ། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པ་ནི་མཚམས་སྦྱོར་གྱི་ཚིག་གོ །བཅོམ་ལྡན་ཤཱཀྱ་ཐུབ་པས་འཁོར་དེ་དག་ཐམས་ཅད་རིགས་ཐ་དད་དུ་གཟིགས་ཏེ། ལ་ལ་ནི་གསང་སྔགས་ཞེས་པ་ལྷ་ཁ་སྦྱོར་གྱི་རིགས་སུ་གཟིགས། ལ་ལ་ནི་རིགས་ཆེན་ཞེས་པ་རྫོགས་པའི་རིམ་པའི་སྐལ་ལྡན་དུ་གཟིགས། ལ་ལ་ནི་ཐམས་ཅད་དང་ཞེས་པ་བསྐྱེད་རྫོགས་ཐུན་མོང་བའི་གང་ཟག་ཏུ་གཟིགས་སོ། །ལ་ལ་ནི། གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་ལྷ་རྐྱང་པ་ལ་དགའ་བའི་གང་ཟག་ཏུ་གཟིགས་སོ། །ཡང་ན། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་སུ་གཟིགས་སོ། །འཇིག་རྟེན་ཞེས་པ་ནི་ལོག་པའི་ཤེས་པས་བརྟགས་པའོ། །འཇིག་རྟེན་འདས་པའི་རིགས་ཞེས་པ་ནི་མྱ་ངན་ལས་འདས་པ་སྟེ་འཁྲུལ་པ་ཟད་པའོ། །འཇིག་རྟེན་སྣང་བྱེད་ཅེས་པ་ནི་འཇིག་རྟེན་སྣང་བར་བྱེད་པ་ནི་རིགས་པ་རྒྱུན་གྱི་བརྟག་པ་སྟེ་མུ་སྟེགས་ཀྱི་རིགས་སོ། །རིགས་ཆེན་དང་ཞེས་པ་ནི་མུ་
སྟེགས་ལས་བཟློག་པ་སྟེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་གང་ཟག་དུ་གཟིགས་སོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །ཞེས་པ་ནི་ཕྱག་ནི་བློ་ལས་འདས་པ་སྟེ་སྟོང་པ་ཉིད་དོ། །རྒྱ་ནི་སྟོང་པ་ཉིད་དེས་མ་ཁྱབ་པ་མེད་པའོ། །ཆེན་པོ་ནི་དེ་ལྟ་བུ་རྟོགས་པའི་གང་ཟག་དེ་འགྲན་ཟླ་མེད་པས་ན་རིགས་མཆོག་ཅེས་བྱའོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ་ནི་ཟིལ་གྱིས་མི་ནོན་པའི་གང་ཟག་སྟེ་ཁྱད་པར་བླ་ན་མེད་པའི་གང་ཟག་ཏུ་གཟིགས་ནས། ཚིག་གི་བདག་པོ་ཞེས་པ་ནི་ཤཱཀྱ་ཐུབ་པ་ལའོ། །ཚིགས་སུ་བཅད་ཅེས་པ་བརྐྱང་པ་བསྡུས་པ་སྟེ་སྒྱུ་འཕྲུལ་དྲ་བ་ཀླུའི་ལེའུ་བསྡུས་ཞེས་པའི་དོན་ཏོ། །གང་གསུང་ཞེ་ན། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་པ་འོག་ནས་འབྱུང་བའི་ཚིག་གོ །གསང་སྔགས་ཞེས་པ་ནི་ཟུང་འཇུག་གོ །རྒྱལ་པོ་ཞེས་པ་ནི་ལམ་ཐུན་མོང་མ་ཡིན་པའོ། །དྲུག་ཅེས་པ་ནི་ཨའི་སྡེ་ཚན་ནོ། །ལྡན་ཞེས་པ་ནི་ཐབས་ཀྱི་ཡི་གེ་ཨ་དང་བཅས་པའོ། །གཉིས་སུ་མེད་པར་འབྱུང་བ་དང༌། །ཞེས་པ་ནི་ཀུན་རྫོབ་ཏུ་གསལ་བྱེད་དང་དབྱངས་ཡིག་དང་གཉིས་སུ་མེད་པའོ། །དོན་དམ་རིག་པ་དང་སྟོང་པ་གཉིས་སུ་མེད་པའོ། །མི་སྐྱེ་ཞེས་པ་ནི་དོན་དམ་པའི་བདེན་པའོ། །ཆོས་ཅན་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །འདི་གསུངས་པ་ཞེས་པ་ནི་དབྱེར་མེད་ཀྱི་ཚུལ་དུ་འཁོར་རྣམས་ལ་བཀའ་སྩལ་པའོ། །དེ་དག་གིས་ནི་གླེང་གཞི་ཕུན་སུམ་ཚོགས་པ་རྒྱུད་བཤད་པའི་སྦྱོར་བ་དང་བཅས་པ་བསྟན་ཏོ།། །།