སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ནོར་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ་བཅོ་བརྒྱད་པ།
རྒྱལ་པོ་ཆེན་པོ་རྣམ་སྲས་སེར་ཆེན་གྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། ཀུན་མཁྱེན་རྒྱལ་བ་ཐམས་ཅད་ཀྱི། །བཀའ་ཡི་སྲུང་མ་ཆོས་སྐྱོང་ཆེ། །རིན་ཆེན་མང་ལ་རབ་བཏུད་དེ། །རྒྱལ་ཆེན་སེར་པོའི་སྒྲུབ་ཐབས་བཤད། །བྲིས་སྐུ་རྟེན་རྫས་མཆོད་གཏོར་སོགས་
འཛོམ་པར་བྱས་ལ། བགེགས་གཏོར་བཏང༌། མཆོད་པ་བྱིན་གྱིས་བརླབས། གསང་བདག་གོས་སྔོན་ཅན་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། སླར་ཡང་ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པ་དང༌། ཨོཾ་བཛྲ་ཡཀྵ་ཛྭ་ལ་རཾ་ཛྭ་ལ་རཾ་ཕཊ་རཾ་ཕཊ་རཾ། ཞེས་ཕྱོགས་ཀུན་ཏུ་བསངས་གཏོར་བྱ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཨོཾ་ཨཱཿཧཱུཾ། དེ་བཞིན་དུ་ཞབས་བསིལ་ནས་རོལ་མོའི་བར་པཱདྱཾ་ནས་ཤབྟའི་བར་དུ་སྤེལ། རྒྱལ་ཆེན་རྣམ་མང་ཐོས་སྲས་ནོར་མང་ལྡན། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་ཆགས་ཤིང༌། །སྤྲིན་བྲལ་ཉི་འོད་སྟོང་གི་གཟི་ལྡན་པ། །འདོད་དགུའི་ཆར་འབེབས་མཛད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ཅིང༌། མཁའ་ཁྱབ་ཡིད་འོང་ལྷ་རྫས་དངོས་ཀུན་དང༌། །ཞེས་སོགས་སྤྲོ་ན་ཡན་ལག་བདུན་པ་བྱ། བསྡུ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཀྱིས་ཆོག །བདག་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་གནས་གསུམ་ནས་འོད་ཟེར་
དཀར་དམར་མཐིང་གསུམ་འཕྲོས། རྒྱལ་པོ་འཁོར་དང་བཅས་པའི་གནས་གསུམ་དུ་ཐིམ་པས་འོད་དུ་ཞུ་ནས་སྟོང་པ་ཉིད་དུ་གྱུར། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཧཱུཾ་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས་སྲུང་འཁོར་འབྱུང་བཞི་བརྩེགས་པ་གླིང་བཞི་རི་རབ་དང་བཅས་པའི་སྟེང་དུ། བྷུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཁ་ནང་ལྟས་ཁོར་ཡུག་ཏུ་བསྐོར་བའི་ཤར་ཤེལ། ལྷོ་བཻཌཱུརྻ། ནུབ་པདྨ་རཱ་གབྱང་ཛཾ་བུ་ཆུ་བོའི་གསེར་ལས་གྲུབ་པ། ཕྱོགས་རེ་རེ་ནས་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེགས་པའི་གདུང་རིང་དང༌། གདུང་ཐུང་གིས་མཛེས་པར་ཕུབ་པ། ཕྱི་རོལ་དུ་དཔྱངས་པའི་དྲ་བ་དྲ་ཕྱེད། ཕ་གུ་ཤར་བུ་མདའ་ཡབ་སོགས་རྒྱན་ཐམས་ཅད་དང་བཅས་པ། དབུས་སུ་རིན་པོ་ཆེའི་ཁང་བཟང་གསུམ་བརྩེགས་སུ་ཡོད་པ། ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་པ། ཕྱི་རོལ་དུ་འཁོར་ས་རིམ་པ་གསུམ་དང་ལྡན་པ། འཁོར་ས་དང་པོ་ལ་ཕྱོགས་མཚམས་བརྒྱད་དུ་ཁང་བཟང་བརྒྱད། གཞལ་ཡས་ཁང་གི་ཕྱི་རོལ་ཡོངས་སུ་བསྐོར་བའོ། །དབུས་ཀྱི་ཕོ་བྲང་གི་ནང་དུ་ཧྲཱིཿལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སཾ་ལས་སེང་གེ་དཀར་པོ། དེའི་
སྟེང་དུ་བཻ་སེར་པོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་བཻ་ཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་འཕོངས་ཀྱི་སྡུག་བསྔལ་བསལ། འཇིག་རྟེན་གྱི་ཁམས་ཀྱི་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས་ཏེ་བཻ་ཡིག་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་ངལ་གསོས་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པ། གཡོན་ན་གཏེར་གྱི་ནེའུ་ལེས་ཡིད་བཞིན་གྱི་ནོར་བུའི་ཆར་འབེབས་པ་བསྣམས་པ། ནེའུ་ལེ་ལ་མིག་མངོན་དུ་ཕྱོགས་པའི་སེང་གེ་དཀར་པོ་ལུས་ཉམས་རྩལ་དང་ལྡན་པ་ཉལ་སྟབས་སུ་གནས་པའི་སྟེང་ན་རོལ་པའི་སྟབས་ཀྱིས་བཞུགས་པ། ཞལ་ནས་འདོད་དགུའི་ཆར་འབེབས་པ། ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟ་བུའི་གཟི་བརྗིད་ཅན། རིན་པོ་ཆེའི་ཐོར་ཚུགས་དང་དབུ་རྒྱན་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་པའི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་བ། ཕྲག་པ་གཡས་ནས་ཉི་མ་དང་གཡོན་པ་ནས་ཟླ་བ་འཆར་བ། མི་ཟད་ནམ་མཁའི་མཛོད་ལ་མངའ་བརྙེས་པའི་སྐུ་ཅན་དུ་གྱུར་པ་ལ། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་དུ་མ་དང༌། གནོད་
སྦྱིན་བྱེ་བས་བསྐོར་བའོ། །ཕྱོགས་མཚམས་ཀྱི་ཁང་པ་བརྩེགས་པ་བརྒྱད་ལ། ཤར་དུ་ཛཾ་ལས་ཛམྦྷ་ལ་སེར་པོ་རིན་པོ་ཆེ་བསྣམས་པ། ལྷོར་པཾ་ལས་གང་བ་བཟང་པོ་སེར་པོ་རིན་པོ་ཆེའི་བུམ་པ་གང་བ་འཛིན་པ། ནུབ་ཏུ་མཾ་ལས་ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། བྱང་དུ་ཀེཾ་ལས་ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། ཤར་ལྷོར་སཾ་ལས་ཡང་དག་ཤེས་སེར་པོ་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་གཾ་ལས་འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང་དམར་འཛིན་པ། ནུབ་བྱང་དུ་པཾ་ལས་ལྔ་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། བྱང་ཤར་དུ་པཾ་ལས་ཛཾ་པོ་འཁྱིལ་པ་དཀར་པོ་གཡས་གྲི་དང་གཡོན་ཕུབ་འཛིན་པ། ཐམས་ཅད་ཀྱང་གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས་ཤིང༌། རང་མདོག་དང་མཚུངས་པའི་རྟ་ལ་ཆིབས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། དཔའ་ཞིང་བརྗིད་ལ་མི་སྡུག་པའི་ཆ་བྱད་ཅན་རྣམས་རང་རང་གི་འཁོར་དང་བཅས་པ། འཁོར་ས་བར་པ་ན་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་དང༌། འཁོར་ས་ཐ་མ་ན་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཚོགས་རྣམས་སྐུ་མདོག་མ་ངེས་པ། མི་སྡུག་ཅིང་བརྗིད་ལ་རྔམ་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ། འཁོར་ས་ཐ་མ་དེ་ཉིད་ཀྱི་ནང་རིམ་ན། སྡེ་དཔོན་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་ཀྱང་སྐུ་མདོག་དམར་ནག་རལ་གྲི་དང་ཕུབ་འཛིན་པ་རྣམས་དང༌། ཕྱི་རིམ་ལ་སྟོབས་
ཆེན་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་སྐུ་མདོག་ལྗང་ནག་གོ་ཆ་དང་བཅས་པ། མདུང་དང་རལ་གྲི་འཛིན་པ་རྣམས་རང་རང་གི་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་པ། ཐམས་ཅད་ཀྱང་གཡོན་ན་གཏེར་གྱི་ནེའུ་ལེ་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ཆར་འབེབས་པའོ། །སྤོས་སྦྱོར་བསྲེག་ཅིང༌། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། འོད་ཟེར་གྱི་སྣེ་ལ་ཁྲོ་བོ་འདོད་པའི་རྒྱལ་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་བྱུང་སྟེ། རྒྱལ་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་བྱིང་པས། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང༌། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང༌། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་བསྲུང་བ་དང༌། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་མ་ཎ་ས་པཱ་རི་ཝཱ་ར་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བཻ་སྭཱཧཱ། ཨོཾ་བཻ་ཤྲ་མ་ཎ་ཨ་ཀརྵ་ཡ་ཛཿ བཻ་རིང་པོ་བརྗིད་དང་ལྡན་པ་མིག་འཛུམ་སུམ་ཅུ་སོ་གཉིས་ཀྱི་ཡུན་ཚད་དུ་བརྗོད། ཨ་མྲྀ་ཏའི་སྔགས་ཀྱིས་ཕྱི་འབྲང་གི་
བགེགས་བསྐྲད། རྒྱལ་པོའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་འདབ་མ་རེ་རེ་ལ་བཻ་བཞི་བཞི། བདག་མདུན་གྱི་ཐུགས་འོད་ཟེར་གྱི་ལྕགས་ཀྱུས་སྦྲེལ་བར་གྱུར། ཨོཾ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་ཅོད་པན་གྱིས་དབང་བསྐུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མཆོད་པ་བྱིན་གྱིས་བརླབས། ཨརྒྷཾ་ནས། ཤཔྟའི་བར་གྱིས་གོང་བཞིན་ཕུལ། རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པདྨ་བཟང༌། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཨོཾ་བཻ་ཤྲ་མ་ཎ་ས་པཱ་རི་ཝཱ་ར་ཨཥྟ་མངྒ་ལཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་མོ་ཁྱིམ་བདག་དང༌། །ཅང་ཤེས་རྟ་དང་གླང་པོ་དང༌། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །དམག་དཔོན་རིན་ཆེན་སྣ་བདུན་རྣམས། །བདག་གི་བསམ་པ་ཡོངས་རྫོགས་ཕྱིར། །རྒྱལ་ཆེན་སྲས་དང་བཙུན་མོར་བཅས། །འཁོར་དང་བཅས་པས་བཞེས་སུ་གསོལ། །སབྟ་རཏྣ། ཡིད་འོང་ནགས་ཚལ་རལ་གྲི་དང༌། ཁང་བཟང་མལ་ཆ་ལྷ་ཡི་གོས། །སྦྲུལ་གྱི་པགས་པ་ལྷམ་ལ་སོགས། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །
ཨུ་པ་སཔྟ་རཏྣ། མེ་ལོང་གི་ཧཾ་བ་ཞོ་དང༌། །དུར་བ་བིལ་བ་ལི་ཁྲི་དང༌། །ཉུངས་ཀར་ལ་སོགས་བཀྲ་ཤིས་རྫས། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཨཥྟ་མངྒ་ལ་དྲ་བྱ། ཡིད་འོང་གཟུགས་དང་སྙན་པའི་སྒྲ། །ཡིད་འཛིན་དྲི་དང་རོ་བརྒྱའི་ཟས། །འཇམ་མཉེན་འཁྲིལ་ཆགས་རེག་བྱའི་མཆོག །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །པཉྩ་ཀ་མ་གུ་ཎ། བསྟོད་པ་ནི། ཧཱུཾ་མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་གསོས་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་བསྟོད། །བཙུན་མོ་བཞི་དང་སྲས་བཞི་དང༌། ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་མཆོག་སྟེར་བའི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང༌། །འབྱོར་བའི་ལོངས་སྤྱོད་ཕུན་ཚོགས་ཤིང༌། །འདོད་དགུ་ཡིད་བཞིན་འགྲུབ་པ་དང༌། །གཞན་དོན་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ།
ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ་སརྦ་ཨརྠ་མེ་སཱ་དྷ་ནི། ཏདྱ་ཐ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཥི། ཧི་ལི་མི་ལི་སྭཱཧཱ། གཙོ་འཁོར་ཐམས་ཅད་ཀྱིས་སྔགས་སོ། །ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱཧཱ། གཙོ་བོའི་སྙིང་པོའོ། །ཨོཾ་བཻ་སྭཱཧཱ། ཉེ་སྙིང་ངོ༌། ཨོཾ་ཛམྦྷ་ལ་ཡེ་སྭཱཧཱ། ཨོཾ་པུརྦ་བྷ་དྲ་ཡེ་སྭཱཧཱ། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱཧཱ། ཨོཾ་སཾ་པྲ་ཛ་ན་ཡེ་སྭཱཧཱ། ཨོཾ་གུ་ཧྱ་ཐ་ན་ཡེ་སྭཱཧཱ། ཨོཾ་པཉྩི་ཀ་ཡེ་སྭཱཧཱ། ཨོཾ་པི་ཙི་ཀུཎྜ་ལ་ཡེ་སྭཱཧཱ། འཁོར་གནོད་སྦྱིན་བརྒྱད་པོ་རྣམས་ཀྱི་སྔགས་སོ། །དེ་ལྟར་ཅི་ནུས་པར་བཟླས་ནས། ཐུན་གྱི་མཐར་གཏོར་མ་འབུལ་བ་ནི། ཨོཾ་བཛྲ་ཡཀྵ་ཀྲོ་དྷས་བགེགས་བསྐྲད། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཀྱི་ནང་དུ་ཁཾ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། དེ་ཉིད་ཀྱི་མཐའ་སྐོར་དུ་ཀཾ་ལས་བུམ་པ། བཾ་ལས་ཁྲུས་ཀྱི་རྫིང་བུ། ཁཾ་ལས་དཔག་བསམ་གྱི་ཤིང་དང༌། འདོད་འཇོའི་བ་མོ་ལ་སོགས་པས་བསྐོར་བ་དང༌། གཏོར་མའི་སྟེང་དུ། ཨོཾ་ཨཱཿཧཱུཾ། ཞུ་བ་ལས་ཁ་དོག་དྲི་རོ་ནུས་པའི་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ། ཨ་ཀཱ་རོ་སོགས་དང༌། རུ་རུ་སོགས་དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་རྣམས་ལན་གསུམ་མམ་བདུན་བདུན་གྱིས་རྒྱ་ཆེར་སྤེལ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་
ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཻ་ཤྲ་མ་ཎ་ཨི་དཾ་བཱ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་མ་མ་སརྦ་ཀརྨ་སཱ་དྷ་ཨ་མོ་གྷ་ཡ་སྭཱཧཱ། ཞེས་ལན་བདུན་ལ་སོགས་པས་གཙོ་བོ་དང༌། ཨོཾ་ཛམྦྷ་ལ་ཡེ་ཨི་དཾ་སོགས་རང་རང་སོ་སོའི་མིང་སྔགས་སྤེལ་བས། རྟ་བདག་བརྒྱད་དང༌། ཨོཾ་ཨཥྟ་ནཱ་ག་ཤ་ཏ་ས་ཧ་སྲ་ཀོ་ཊི་ཡཀྵ་རཀྵ་ས་ཨི་དཾ་སོགས་ཀྱིས་འཁོར་སྤྱི་ལ་འབུལ། བསྡུ་ན། ཨ་ཀཱ་རོའམ། ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་སོགས་ཀྱིས་ཕུལ་ཀྱང་ཆོགདེ་ནས་བསྟོད་པ་ནི། བསྡུས་པ་གོང་བཞིན་ནམ། ཤིན་ཏུ་བསྡུས་པར་ན། གནོད་སྦྱིན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ནོར་ལ་དབང་བསྒྱུར་འདོད་ཡོན་ཆར་དུ་འབེབས། །དབུལ་བའི་གདུང་སེལ་མགོན་པོ་ཐུགས་རྗེ་ཅན། །རྒྱལ་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་གྱིས་ཀྱང་ཆོག་ལ། ཅུང་ཟད་རྒྱས་པར་སྤྲོ་ན། རིན་ཆེན་ཕོ་བྲང་དམ་པ་ན། །མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་གསོས་དགེ་བ་སྟོབས་པོ་ཆེ། །སེམས་དཔའི་སྐྱིལ་ཀྲུང་དག་གིས་བཞུགས། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །སྐུ་ནི་གསེར་གྱི་འོད་པས་མཛེས། །ཞལ་ནས་རིན་ཆེན་ཆར་པ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །རིན་ཆེན་རྒྱན་རྣམས་ཀུན་གྱིས་བརྒྱན། །བྱང་ཕྱོགས་
རྒྱལ་པོར་སྐུ་ཡང་སྤྲུལ། །རྣམ་ཐོས་སྲས་སུ་མཚན་ཡང་གྲགས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །དབུ་ལ་རིན་ཆེན་ཅོད་པན་གསོལ། །ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར། །སྡེ་པོ་ཆེ་ལ་ཕྱག་འཚལ་ལོ། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །བུམ་པ་བཟང་པོས་རྣམ་པར་བརྒྱན། །དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །རྫིང་བུ་བཟང་པོ་འདོད་འཇོའི་བ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཛམྦྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །རིན་ཆེན་བསྣམས་ལ་ཕྱག་འཚལ་ལོ། །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ༴ བུམ་པ་བསྣམས་ལ་ཕྱག་འཚལ་ལོ། །ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟ༴ གཡོན་པ༴ ནོར་བུ་བསྣམས་ལ་ཕྱག་འཚལ་ལོ། །ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ༴ གཡོན་པ༴ རལ་གྲི་བསྣམས་ལ་ཕྱག་འཚལ་ལོ། །ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ་རྟ༴ གཡོན་པ༴ གསེར་གྲི་བསྣམས་ལ་ཕྱག་འཚལ་ལོ། །འབྲོག་གནས་སྐུ་མདོག་ནག་པོ་ལ། །རྫུ་
འཕྲུལ༴ གཡོན་པ༴ མདུང་དམར་བསྣམས་ལ་ཕྱག་འཚལ་ལོ། །ལྔ་རྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ༴ གཡོན་པ༴ ཁང་བརྩེགས་བསྣམས་ལ་ཕྱག་འཚལ་ལོ། །པི་ཙི་ཀུཎྜ་ལི་ནི་དཀར། །རྫུ་འཕྲུལ༴ གཡོན་པ༴ གྲི་ཕུབ་འཛིན་ལ་ཕྱག་འཚལ་ལོ། །ཀླུ་ཆེན་བརྒྱད་ནི་སྐུ་མདོག་སེར། །རིན་ཆེན་སྦྲུལ་གྱི་གདེངས་ཀས་བརྗིད། །ཕྱག་གཉིས་འདོད་དགུའི་ཆར་འབེབས་པའི། །ནོར་བུ་འཛིན་ལ་ཕྱག་འཚལ་ལོ། །ཤར་དུ་རིང་པོ་མིག་བཟང་དང༌། །གང་པོ་སེར་སྐྱ་ས་པ་གནས། །སེང་གེ་ཉེ་སེང་དུང་ཅན་དང༌། །དགའ་བ་ཤིན་དུ་ས་པ་ལྷོ། །སེང་གེ་སེང་གེའི་རལ་པ་དང༌། །བླ་མ་སེར་སྐྱ་ནག་པོ་ནུབ། །འཛིན་པ་འཛིན་དགའ་བརྩོན་སྐྱོང་དང༌། ཁྱབ་འཇུག་ཉེ་ནག་བྱང་དུའོ། །ལྔ་སྤྱོད་ཉི་མ་བྱང་ཤར་ན། །མེ་རུ་ཚིགས་ལྔ་སེར་པོ་བཟླ། །རི་མཉམ་མེ་ནི་ལྷོ་ནུབ་ཏུའོ། །སེར་ཅན་རླུང་ནི་ནུབ་བྱང་ན། །གནོད་སྦྱིན་སྡེ་དཔོན་ཉི་ཤུ་བརྒྱད། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །སྨུག་ནག་རིན་ཆེན་རྒྱན་གྱིས་བརྒྱན། །གྲི་ཕུབ་འཛིན་ལ་ཕྱག་འཚལ་ལོ། །དབང་པོ་ཟླ་བ་ཆུ་ཟླ་དང༌། །སྐྱེ་བདག་གདོས་པའི་རྒྱལ་མཚན་དང༌། །དབང་ལྡན་ཙན་དན་འདོད་པའི་གཙོ། །མགྲིན་ངན་མགུལ་ངེས་པ་ཊི་
དང༌། །ནོར་བུ་ནོར་སྤྱོད་དགྲ་རབ་དང༌། །ཉེར་ལྔ་དང་ནི་རི་མཉམ་དང༌། །གསེར་ཅན་གང་པོ་སེང་ལྡེང་དང༌། །གཡོན་ཕྱོགས་ལྷ་དང་བ་གླང་སྐྱོང༌། །འབྲོག་གནས་མི་ཡི་རྒྱལ་པོ་དང༌། །རྒྱལ་བ་ཁྱུ་མཆོག་ཚིག་ལྔ་སེར། །བཞིན་བཟང་དང་ནི་རིང་པོ་དང༌། །དྲི་ཟ་སྣ་ཚོགས་འབྲས་བུ་གསུམ། །མགུལ་གསུམ་ལྕགས་མདུང་རིང་པོ་དང༌། །ལྷ་ལས་བྱུང་བའི་མ་ལྡན་ཏེ། །ས་གའི་རིགས་ལས་བྱུང་བ་ཡི། །སྟོབས་ཆེན་སུམ་ཅུ་རྩ་གཉིས་ཡིན། །སྟེང་འོག་ཕྱོགས་མཚམས་བསྲུང་ཞིང་སྐྱོང༌། །ལྗང་ནག་གྲི་མདུང་འཛིན་ལ་བསྟོད། །ལྷ་རྒྱལ་དཀར་པོ་རྡོ་རྗེ་འཛིན། །ཀླུ་རྒྱལ་དཀར་པོ་སྦྲུལ་ཞགས་བསྣམས། །གནོད་སྦྱིན་སེར་པོ་ནེའུ་ལེ་བསྣམས། །དྲི་ཟ་དམར་པོ་རྒྱུད་མངས་ཅན། །ལྷ་མིན་སྔོན་པོ་གོ་མཚོན་འཛིན། །མཁའ་ལྡིང་གསེར་མདོག་གཤོག་པ་རྒྱས། །མི་ཅིའི་རྒྱལ་པོ་རྟ་མགོ་ཅན། །ལྟོས་འཕྱེ་སྔོན་པོ་སྦྲུལ་མགོ་ཅན། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས། །ཀུན་ཀྱང་རང་མདོག་རྒྱན་གྱིས་བརྒྱན། །ཕྱག་གཡས་མཚོན་ཆ་སྣ་ཚོགས་དང༌། །གཡོན་པ་ནེའུ་ལེ་འཛིན་ལ་བསྟོད། །དེ་ལྟར་བསྟོད་ཅིང་རབ་བསྔགས་པས། །བདག་ཅག་འཁོར་བཅས་བསྲུང་བ་དང༌། །འདོད་པའི་དོན་རྣམས་འགྲུབ་པ་དང༌། །བགེགས་རྣམས་མ་ལུས་
མེད་པར་མཛོད། །ཚེ་དང་བསོད་ནམས་འཕེལ་བ་དང༌། །འཁོར་དང་ལོངས་སྤྱོད་རྒྱས་པ་དང༌། ཁམས་གསུམ་དབང་དུ་བསྡུ་བ་དང༌། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །སྤྲོ་ན། བྱང་ཕྱོགས་སྐྱོང་བ་ནས། མྱུར་དུ་འགྲུབ་པར་མཛོད། ཀྱི་བར་ཀྱང་བརྗོད། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། བཻ་རིང་པོ་བརྗོད་པས་པད་འདབ་ཀྱི་བཻ་རྣམས་གཤེགས། འོད་ཀྱི་ལྕགས་ཀྱུ་བཀྲོལ་བར་བསམ། ཨོཾ་ཁྱོད་ཀྱིས་སེམས་ཅན་སོགས་དང༌། བཛྲ་མུཿ ཡེ་ཤེས་པ་བྱང་ཕྱོགས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བརྗོད་དོ། །འདིའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་སྣ་ཚོགས་པདྨ་འདབ་བརྒྱད་མུ་ཁྱུད་དང་བཅས་པ་བྲི། དེའི་སྟེང་དུ་རྟེན་གཏོར་ཁང་བཟང་གསུམ་བརྩེགས་འཁོར་ས་རིམ་པ་གསུམ་སོགས་སྒོམ་དོན་དང་མཐུན་པ་འགོད་པ་རྒྱས་པའི་ལུགས་དང༌། ཟླུམ་གཏོར་གཙོ་འཁོར་དགུ་པ་འགོད་པ་འབྲིང་པོའི་ལུགས་དང༌། མཎྜལ་མི་འབྲི་བར་གཏོར་མ་ཁོ་ན་བྱེད་པ་བསྡུས་པའི་ལུགས་གསུམ་པོ་གང་གིས་ཀྱང་ཆོག་མོད། དེང་སང་ལག་ལེན་རྒྱས་པ་ལ་མཛད་ཅིང༌། དེ་ཡང་གཏོར་མ་བྱེད་པ་རྒྱ་གར་པའི་ལུགས་དང༌། ཁང་བཟང་བྱེད་པ་རྒྱ་ནག་གི་ལུགས་ཡིན་གསུང༌། དེའི་མདུན་ནམ་གཡས་ཕྱོགས་སུ་ཡི་དམ་དང་ཆོས་སྐྱོང་གི་འབུར་གཏོར་བཤམ། མཆོད་པ་དང་སྤྱན་གཟིགས་གཞན་རྣམས་ཀྱང་ཅི་བདེ་བར་བཀོད་ནས། བགེགས་གཏོར་བཏང༌། མཆོད་པ་བྱིན་རླབས་བྱ།
གོས་སྔོན་ཅན་གྱི་བདག་བསྐྱེད་དང༌། གཏོར་འབུལ་སྔོན་དུ་འགྲོ་བས། གོང་དུ་བསྟན་པ་ལྟར་མདུན་བསྐྱེད་ཆོས་སྐྱོང་ཆེན་པོ་རྣམ་ཐོས་སྲས་འཁོར་བཅས་བསྐྱེད་ཅིང་མཆོད་གཏོར་འབུལ་བ་དང༌། བཟླས་པ་སོགས་རྗེས་ཆོག་མ་གཏོགས་གོང་དུ་བསྟན་པ་རྣམས་ཚང་བར་བྱས། སློབ་མ་རྣམས་ཁྲུས་བྱས། གོས་གསར་པ་གྱོན། ཕྱག་དང་མེ་ཏོག་བཀྱེ་བསྡུ་སྔོན་དུ་འགྲོ་བས། བགེགས་གཏོར་བཏང་ལ་བགེགས་བསྐྲད། སེམས་བསྐྱེད་གསལ་བཏབ། ཆོས་བཤད་དང་འདིའི་ལོ་རྒྱུས་ཅི་རིགས་པར་བཤད། མཎྜལ་འབུལ་དུ་བཅུགཁྲོ་ཕུ་བའི་ལག་ལེན་ལྟར་ན། རྡོ་རྗེ་འཛིན་པ་སོགས་ཀྱི་གསོལ་བཏབ་བྱེད། དཀྱུས་ཀྱི་ལག་ལེན་ལྟར་ན། གནོད་སྦྱིན་གཏེར་སྐྱོང་རིན་ཆེན་ལྟ་བུའི་སྐུ། །ཆེ་མཆོག་བསམ་གྱིས་མི་ཁྱབ་ཡོན་ཏན་རྫོགས། །སྒྲུབ་མཆོག་བདག་ལ་མཆོག་དང་ཐུན་མོང་གི །དངོས་གྲུབ་མ་ལུས་དུས་འདིར་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། ཁྲོ་ཕུ་བའི་ལག་ལེན་ལ་རྒྱུན་བཤགས་མི་མཛད་དོ། །དངོས་གཞི་ནི། ཐོག་མར་སློབ་མ་ཕྱག་རྡོར་གྱི་མངོན་རྟོགས་རིགས་བདག་གི་བར་རྫོགས་པར་ཕོགམདུན་གྱི་གཏོར་མ་ལ་དམིགས་སུ་བཅུག་སྟེ། ཨོཾ་སྭ་བྷཱ་ཝ་ནས། ཐུགས་ཀར་ཧཱུཾ་གི་བར་གོང་བཞིན་བསྒོམ་པ་ལས། སྤྱན་འདྲེན་གྱི་ཚེ་རོལ་མོ་དྲག་ལ་ཡུན་རིང་བར་བྱེད། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། མི་འཇིགས་སེང་གེའི་ཁྲི་སྟེང་ནས། ཕྱག་ཀྱང་འཚལ་གྱི་བར་གྱིས་བསྟོད།
སྐུའི་རྗེས་གནང་ངོ༌། །བླ་མའི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་རྒྱལ་པོའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་སྔགས་འཕྲེང་རིན་ཆེན་འབར་བའི་འཕྲེང་བ་ལྟ་བུ་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དབུལ་འཕོངས་བསལ། འཇིག་རྟེན་ཁམས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་སྔགས་འཕྲེང་ལ་ཐིམ། དེ་ཉིད་སློབ་མའི་ཁ་སྒོ་ནས་ཞུགས་ཏེ་སྙིང་གའི་ཧཱུཾ་ལ་ཐིམ། དེ་ནས་སྔགས་འཕྲེང་འཁོར་ལོ་ལྟར་འཁོར་བ་ལ་སེམས་གཏད་དུ་བཅུག་སྟེ། གཟུངས་ཚར་གསུམ། གཙོ་བོའི་སྙིང་པོ་བརྒྱ་རྩ་བརྒྱད། རྟ་བདག་བརྒྱད་ཀྱི་སྙིང་པོ་ཚར་བདུན་བདུན་རྗེས་བཟློས་བྱེད་པའམ། བསྡུ་ན་ཐམས་ཅད་ལན་གསུམ་རེས་ཆོགསློབ་མས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། སློབ་དཔོན་གྱི་བགྲང་འཕྲེང་སློབ་མའི་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་གྱིས་བྱིན་གྱིས་བརླབས། གོང་བཞིན་མདུན་བསྐྱེད་ལ་མཆོད་བསྟོད་བྱ། སློབ་མ་གསང་བདག་གི་ང་རྒྱལ་བརྟན་པོ་བསྐྱེད་དུ་བཅུག་ལ། གཏོར་མ་ལག་ཏུ་གཏད་དེ། བླ་མ་བརྒྱུད་པའི་མཚན་ནས་བརྗོད་ཅིང༌། གཏོར་མའི་བཀའ་བསྒོ་དྲག་ཏུ་བྱ། དེ་རྗེས་ཁོ་ཕུ་བའི་ཕྱག་ལེན་ལྟར་ན་བར་ཆད་ཞི་བར་བྱ་བའི་ཕྱིར་དྲག་པོའི་རྗེས་གནང་མཛད་དེ། འདི་
ལྟར་ན་གོང་སྤྱན་འདྲེན་གྱི་སྐབས་ཕྱི་འབྲང་གི་བགེགས་བསྐྲད་མི་དགོས། འོན་ཀྱང་སློབ་མ་ཡི་དམ་གྱི་བསྙེན་སོང་ཡིན་ན་མ་གཏོགས། དྲག་པོའི་རྗེས་གནང་བཀའ་གཉན་པས་ཅི་ཐོད་ཐོད་དུ་མི་བྱའོ། །ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་སློབ་མ་འདིའི་རྗེས་བཟློས་བྱེད་དུ་བཅུག་སྟེ། སློབ་དཔོན་དགོངས་སུ་གསོལ། མིའི་འཇིག་རྟེན་དུ་བདག་མིང་འདི་ཞེས་བགྱི་བ་ལ་ཆོས་དང༌། ལོངས་སྤྱོད་དང༌། རིན་པོ་ཆེའི་ཕུང་པོ་ལ་སོགས་པ་ཤིན་ཏུ་རྒྱས་པར་གྱུར་ཅིག །ཅེས་ལན་གསུམ་དང༌། སྤྲོ་ན། འདོད་པའི་ཁམས་ན་ལོངས་སྤྱོད་པའི། །དངོས་གྲུབ་བདག་གིས་ཀུན་ཐོབ་ནས། །བླ་མ་ཡི་དམ་དཀོན་མཆོག་མཆོད། །འཕྲིན་ལས་རྣམ་བཞི་རྫོགས་པར་ཤོག །རིན་ཆེན་སྣ་བདུན་ལོངས་སྤྱད་ནས། །གཏེར་གྱི་དངོས་གྲུབ་ཕྱུགས་རྣམས་དང༌། །གཟི་བརྗིད་དང་ལྡན་ཆོས་སྐྱོང་གིས། །རྟག་ཏུ་བདག་ལ་སྲུང་གྱུར་ཅིག །བར་མཛོད་འབྲུ་དང་འདོད་འཇོའི་བ། །རྒྱལ་མཚན་འཁོར་ལོས་བསྒྱུར་བ་དང༌། །ཐོགས་མེད་རྫུ་འཕྲུལ་གྲུབ་ནས་ནི། །ལས་མཆོག་བདེ་ལ་གནས་པར་ཤོག །ཅེས་པའམ། བསྡུ་ན་ཚིགས་བཅད་ཐ་མ་ལན་གསུམ་བརྗོད། ཁྲོ་ཕུ་བའི་ལུགས་ལ་སྨོན་ལམ་འདི་མི་མཛད། རྗེས་ཁས་བླངས། མཎྜལ། ཡོན་འབུལ་བ་རྣམས་སྤྱི་དང་འདྲ་ཞིང༌། མདུན་བསྐྱེད་ཀྱི་རྗེས་ཆོག་གོང་དུ་བསྟན་པ་བཞིན་བྱ། དགའ་སྟོན་ཡང་རྒྱ་ཆེར་སྤེལ་ལོ། །རྣམ་སྲས་
སྒྲུབ་ཐབས་ཀུན༵་དག༵འི་ཕུལ། །སྤལ་ཏིའི་བཞེད་པ་གཞུང་བསྲང་ནས། །ལུགས་གཞན་ཁྱད་པར་གསལ་བཀོད་པ། །སྙིང༵་པོ༵འི་ཡི་གེ་ངོ་མཚར་རྨད། །རྒྱལ་པོ་ཆེན་པོ་རྣམ་སྲས་སེར་ཆེན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
ངལ་གསོས་རྒྱལ་པོའི་སྒྲུབ་ཐབས།
ངལ་གསོས་རྒྱལ་པོའི་སྒྲུབ་ཐབས་ནི། ཨོཾ་སྭཱ་སྟི། དབང་གི་ལས་ལ་ཆེར་བསྔགས་ཤིང༌། །ཕ་རོལ་གཡུལ་རྣམས་འཇོམས་ལ་དཔའ། །ངལ་གསོས་རྒྱལ་པོའི་སྒྲུབ་ཐབས་ནི། །མདོར་བསྡུས་ཙམ་ཞིག་བྲི་བར་བྱ། །རྒྱལ་པོ་མེར་ཆེན་གྱི་སྒྲུབ་ཐབས་ཤེས་ནས་འདི་ལ་འཇུག་པར་བྱ་སྟེ། མཆོད་གཏོར་བཤམས། མཆོད་པ་བྱིན་གྱིས་བརླབས། བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་བསངས་སྦྱངས། ཨེ་ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་བྷྲུཾ་ལས་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། རྡོ་རྗེ་ས་གཞི་ལ་གནས་ཤིང་རྡོ་རྗེ་རྭ་བས་བསྐོར་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནང་གི་ལྷ་སྣམ་ཕྱོགས་ཀྱི་མདོག་ཅན་དུ་གནས་པའི་དབུས་སུ། འཁོར་ལོ་སྔོན་པོ་རྩིབས་བཞི་པའི་ལྟེ་བ་ལ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གནས་པའི་རྟ་སྔོ་ནག་ལུས་ཉམས་རྩལ་དང་ལྡན་པ། གསེར་གྱི་སྒ་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་སྟེང་དུ་བཻ་དམར་པོ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁམས་གསུམ་དབང་དུ་བསྡུས། སླར་
ཐིམ་པ་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཆེ་བ་གཙིགས་པ། སྤྱན་གཉིས་དམར་ལ་ཟླུམ་པ། སྨིན་མ་དང་སྨ་ར་དམར་སེར་མེ་ལྟར་འབར་བ། ཕྱག་གཡས་མདུང་དམར་དར་ཆེན་བཅས་འཕྱར་ཞིང༌། གཡོན་གཏེར་གྱི་ནེའུ་ལེ་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་ཀྱི་ཆར་འབེབས་པ། དར་སྣ་ཚོགས་ཀྱི་ན་བཟའ་ལྷབ་ལྷུབ་དང༌། བསེ་ཁྲབ་གསོལ་བ། གསེར་གྱི་སྐེ་རགས་ཅན། དབུ་ལ་རྨོག་ཞུ་དང༌། ཞབས་ལ་བསེའི་ལོ་ཁྲམ་གསོལ་བ། ཁམས་གསུམ་མ་ལུས་དབང་དུ་བསྡུ་བའི་འོད་ཟེར་འབར་བའི་དབུས་ན་བཞུགས་པའོ། །འཁོར་ལོའི་རྩིབས་བཞི་ལ། ཤར་དུ་ཤ་ཡིག་ལས་སྲས་གཟའ་མཆོག་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྐུ་སྟོང་སྲིན་པོའི་ལུས་ལ་སྐུ་སྨད་སྦྲུལ་འཇུག་ཏུ་འཁྱིལ་བ། དབུ་དགུའི་སྟེང་ན་བྱ་རོག་གི་མགོ་ཡོད་པ། མགོ་ལུས་ཐམས་ཅད་མིག་གིས་གང་བ། ཕྱག་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང༌། གཡོན་སྦྲུལ་ཞུགས་འཛིན་པའོ། །ལྷོ་རུ་ར་ལས་གནོད་སྦྱིན་དྷ་ན། ནུབ་ཏུ་མ་ལས་གནོད་སྦྱིན་ཀ་ལ། བྱང་དུ་ན་ལས་གནོད་སྦྱིན་ཀུ་བེ་ར། དེའི་ཕྱི་རོལ་ལྷ་སྣམ་གྱི་ཕྱོགས་བཞིར། ཤར་དུ་ཤ་ལས་གནོད་སྦྱིན་བུམ་སྣ། ལྷོ་རུ་ས་ལས་གནོད་སྦྱིན་དུང་སྣ། ནུབ་
ཏུ་ཧ་ལས་གནོད་སྦྱིན་སྣ་གསུམ། བྱང་དུ་ཨཾ་ལས་གནོད་སྦྱིན་སྣ་བོ་ཆེ། དེ་ལྟར་བདུན་ཀའང་ཐུང་ཞིང་གསུས་པོ་ཆེ་བ་འཇིགས་པའི་གཟུགས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཤར་སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ། ལྷོ་སྒོར་ཧཱུཾ་ལས་ཞགས་པ་མ་སེར་མོ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ། བྱང་སྒོར་ཧོཿལས་དྲིལ་བུ་མ་ལྗང་ཁུ། ཐམས་ཅད་འཛུམ་ཁྲོ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །རྒྱས་པ་ལ་སྤྲོ་ན། བསྟོད་པ་ལྟར་བསྐྱེད་ཆོག་ཀྱང་རྒྱས་པ་བཞིན་བྱའོ། །དེ་ནས་སྤྱན་འདྲེན་ནས་དབུ་བརྒྱན་པའི་བར་གསེར་ཆེན་དང་འདྲ། མཆོད་པའང་སྤྲོ་ན་གསེར་ཆེན་ལྟར་རྒྱས་པར་ཕུལ་བའི་རྗེས་ལ། འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཐུགས་དམ་བསྐང་བ་རྣམས་བྱ། བསྡུ་ན་ཨརྒྷཾ་ལ་སོགས་པས་མཆོད། བསྟོད་པ་ནི། བཻ། རིན་ཆེན་མགོན་པོ་བཅོམ་ལྡན་འདས། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །འགྲོ་བའི་བསམ་པ་རྫོགས་མཛད་པ། །ངལ་གསོས་པོ་ལ་ཕྱག་འཚལ་ལོ། །འོག་མིན་གནས་མཆོག་བླ་མེད་ནས། །བྱང་ཆུབ་སེམས་དཔའ་རིན་ཆེན་མང༌། །འགྲོ་བའི་རེ་འདོད་སྐོང་མཛོད་པ། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །དྲང་སྲོང་རྣམ་མང་ཐོས་པ་དང༌། །བཙུན་མོ་དཔལ་ཚུལ་
བཟང་མོ་ཡི། །སྲས་སུ་སྨོན་ལམ་རྫོགས་མཛད་པ། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་ན། །བཟང་པོའི་ཁྲི་ལ་བཞུགས་ནས་ནི། །གཏེར་ཆེན་བཞི་ལ་མངའ་མཛད་པ། །ཛམྦྷ་ལ་ལ་ཕྱག་འཚལ་ལོ། །ལྷ་ཆེན་ཁྱོད་ནི་ཁྲོས་པའི་ཚེ། །སྤྱན་རྩ་དམར་པོ་བཟློག་པ་ཡིས། །དགྲ་ལ་མི་ནད་ཕྱུགས་ནད་གཏོང་། །ལུས་ངན་པོ་ལ་ཕྱག་འཚལ་ལོ། །གཤིན་རྗེ་ཡ་མཱནྟ་ཀ་ཡིས། །གདོང་དམར་འདུལ་བར་དབང་བསྐུར་བ། །གཤིན་རྗེ་དམར་པོ་སྲོག་གི་བདག །མ་རུ་རྩེ་ལ་ཕྱག་འཚལ་ལོ། །རྒྱ་གར་རྡོ་རྗེ་གདན་དྲུང་དུ། །རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །ཆོས་འཁོར་བསྲུང་མར་དབང་བསྐུར་བ། །སྒོ་བ་ཆེ་ལ་ཕྱག་འཚལ་ལོ། །གྲུ་གུའི་ཡུལ་དུ་གཤེགས་པའི་ཚེ། །གྲུ་གུ་རྟ་དམག་རྒྱལ་པོ་ཡིས། །སྲུང་མ་ཆེན་པོར་དབང་བསྐུར་བ། །ཀུ་བེ་ར་ལ་ཕྱག་འཚལ་ལོ། །རྒྱ་ནག་ཡུལ་དུ་གཤེགས་པའི་ཚེ། །རྒྱ་རྗེ་དར་བཙན་དམར་པོ་ཡིས། །ཏེ་དེའི་སྲུང་མར་མངའ་གསོལ་བ། །མདུང་དམར་ཅན་ལ་ཕྱག་འཚལ་ལོ། །བོད་ཡུལ་དབུས་ཀྱི་བསམ་ཡས་སུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སྲུང་མ་ཆེན་པོར་དབང་བསྐུར་བ། །ཆོས་ཀྱི་རྒྱལ་པོར་ཕྱག་འཚལ་ལོ། །ཆོས་སྐྱོང་རྒྱལ་པོ་རྫུ་འཕྲུལ་ཅན། ཁྱོད་ཀྱི་
མཐུ་སྟོབས་བསམ་མི་ཁྱབ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །ད་ལྟ་བདག་གི་མགོན་མཛོད་ཅིག །སྲས་མཆོག་དམ་པ་རཱ་ཧུ་ལ། །མགོ་དགུ་སྲིན་པོའི་ཆ་ལུགས་ཅན། །ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །གནོད་སྦྱིན་དྷ་ན་སྐུ་མདོག་སེར། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་པ། །རྩེ་གསུམ་ཐོད་ཁྲག་འབར་བ་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ་བསྟོད། །ཚིག་རྐང་གཉིས་པ་དང་བཞི་པ་དེ་ཁོ་ན་བཞིན་དུ་སྦྱར་བ། གནོད་སྦྱིན་ཀ་ལ་འཇིགས་གཟུགས་སྨུག །ཞལ་གཅིག་ཕྱག་གཉིས༴ བེ་ཅོན་ཐོད་ཁྲག་འབར་བ་འཛིན། །གདུག་པ༴ ཀུ་བེ་ར་ནི་སྐུ་མདོག་ལྗང༌། །ཞལ་གཅིག༴ དབྱུག་ཐོ་འབར་བ་ཐོད་ཁྲག་འཛིན། །གདུག་པ༴ དྲེགས་པ་བུམ་སྣ་དམར་ལྗང་ལ། །ཞལ་གཅིག༴ རྒྱལ་མཚན་དང་ནི་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་དུང་སྣ་སེར་ལྗང་ལ། །ཞལ་གཅིག༴ མདུང་དམར་དང་ནི་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་སྣ་གསུམ་ལྗང་ནག་ལ། །ཞལ་གཅིག༴ མདུང་དམར་རྩེ་གསུམ་ནེའུ་ལེ་འཛིན། །གདུག་པ༴ དྲེགས་པ་སྣ་ཆེན་དཀར་ལྗང་ལ། །ཞལ་གཅིག༴ དབྱུང་ཐོ་འབར་བ་ནེའུ་ལེ་འཛིན། །ཞེས་འདོན་པ་སྤོ། ཤར་ཕྱོགས་སྒོ་སྲུང་
ཆེན་མོ་ནི། །དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཁྲོ་བཞད་བརྐྱང་བསྐུམ་གར་གྱིས་རོལ། །ལྕགས་ཀྱུ་འཛིན་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་ཚིགས་རྐང་གསུམ་ལ་འདོན་པ་སྤོས་ལ། ལྷོ་ཕྱོགས་སྒོ་སྲུང༴ སེར་མོ་ཞལ༴ ཁྲོ་བཞད༴ ཞགས་པ་འཛིན་ལ༴ ནུབ་ཕྱོགས༴ དམར་མོ༴ ཁྲོ་བཞད༴ ལྕགས་སྒྲོག༴ བྱང་ཕྱོགས༴ ལྗང་ནག༴ ཁྲོ་བཞད༴ དྲིལ་བུ༴ ཕྱི་རོལ་ཁོར་ཡུག་ལ་གནས་པའི། །གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ཀུན། །ལྕགས་ཀྱུ་དང་ནི་ནེའུ་ལེ་འཛིན། །ལས་ཀུན་སྒྲུབ་མཛད་ཁྱོད་ལ་བསྟོད། །དེ་ནས་བཟླས་དམིགས་གསལ་བཏབ་ལ། ཨོཾ་མཧཱ་རཱ་ཛ་ཡཀྵ་ས་མ་ཡེ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྣ་ཧྲི་ཧྲི་ཛ་ཛཿ ཞེས་ཅི་ནུས་བཟླ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ། ཨ་ལས་མི་མགོའི་སྒྱེད་པུ་གསུམ། ཨོཾ་ལས་ཐོད་པའི་ནང་དུ་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་རྣམས་ལས་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནོད་བྱེད་གདུག་པ་ཅན་ཐམས་ཅད་བཀུག་སྟེ་བསྒྲལ་བའི་ཤ་ཁྲག་གི་ཕུང་པོ་ཆེན་པོ་དང་གཏོར་མ་གཅིག་ཏུ་འདྲེས་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུཾ་སོགས་སེར་ཆེན་གྱི་སྐབས་དང་འདྲ། ཨ་མྲྀ་ཏའི་མཐར། ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་ཨི་དཾ་
སོགས་ཀྱིས་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རིན་ཆེན་མཛེས་པའི་ཕོ་བྲང་ན། ཁམས་གསུམ་དབང་དུ་བྱེད་པའི་ལྷ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །མདུང་དམར་འཛིན་ལ་ཕྱག་འཚལ་ལོ། །བཻ་བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །སྲས་དང་བློན་པོ་སྒོ་མ་དང༌། །གནོད་སྦྱིན་བྱེ་བའི་ཚོགས་དང་བཅས། །འཁོར་བཅས་མ་ལུས་ཐམས་ཅད་ཀུན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །བུ་སྡུག་བཞིན་དུ་བསྐྱང་བ་དང༌། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །གཞན་ཡང་བདག་ཅག་འཁོར་བཅས་ལ། །ལོག་པར་ཞུགས་པའི་དགྲ་དང་བགེགས། །དེ་ཡི་ཕྲུ་མ་གཞོམ་པ་དང༌། །གཏན་ནས་བརླག་པའི་འཕྲིན་ལས་མཛོད། །དེ་ལྟར་བཅོལ་བའི་ལས་འདི་དག །དམ་ཚིག་ལྡན་པ་ཁྱེད་རྣམས་ཀྱིས། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །མ་གཡེལ་ད་ལྟ་འགྲུབ་པར་མཛོད། ཅེས་འཕྲིན་ལས་གཞོལ། བསྐང་བ་རྒྱས་པར་བྱེད་ན་སྐབས་འདིར་བྱ། རྗེས་ཆོག་སེར་ཆེན་གྱི་སྐབས་དང་འདྲའོ། །དེའི་རྗེས་གནང་བྱེད་པར་འདོད་ན་ལེགས་པར་འགྲུབ་ན་སྒོམ་དོན་དང་མཐུན་པའི་དཀྱིལ་འཁོར། རྡུལ་མཚོན་ནམ། རས་བྲིས་དགྲམ། བསྡུ་ན་པདྨ་དམར་པོ་འདབ་བརྒྱད་ཀྱི་སྟེང་དུ། གཏོར་མ་གྲུ་གསུམ་ལ་མདུང་དམར་སྔགས་ཅན་བཙུགས། བྲིས་སྐུ་དང་མཆོད་གཏོར་བཤམ། དུང་
ཆོས་དྲི་བཟང་གིས་གང་བ་དང༌། རྡོ་དྲིལ་རོལ་མོ་སོགས་ཚང་བར་བྱས་ལ། གསང་བདག་གི་བདག་བསྐྱེད་སྔོན་དུ་འགྲོ་བས་གོང་བཞིན་འདོད་དོན་གསོལ་བཏབ་ཀྱི་བར་དུ་མདུན་བསྐྱེད་ཀྱི་ཆོ་ག་གྲུབ་པ་ན་རྗེས་གནང་བྱ་སྟེ། གསོལ་གདབ་ནི། ཐུགས་རྗེ་ཆེན་པོའི་གཏེར་མངའ་བ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བདག་སོགས་དབུལ་ཕོངས་བསྐྱབ་པའི་ཕྱིར། །གཏེར་ཆེན་གྲུབ་པ་བདག་ལ་སྩོལ། །ཞེས་སོ། །དེ་ནས། རྒྱལ་ཆེན་རྣམ་མང་ཐོས་པ་ནི། ཁྱོད་ཀྱིས་བརྩོན་པར་མཆོད་ནུས་སམ། །འཕྲིན་ལས་བཅོལ་དང་དམ་ཚིག་རྣམས། །རྗེས་སུ་མཐུན་པར་བྱེད་ནུས་སམ། །ཞེས་སློབ་དཔོན་གྱིས་དྲིས་པ་ལ། གཙོ་བོས་ཇི་ལྟར་སོགས་རྗེས་བཟློས་ཀྱི་ལན་གདབ། རྒྱུན་བཤགས་ནས། མཆོད་བསྟོད་ཀྱི་བར་སེར་ཆེན་ཉིད་ཀྱིས་རིགས་འགྲེ། ལྕགས་ཀྱི་རྡོ་རྗེ་སློབ་མའི་སྤྱི་བོར་བཞག འདི་ནི་ཡེ་ཤེས་རྡོ་རྗེ་སྟེ། །སངས་རྒྱས་ཐམས་ཅད་ཀུན་གྱི་བདག །དྲེགས་པ་སྤྱིའི་གཉེན་པོ་མཆོགཁྱོད་ལ་བདག་གིས་དེང་འདིར་བསྐུར། །ཨོཾ་མཧཱ་ཨ་བྷི་ཥིཉྩ་ཏུ་མཾ་ཨོཾ་ཨཱཿཧཱུཾ་སྭཱཧཱ། དྲེགས་པ་སྤྱི་འདུལ་བའི་རྗེས་གནང་གཏོར་མ་ཆེན་པོ་སྙིང་གར་གཏད་ལ། མདུན་བསྐྱེད་ལས་རྒྱལ་པོ་མདུང་དམར་ཅན་གཉིས་པ་ཆད་ནས། སློབ་མའི་སྙིང་གར་ཐིམ་ལུས་དང་གྲིབ་མའི་ཚུལ་དུ་བཞུགས་པར་མོས། ཨོཾ་བཻ་རཱ་ཛ་ས་མཱ་ཡ་སིདྡྷི་ཛཿཧཱུཾ་བཾ་ཧོཿ འདི་ནི་རྒྱལ་པོ་ཆེན་པོ་སྟེ། ཁམས་གསུམ་དབང་དུ་སྡུད་པའི་ལྷ། །
དངོས་གྲུབ་གཉེན་པོ་ཆེན་པོ་འདིས། ཁྱོད་ལ་དབང་བསྐུར་ཐོབ་གྱུར་ཅིག །ཀཱ་ཡ་སིདྡྷི་ཨོཾ། །ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་སྐུ་དངོས་ཀྱིས་བྱིན་གྱིས་བརླབས། མདུང་དམར་ལག་ཏུ་གཏད་ལ། འདི་ནི་དབང་གི་མདུང་དམར་ཏེ། །ཚེ་དང་བསོད་ནམས་རྒྱས་པར་བྱེད། །འགྲོ་བ་ཐམས་ཅད་དབང་དུ་སྡུད། །དབང་གི་ལས་ཀྱིས་དབང་བསྐུར་སྦྱིན། །ཨོཾ་བཻ་རཱ་ཛ་མ་མ་དུང་དུང་ཕཊ། དབང་གི་ལས་ཀྱི་རྗེས་གནང་ངོ༌། །དུང་ཕོར་ནས་དྲི་བཟང་ལྕེ་ལ་བཞགགཏོར་མ་ནས་ཅུང་ཟད་བཅད་དེ་དངོས་གྲུབ་ཏུ་སྦྱིན། བདུད་རྩིའི་རོ་མཆོག་དམ་པ་ཡིས། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབས། །འཇིག་རྟེན་གསུམ་གྱི་བཅུད་ཐམས་ཅད། །བདུད་རྩིར་བསྒྱུར་ནས་གཏད་ཅིང་བསྐུར། །ཨོཾ་པཉྩ་ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཧཱུཾ། དངོས་གྲུབ་ཀྱི་རྗེས་གནང་ངོ༌། །མཐར་གཏོར་དབང་བསྐུར་བའི་ལུགས་ཀྱང་འདུག་མོད་ཀྱི། འདི་ཉིད་ཀྱི་གཏོར་དབང་ནི་སྐུ་དངོས་ཀྱི་རྗེས་གནང་ཉིད་ཡིན་པས། ལོགས་སུ་མི་དགོས་པར་མངོན་ནོ། །སྨོན་ལམ་གདབ་པ་མན་ཆད་ཀྱང་སེར་ཆེན་གྱི་སྐབས་དང་འདྲའོ། །རྒྱལ་ཆེན་སྒྲུབ་ཐབས་ངོ་མཚར་རྨད། །གཏེར་མ་ཀུན༵་གྱི་རྩ་བ་སྟེ། །རབ་དག༵འི་སྙིང༵་པོ༵་མདོར་བསྡུས་ཙམ། །རྗེས་གནང་བཅས་པ་གསལ་བར་བྲིས། །མདུང་དམར་ཅན་བྱ་རྒོད་གཤོངས་ཀྱི་གཏེར་མར་གྲགས་པ་ཕྱི་སྒྲུབ་རྟ་སྔོན་ཅན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །
གསང་སྒྲུབ་ལྗང་ཁུའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། དཔལ་ལྡན་རྒྱལ་པོ་ངལ་གསོས་པོ། །དེ་ལ་བཏུད་དེ་ཕྱག་འཚལ་ནས། །ནོར་སྒྲུབ་ཤིན་ཏུ་རྨད་བྱུང་བ། །གསང་སྒྲུབ་ལྗང་ཁུའི་སྒྲུབ་ཐབས་བཤད། །འདིའི་ཆོ་ག་སྤྱི་རྣམས་སེར་ཆེན་གཞིར་བཞག་པ་ལ་མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས། ཏྲི་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བཻ་ཡིག་ལྗང་ཁུ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་ཡིད་བཞིན་གྱི་ནོར་བུས་མཚན་པའི་བེ་ཅོན་ཐུགས་ཀར་འཛིན་པ། གཡོན་པས་དངོས་གྲུབ་སྟེར་བའི་ནེའུ་ལེ་བརླ་གཡོན་པ་ལ་བརྟེན་ཏེ་བསྣམས་པ། ཞི་འཛུམ་སྒེག་ལ་ཡན་ལག་རགས་ཤིང་གསུས་ཁྱིམ་ཆེ་བ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། ཞལ་ནས་ནོར་བུའི་ཆར་འབེབས་པ། ཕྲག་གོང་གཡས་གཡོན་ནས་ཉི་ཟླ་འཆར་བ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་གཏེར་གྱི་བུམ་པའི་སྟེང་ན་བཞུགས་པའོ། །དེའི་གཡོན་དུ་ཕུཿཡིག་ལས་ཡུམ་པདྨ་གཙུག་ཕུད་མ་སྐུ་མདོག་དམར་མོ། གཡས་ནོར་བུ་དང་གཡོན་བུམ་པ་འཛིན་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ནོར་བདག་གཏེར་ལ་མངའ་བརྙེས་པ། །ཀླུ་རྒྱལ་ཚོགས་ལ་དབང་ཡང་བསྒྱུར། །རྒྱལ་ཆེན་ཡབ་ཡུམ་འཁོར་བཅས་ལ། །གུས་པས་བསྟོད་དེ་ཕྱག་
ཀྱང་འཚལ། །ཞེས་བསྟོད། ཡབ་ཀྱི་སྔགས་ནི་སེར་ཆེན་དང་འདྲ། ཨོཾ་ནཱ་ག་ནི་བ་སུ་ཏེ་ཀུ་རུ་ཡེ་སྭཱཧཱ། ཡུམ་གྱི་སྔགས་སོ། །གཏོར་འབུལ་གྱིས་སྔགས་སེར་ཆེན་གྱི་གཏོར་སྔགས་བསྡུས་པ་དེས་མཛད། རྗེས་གནང་གི་གསོལ་བཏབ་དང༌། དྲི་བ་དྲི་ལན་མདུང་དམར་ཅན་གྱི་སྐབས་བཞིན་བྱེད། རྗེས་གནང་གི་ངོ་བོ་སེར་ཆེན་དང་འདྲ། སྲོག་འཁོར་གའུ་བླ་རྡོར་བཅས་པ་ཡོད་ན། སྒྲུབ་པའི་སྐབས་མཎྜལ་གྱི་དབུས་སུ་དེ་འཇོག་ཅིང༌། སློབ་མའི་སྙིང་གར་གཏུགས་ནས། རྒྱལ་ཆེན་འདི་ལ་སྩལ་ནས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་པ་ཐུགས་ཀྱི་རྗེས་གནང་གི་མཐར་མཛད། དེ་མ་འབྱོར་ན་བགྲང་འཕྲེང་སྙིང་གར་གཏུགས་ནས། རྒྱལ་ཆེན་སོགས་བརྗོད། རྟེན་གྱི་གཏོར་མ་ནོར་བུའི་གཟུགས་ཅན་ཁོ་ན་མཛད་པ་རྣམས་ཁྱད་པར་རོ། །ཟངས་དཀར་ལོཙྪའི་མན་ངག་ནི། །ཀུན༵་གྱི་མཐར་ཐུག་ཡིན་པར་བསྔགས། །རྒྱས་པའི་ལས་སྒྲུབ་ཆེས་དག༵འ་བ། །སྒྲུབ་ཐབས་སྙིང༵་པོ༵འི་ཡི་གེའོ། །རྒྱལ་ཆེན་རྣམ་ཐོས་སྲས་ལྗང་སེར་བེ་ཅོན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
རྣམ་སྲས་གསང་སྒྲུབ་དམར་པོ་གར་མཁན་མཆོག་གི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། སངས་རྒྱས་རིན་ཆེན་མང་པོ་ནི། །རེས་འགའ་བྱང་ཆུབ་སེམས་དཔའི་ཚུལ། །གཞན་དུ་གནོད་སྦྱིན་བདག་པོར་སྤྲུལ། །དེ་ལ་ཕྱག་འཚལ་སྒྲུབ་ཐབས་བཤད། །འདིར་མདུང་དམར་ཅན་གསང་སྒྲུབ་གར་མཁན་མཆོག་གི་སྒྲུབ་ཐབས་ནི། མདུང་དམར་རྟ་སྔོན་ཅན་གྱི་སྐབས་སུ་བཤད་པ་དང་སྒྲུབ་ཐབས་རྗེས་གནང་ནི་སྤྱི་འདྲ་བ་ལས། རྟཻན་གཏོར་དམར་པོ་ཟླུམ་པོ་ནོར་བུ་འབར་བའི་དབྱིབས་ཅན་གྱིས་རྩེ་མོ་མཚན་པ་ཞིག་བཤོམ། གཏོར་མ་བྱིན་རླབས་
སེར་ཆེན་དང་འདྲ། བྱ་བ་ཐམས་ཅད་དམར་སེར་གཉིས་ཀྱི་རིགས་འགྲེ་བ་ལས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལ་བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་མ་དྲུག་པའི་ལྟེ་བར་གཡུ་འབྲུག་སྔོན་མོ་མེའི་ཟེ་བ་ཅན་མགོ་གཡས་སུ་བསྟན་པ། དེའི་སྟེང་དུ་བཻ་ཡིག་དམར་སྨུག་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་གར་མཁན་མཆོག་སྐུ་མདོག་དམར་སྨུག་ཞལ་གསུམ་སྐུ་ལུས་དང་མཚུངས་པའི་མདོག་ཅན། ཕྱག་བཅོ་བརྒྱད་ཀྱི་དང་པོ་གཉིས་ནོར་བུས་གང་བའི་གཞོང་པ་འཛིན་པ། ལྷག་མ་བཅུ་དྲུག་རིམ་པ་བཞིན་དུ། རྒྱལ་མཚན་དབྱུག་ཏོ་རལ་གྲི་མདའ། །རྩེ་གསུམ་ཐོ་བ་བི་ཛ་པུར། །མདུང་དམར་རྣམས་ནི་གཡས་སུའོ། །ནེའུ་ལེ་པདྨ་སྒྲགས་པ་དང༌། །སྦྲུལ་ཞགས་འཁོར་ལོ་རྡོ་རྗེའི་ཞགས། །གཞུ་དང་བུམ་པ་རི་རབ་དང༌། །ཡོངས་འདུའི་ཤིང་སྡོང་གཡོན་ན་འཛིན། །དར་གྱི་ན་བཟའ་དང༌། གསེར་གྱི་གོ་ཁྲབ་མུ་ཏིག་གི་རྒྱན་ཅན་དང༌། སྦྲུལ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཁྲོ་འཛུམ་རལ་པའི་ཐོར་ཚུགས་ཅན་ནོ། །མདུན་དུ་ཡུམ་པདྨ་གཙུག་ཕུད་མ་དམར་མོ་བུམ་པ་དང་རིན་པོ་ཆེ་བསྣམས་པ། འདབ་མ་དྲུག་ལ་མདུན་ནས་བརྩམ་ཏེ་གཡས་བསྐོར་གྱིས། སྲས་ཉི་མ་ལ་དགའ་བ་དཀར་པོ་རིན་པོ་ཆེ་འཛིན་
པ་ལྷའི་ཆ་ལུགས་ཅན། ནོར་བུ་བཟང་པོ་དཀར་པོ་ལུག་གི་མགོ་ཅན་རྒྱལ་མཚན་འཛིན་པ། གང་བ་བཟང་པོ་སེར་པོ་རྟའི་མགོ་ཅན་བུམ་པ་འཛིན་པ། ཡང་དག་ཤེས་སྔོན་པོ་ཤ་བའི་མགོ་ཅན་ནོར་བུ་འཛིན་པ། སྲེད་སྤོང་དམར་སེར་རའི་མགོ་ཅན་གྲེ་བ་འཛིན་པ། བློན་པོ་རྒྱལ་བ་ཁྱུ་མཆོག་ལྗང་ཁུ་གླང་པོ་ཆེའི་མགོ་ཅན་གཞོང་པ་འཛིན་པ། ཁྱམས་སུ་གནོད་སྦྱིན་དང་ཀླུའི་ཚོགས་དཔག་ཏུ་མེད་པའོ། །སྔགས་ནི། ན་མོ་བཻ་ཤྲ་མ་ཎ་ཡེ། ན་ད་ཀུ་བེ་ར་མཧཱ་བྷ་ག་བྷྱ་ཀྲིཏྟ་བྷི་ན་དྷྱ་མ་ན་སིདྡྷི་སྭཱཧཱ། ཞེས་པའོ། །བསྟོད་པའི་སྐབས་སུ། དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །གར་མཁན་མཆོག་གི་གཟུགས་འཛིན་པ། །བཙུན་མོ་སྲས་དང་བློན་པོ་དང༌། །རྒྱལ་ཕྲན་འཁོར་དང་བཅས་ལ་བསྟོད། །ཅེས་དང༌། གཏོར་སྔགས་ཀྱི་སྐབས། ཨོཾ་བཻ་ཤྲ་ཝ་ཎ་ན་ད་ཀུ་བེ་ར་ས་པ་རི་ཝཱ་ར་ཞེས་བརྗོད། རྗེས་གནང་མདུང་དམར་ཅན་དང་འདྲ་བ་ལས། མདུང་དམར་ལག་ཏུ་གཏོར་བའི་ཚབ་ཏུ། ཟངས་གཞོང་འབྲུ་སྣ་སྨན་སྣ་ནོར་སྣ་ཟས་སྣས་གང་བ་གཏད་ལ། འདི་ནི་རྒྱས་པའི་གཏོར་གཞོང་སྟེ། ཁྱད་པར་རིགས་བརྒྱུད་ཕུན་སུམ་ཚོགས། །འཕེལ་ཞིང་རྒྱས་པར་བྱེད་པ་ཡི། །རྒྱས་པའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཻ་རཱ་ཛ་པུཥྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་པ་ཁྱད་པར་རོ། །ཀུན༵་ནས་གར་མཁན་མཆོག་གོ་ཞེས། །དག༵འ་བར་བསྔགས་པའི་རྣམ་ཐོས་བུ། །འཁོར་བཅས་སྒྲུབ་ཐབས་རྨད་བྱུང་གི །ཡི་གེ་སྙིང༵་པོ༵་ཙམ་ཞིག་སྤེལ། །རྣམ་སྲས་གསང་སྒྲུབ་དམར་པོ་གར་མཁན་མཆོག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
རྒྱལ་ཆེན་རྣམ་ཐོས་སྲས་གསུང་མཆོག་ལུས་ངན་པོའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། ཤིན་ཏུ་ཟབ་པའི་མན་ངག་ནི། །ཤོག་རིལ་དྲུག་པ་ལས་བྱུང་བའི། །སྙན་གྲགས་རྒྱ་ཆེར་སྒྲུབ་པའི་ཐབས། །དམར་པོ་ཆོས་དུང་ཅན་དེ་ཡིན། །སྒྲུབ་ཐབས་ཀྱི་ཡན་ལག་སེར་ཆེན་ཇི་ལྟ་བ་བཞིན་ལས། རྟེན་གཏོར་ཟླུམ་པོ་དམར་པོར་བྱེད། མདུན་བསྐྱེད་བསངས་སྦྱངས། རིན་པོ་ཆེའི་རི་བོའི་སྟེང་དུ་རིན་པོ་ཆེའི་ཁང་བཟང་དེའི་ནང་དུ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བཻ་ཡིག་དམར་པོ་ལས་དུང་དཀར་བཻས་མཚན་པ་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དམར་པོ་འོད་ཟེར་འཕྲོ་བ་ཞི་ཞིང་འཛུམ་ལ་སྒེག་ཅིང་ཤ་ཉམས་རྒྱས་པ། ཕྱག་གཉིས་ཀྱི་དུང་དཀར་པོ་གཡས་སུ་འཁྱིལ་བ་འབུད་ཅིང༌། སྒྲུབ་པ་པོ་ལ་སྙན་པའི་གྲགས་པས་སྟོང་གསུམ་ཁྱབ་པར་མཛད་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་གནོད་སྦྱིན་བརྒྱད་དང༌། གནོད་སྦྱིན་མོ་བརྒྱད་པོ་ཐམས་ཅད་ཀྱང་ཁམས་གསུམ་དབང་དུ་བསྡུ་བའི་ཆ་ལུགས་ཅན་དུང་དཀར་འབུད་པའོ། །བསྟོད་པ་ནི། རྡོ་རྗེ་འཇིགས་བྱེད་ལུས་ངན་པོ། །དཔལ་དང་གྲགས་པ་རབ་འཕེལ་བ། །གསུང་མཆོག་རྒྱལ་པོ་རྣམ་ཐོས་སྲས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་བསྟོད། སྔགས་
ནི། ཨོཾ་བཻ་ཤྲ་མ་ཎ་མ་མ་ཀཱིརྟི་པུཥྟིཾ་ཀུ་རུ་སྭཱཧཱ། ལྷག་མ་གཏོར་ཆོག་དང༌། རྗེས་གནང་གི་ངོ་བོ་ཐམས་ཅད་སེར་ཆེན་ཉིད་འདོན་པ་སྤོས་པས་ཆོག །ཀུན༵་ལ་མ་གྲགས་ཆེས་དཀོན་ཡང་། ཁུངས་མའི་མན་ངག་རབ་དག༵འ་བ། །ཡིག་རྙིང་དོན་གྱི་སྙིང༵་པོ༵་ཙམ། །གསལ་བར་བྲིས་པ་ཨེ་མ་ཧོ། །རྒྱལ་ཆེན་རྣམ་ཐོས་སྲས་གསུང་མཆོག་ལུས་ངན་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
རྣམ་ཐོས་སྲས་དྲག་བྱེད་ཀྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། གསང་བདག་ཐུགས་ལས་སྤྲུལ་པ་ནི། །མངོན་སྤྱོད་ལས་ཀྱི་བདག་པོར་བསྔགས། །རྡོ་རྗེ་དྲག་བྱེད་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །ཆོ་ག་སྤྱི་ཕལ་ཆེར་སེར་ཆེན་དང་འདྲ་བ་ལས། རྟེན་གཏོར་ནག་པོ་གྲུ་གསུམ་སྙིང་གི་གཟུགས་ལྟ་བུ་བཤམ། འབུལ་གཏོར་མདུང་དམར་ཅན་བཞིན་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་གཞལ་ཡས་ཁང་དྲག་པོ་འབར་བའི་རྒྱན་གྱིས་བརྒྱན་པའི་དབུས་སུ། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བཻ་ཡིག་ནག་པོ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དུས་མཐའི་སྤྲིན་ལྟར་རབ་ཏུ་གནག་ལ་འཇིགས་པ། ཞལ་གཅིག་ཕྱག་གཉིས་གཡས་ཀ་ཤིའི་རས་ཀྱི་བ་དན་དཔྱངས་
པའི་རྡོ་རྗེའི་དབྱུག་ཐོ་ནམ་མཁའ་ལ་འཕྱར་བ། གཡོན་མཆོད་རྟེན་ནག་པོ་ཐུགས་ཀར་འཛིན་པ། སྤྱན་གསུམ་དམར་ལ་ཟླུམ་ཞིང་མཆེ་བ་གཙིགས་པ། ཁྲོ་གཉེར་བསྡུས་ཤིང་སྨ་ར་སྨིན་མ་དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་དར་གྱི་སྟོད་གཡོགས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། རིན་པོ་ཆེའི་དབུ་རྒྱན་ཅན། ཕྲག་གོང་གཡས་གཡོན་ནས་ཉི་ཟླ་འཆར་བ། སྐུ་སྟོད་ནས་བྱ་གཅན་གདུག་པའི་ཚོགས་དང༌། སྐུ་སྐེད་ནས་གནོད་སྦྱིན་སྲིན་པོའི་ཚོགས་དང༌། སྐུ་སྨད་ནས་སེང་གེ་སོགས་གཅན་ཟན་གདུག་པའི་ཚོགས་དཔག་ཏུ་མེད་པ་སྤྲོ་བ། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། །འདམ་མ་བརྒྱད་ལ་ཕུཿཡིག་ནག་པོ་བརྒྱད་ཡོངས་སུ་གྱུར་པ་ལས། ཀླུ་ཆེན་བརྒྱད་པོ་ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ཁྲོ་ཞིང་མཆེ་བ་ཅུང་ཟད་གཙིགས་པ། ཕྱག་ཐུགས་ཀར་ཐལ་མོ་སྦྱར་བས་ནོར་བུ་འཛིན་པ། སྦྲུལ་མགོའི་གདེངས་ཀ་བདུན་བདུན་དང་ལྡན་ཞིང༌། སྨད་སྦྲུལ་འཇུག་ཏུ་འཁྱིལ་བ། གཙུག་གི་ནོར་བུ་ལས་འོད་འཕྲོ་ཞིང་ཞལ་ནས་ཕུགས་ཀྱི་སྒྲ་སྒྲོག་པ། ཕྱི་རོལ་དུ་གནོད་སྦྱིན་བྱེ་བའི་ཚོགས་དང༌། ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །སྔགས་ནི། ཨོཾ་ནི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཡཀྵ་
རཱ་ཛ་ཀུ་བེ་ར། བཻ་རུ་དྷ་ཀ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧཱུཾ་ཕཊ། ཅེས་པའོ། །གཏོར་མའི་ཆོ་ག་མདུང་དམར་ཅན་དང་འདྲ། བསྟོད་པ་ནི། སྟོབས་ཆེན་མི་སྡུག་འཇིགས་པའི་གཟུགས། །གཏུམ་པོ་མ་རུང་ཚར་གཅོད་པ། །རྒྱལ་ཆེན་འཁོར་དང་བཅས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བརྗོད། རྗེས་གནང་གི་སྐབས། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། སོགས་ཀྱིས་གསོལ་བ་བཏབ། རྗེས་གནང་གི་ངོ་བོ་སེར་ཆེན་ཉིད་འདོན་པ་སྤོས་པས་ཆོག་པ་ལ། གཞུག་གི་སྨོན་ལམ་གདབ་མི་དགོས། སློབ་མ་ཡི་དམ་གྱི་བསྙེན་སོང་ཡིན་ན་གནད་ལ་དབབ་པའི་དྲག་པོའི་རྗེས་གནང་དེ་ཡང་ངེས་པར་མཛད། དྲེགས་བྱེད་འདི་ལ་སེང་གེའི་གདན་བྱེད་པ་དང༌། ཤིང་རྟ་ལ་བཞུགས་པ་དང༌། ན་བཟའ་འཇོལ་བེར་གསོལ་བ་དང༌། གོ་ཁྲབ་སོགས་གསོལ་བ་བྱེད་པའི་ལུགས་ཀྱང་ཡོད་པ་གང་མོས་སུ་བྱའོ། །ཀུན༵་ནས་རབ་དག༵འ་རྒྱུད་གཞུང་དང༌། །འབྲེལ་བའི་སྒྲུབ་ཐབས་ཡིད་ཆེས་ཅན། །ཡིག་སྣ་ཤིན་ཏུ་མང་པོ་ཡི། །ཉེར་མཁོ་སྙིང༵་པོ༵་མདོ་ཙམ་མོ། །རྣམ་ཐོས་སྲས་དྲག་བྱེད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །
རྣམ་སྲས་ནག་པོ་རྟ་སྔོན་གྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། དུས་གསུམ་རྒྱལ་བའི་སྲུང་མ་མཆོག །དྲག་པོའི་སྒྲུབ་ཐབས་བཤད་པར་བྱ། །འདིའི་སྒྲུབ་ཐབས་དང༌། གཏོར་མའི་བཤོམ་དང༌། བྱིན་རླབས་སོགས་སྤྱི་རྣམས་མདུང་དམར་ཅན་དང་མཐུན་པ་ལས། རྟེན་གཏོར་ཁ་དོག་ནག་
པོ་དང༌། དམ་རྫས་རྣམས་ཀྱང་མགོན་པོ་ནག་པོ་བཞིན་བྱེད། མདུན་བསྐྱེད་བསངས་སྦྱངས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་གནམ་ལྕགས་འབར་བའི་ཚ་ཚ་འཁྲུག་པའི་ས་གཞི་ལ་རྭ་གུར་གྱི་དབུས་སུ། སྤྲིན་ནག་འཁྲུག་པའི་རླུང་གི་དཀྱིལ་འཁོར་གྱི་གཞི་ལ་ཐོད་རིལ་བརྩིགས་པའི་གཞལ་ཡས་ཁང་ཟླུམ་པོ་སྒོ་གཅིག་པ། ཕྱི་རོལ་དུ་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བ། དེའི་དབུས་སུ་བྷྲུཾ་ལས་འཁོར་ལོ་སྔོན་པོ་རྩིབས་བཞི་པ་ལྟེ་བ་མུ་ཁྱུད་དང་བཅས་པ། རལ་གྲིའི་ཕྲེང་བས་བསྐོར་བའི་དབུས་སུ། ཆོས་འབྱུང་གྲུ་གསུམ་མཐིང་ནག་གི་ལྟེ་བར། རུ་ཊ་ཕོ་མོ་བསྒྲལ་བའི་གདན། ཕྱོགས་ཀྱི་རྩིབས་བཞི་ལ། ཤར་དུ་ཞེ་སྡང་འོ་མའི་མཚོ། །ལྷོར་ང་རྒྱལ་མར་ཁུའི་མཚོ། །ནུབ་ཏུ་འདོད་ཆགས་ཁྲག་གི་མཚོ། །བྱང་དུ་ཕྲག་ཏོག་གསེར་གྱི་མཚོ། །དབུས་ཀྱི་གདན་གྱི་སྟེང་དུ། ཧཱུཾ་མཐིང་ནག་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། དམར་ལ་ཟླུམ་པའི་སྤྱན་གཉིས་དགྲ་བགེགས་ལ་སྡང་མིག་ཏུ་ལྟ་བ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས་པ། ཕྱག་གཡས་རལ་གྲི་མེ་འབར་བ་འཕྱར་བ། གཡོན་མདའ་དར་ལེབ་རྒན་གྱི་མདོག་ཅན་ཁྲག་པ་ལ་བཀལ་བ། སྐུ་ལ་དར་ནག་གི་བེར་ཆེན་བསེ་ཁྲབ་སྨུག་པོ་དང་བཅས་པ་གསོལ་བ། དབུ་ལ་ལྕགས་ཀྱི་རྨོག་ཞུ་གསེར་
གྱི་ཐིག་ལེ་ཅན་བསྣམས་པ། སྨ་ར་སྨིན་མ་མེ་ལྟར་འབར་བ། ཞབས་ལ་སག་ལྷམ་གཡུ་རིས་ཅན་གསོལ་བ། བཻཌཱུརྻའི་མདོག་ཅན་གྱི་རྟ་མཆོག་ལུས་ཉམས་རྩལ་དང་ལྡན་པ། གསེར་གྱི་སྒ་དང་ཕྲ་མེན་གྱི་ཡོབ་ཅན་ཆིབས་པ། ཤིན་ཏུ་འཇིགས་སུ་རུང་བ་སྲིན་པོའི་ཆ་ལུགས་ཅན། མེ་རླུང་འཚུབ་མའི་དབུས་ན་བཞུགས་པའོ། །ཐུགས་ཀར་ཉི་མ་ལ་གནས་པའི་བཻ་ཡིག་མཐིང་ནག་ཕྱོགས་ཀྱི་མཚོ་བཞིའི་དབུས་སུ། ཤར་དུ་དྲག་ལས་བདུད་མོ་གཤིན་རྗེ་མགོ་དགུ་མ་ནག་མོ་ཕྱག་གཡས་དུང་གི་སྤུ་གྲི་དང༌། གཡོན་ཐོད་ཁྲག་འཛིན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རིན་པོ་ཆེས་བརྒྱན་པ། བེར་དཀར་གསོལ་ཞིང་བ་མེན་རུ་ཡོན་ལ་ཆིབས་པ། ལྷོ་རུ་རཀ་ལས་བདུད་མོ་གཤིན་རྗེ་ལག་བརྒྱ་མ་སེར་མོ་གཡས་ལྔ་བཅུ་རལ་གྲི་དང༌། གཡོན་ལྔ་བཅུ་བདུད་ཞགས་འཕྱར་བ། སྐུ་སྟོད་ལ་མི་ལྤགས་དང༌། སྐུ་སྨད་ལ་སྟག་ལྤགས་གསོལ་བ། མ་ཧེ་ལ་ཆིབས་པ། ནུབ་ཏུ་ཤ་ལས་བདུད་མོ་ཕུང་ཁྲོལ་མ་དམར་ནག་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྙིང་འཛིན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཞལ་ནས་ཁྲག་གི་ཟོར་འཕེན་པ། གཡག་རྒོད་ནག་པོ་ལ་ཆིབས་པ། བྱང་དུ་བྷྱོཿལས་བདུད་མོ་གསོད་བྱེད་མ་ལྗང་ནག་གཡས་ལྔ་ན་ཁྲམ་ཤིང༌། གཡོན་ལྔ་ན་བདུད་ཞགས་གློ་སྙིང་དང་བཅས་པ་འཛིན་པ། སྐུ་
སྟོད་ལ་མི་ལྤགས་དང་སྐུ་སྨད་ལ་དྲེད་ལྤགས་གསོལ་བ། རྐྱང་བུ་ཁ་དཀར་ལ་ཆིབས་པ། ཐམས་ཅད་ཀྱང་མི་མགོའི་དོ་ཤལ་དང་རིན་པོ་ཆེས་བརྒྱན་པ། རང་མདོག་དང་མཚུངས་པའི་བུད་མེད་འབུམ་འབུམ་གྱིས་བསྐོར་བ། འཁོར་ལོའི་རྩིབས་ཆེན་བཞི་ལ། ཤར་ལྷོར་ཌྷྲྀ་ལས་ཡུལ་འཁོར་སྲུང་དཀར་པོ་པི་ཝང་འཛིན་པ་གླང་པོ་ཆེ་ལ་ཞོན་པ། ལྷོ་ནུབ་ཏུ་བེ་ལས་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ་མ་ཧེ་ལ་ཞོན་པ། ནུབ་བྱང་དུ་བི་ལས་མིག་མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ་ཆུ་སྲིན་ལ་ཞོན་པ། བྱང་ཤར་དུ་བེ་ལས་ངལ་གསོས་པོ་ལྗང་ནག་དབྱུག་ཐོ་དང་ནེའུ་ལེ་འཛིན་པ་སེང་གེ་ལ་ཞོན་པ། ཐམས་ཅད་ཀྱང་གོ་ཆ་གསོལ་ཞིང་ཆེས་ཁྲོས་པའོ། །སྔགས་ནི་དྲག་སྔགས་མང་དུ་ཡོད་ཀྱང་སྙིང་པོ། ཨོཾ་བེ་ཏྲ་ཀ་རཀྵ་བྷྱོཿཞེས་པ་ཡིན་ལ། བསྟོད་པ་བསྡུས་པ་ནི། ལྷ་ཚོགས་དབུགས་འབྱིན་ལྷ་མིན་འཇོམས་ལ་དཔའ། །མི་བཟད་བདུད་ཀྱི་ཆ་ལུགས་བསྟན་པ་སྐྱོང༌། །བྱང་ཕྱོགས་རྒྱལ་པོ་བདུད་རྒྱལ་རྣམ་ཐོས་སྲས། །འཁོར་བཅས་སྤྲུལ་པ་ཡང་སྤྲུལ་ཚོགས་ལ་བསྟོད། །གཏོར་ཆོག་ཀྱང་སྙིང་པོས་མགོ་དྲངས་ནས་འབུལ་བའི་ཁྱད་མ་གཏོགས་མདུང་དམར་ཅན་གྱི་སྐབས་དང་འདྲའོ། །རྗེས་གནང་གི་བྱ་བ་ནི། པདྨ་སྔོན་པོ་འདབ་བརྒྱད་ཀྱི་ཁྱད་མ་གཏོགས་བཤོམ་དང་བདག་མདུན་མདུང་དམར་ཅན་དང་འདྲ། གསོལ་བཏབ་ནས་དབུ་བརྒྱན་པའི་བར་སེར་ཆེན་བཞིན་
མདུང་དམར་ཅན་བཞིན་དྲེགས་པ་སྤྱིའི་དབང་བསྐུར། སྐུ་དངོས་ཀྱི་རྗེས་གནང་ཡང་མདུང་དམར་ཅན་དང་ཕལ་ཆེར་འདྲ་བ་ལས། འདི་ནི་རྒྱལ་པོ་ཆེན་པོ་སྟེ། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །དགྲ་བགེགས་འདུལ་ཞིང་བརླག་མཛད་པ། །ལས་ཀུན་སྒྲུབ་པའི་དབང་བསྐུར་སྦྱིན། །ཀཱ་ཡ་སིདྡྷི་སོགས་འདོན་པ་སྤོ། ཙ་ཀ་ལིའམ་གཏོར་མ་ལག་ཏུ་གཏད་ལ་བཀའ་བསྒོ་དྲག་ཏུ་བྱ་བ། རལ་གྲི་ལག་ཏུ་གཏད་ལ། ཆོས་སྐྱོང་རྒྱལ་པོ་འཁོར་བཅས་རྣམས། །གདུལ་དཀའ་སྣ་ཚོགས་འདུལ་མཛད་པ། །ཤིན་ཏུ་གཏུམ་པའི་ཁྲོ་ཚུལ་གྱིས། །མ་རུངས་དགྲ་བགེགས་ཚར་གཅོད་ཅིག །ཨོཾ་མཧཱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཨཱཿཧཱུཾ་སྭཱཧཱ། རྡོ་རྗེ་དང་རལ་གྲི་ལྷན་ཅིག་འཕྱར་དུ་བཅུག་སྟེ། ཡི་དམ་སྤྲོ་བ་ལྔའམ་དྲུགཆོས་སྐྱོང་གི་སྤྲོ་བ་གསུམ་གྱིས་དགྲ་བགེགས་ཚར་གཅོད་པའི་མོས་པ་བྱེད་དུ་བཅུགབགྲང་འཕྲེང་སློབ་མའི་སྙིང་གར་གཏུགས་ལ་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། རྗེས་སྨོན་ལམ་གདབ་པ་མན་ཆད་སེར་ཆེན་གྱི་སྐབས་དང་འདྲའོ། །ཀུན༵་ཏུ་དྲག་ཤུལ་ཆེ་བ་འདི། །སྣུབས་ཀྱི་མན་ངག་ཡིན་པར་གྲགས། །སྒྲུབ་སྐོར་རྒྱས་ཤིང་རབ་དག༵འ་བའི། །སྙིང༵་པོ༵་ཉེར་མཁོ་ཙམ་ཞིག་བྲིས། །རྣམ་སྲས་ནག་པོ་རྟ་སྔོན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། །
རྣམ་སྲས་དཀར་པོ་ཚེ་འཛིན་སྒྲུབ་པའི་ཐབས།
ཨོཾ་སྭཱ་སྟི། བླ་མ་དང་ནི་གསང་བའི་བདག །རྒྱལ་ཆེན་འཁོར་བཅས་ལ་བཏུད་ནས། །དཀར་པོ་ཚེ་འཛིན་སྒྲུབ་པའི་ཐབས། །མདོ་ཙམ་བདག་གིས་བཤད་པར་བྱ། །རྟེན་
གཏོར་ཟླུམ་གཏོར་དཀར་པོ་གཙོ་འཁོར་དགུ་པའམ་ཁང་བཟང་མ་གང་རུང་བྱ། ཆོ་གའི་སྤྱི་རྣམས་སེར་ཆེན་གྱི་རིགས་འགྲེ་བ་ལས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལ་བྷྲཱུཾ་ལས་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྟེང་ཐོག་རིམ་པ་གསུམ་དུ་ཕུབ་པ། འཁོར་ས་རིམ་པ་གསུམ་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ། པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་ལ་སཾ་ལས་སེང་གེ་དཀར་པོ་རིན་པོ་ཆེས་བརྒྱན་པ། དེའི་སྟེང་དུ་བཻ་དཀར་པོ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁམས་གསུམ་སྣོད་བཅུད་ཀྱི་བཅུད་དང་བཀྲག་མདངས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་ཚུར་འདུས་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་དངོས་གྲུབ་དགུག་པའི་ལྕགས་ཀྱུ་དང༌། གཡོན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཆུ་ཤེལ་གྱི་བུམ་པ་གསེར་གྱི་རྡོ་རྗེས་ཁ་བརྒྱན་པ་འཛིན་པ། ཞི་ཞིང་སྒེག་ལ་བརྗིད་པའི་ཉམས་ཅན། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འདབ་མ་བརྒྱད་ལ་ཀྵ་ཡིག་དཀར་པོ་བརྒྱད་ཡོངས་སུ་གྱུར་པ་ལས། ཤར་དུ་ཛཾ་བྷ་ལ། ལྷོ་རུ་གང་བ་བཟང་པོ། ནུབ་ཏུ་ནོར་བུ་བཟང་པོ། བྱང་དུ་ཀུ་བེ་ར། ཤར་ལྷོར་ཡང་དག་
ཤེས། ལྷོ་ནུབ་ཏུ་འབྲོག་གནས། ནུབ་བྱང་དུ་ལྔ་རྩེན། བྱང་ཤར་དུ་པི་ཙི་ཀུཎྜ་ལི་རྣམས་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་གཡས་ན་ལྕགས་ཀྱུ་དང༌། གཡོན་བུམ་པ་འཛིན་པ། དར་དཀར་པོ་དང་རིན་པོ་ཆེས་བརྒྱན་པ། རྟ་དཀར་པོ་ལ་ཆིབས་པའོ། །འཁོར་ས་དང་པོ་ལ་ཀླུ་བརྒྱད། བར་པ་ལ་གནོད་སྦྱིན་བྱེ་བ། ཐ་མ་ལ་སྡེ་དཔོན་ཉེར་བརྒྱད་དང༌། སྟོབས་ཆེན་སོ་གཉིས་ཐམས་ཅད་ཀྱང་དཀར་པོ་ཚེ་འཛིན་གྱི་རྣམ་པ་ཅན་ནོ། །ཞེས་དང༌། སྔགས་ནི། ཨོཾ་བྷྲུཾ་ཎི་ཨཱ་ཡུ་ཥེ་ཧཱུཾ་ཛཿ བསྟོད་པ་ནི། གདོང་ལྔ་ཉི་ཟླའི་གདན་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ཀཻ་ལ་ཤ་ལྟར་སྐུ་མདོག་དཀར། །གཡས་པ་ཚེ་འགུགས་ལྕགས་ཀྱུ་འཛིན། །གཡོན་པ་ཚེ་ཡི་ཤེལ་བུམ་བསྣམས། །སྐུ་ལ་རིན་ཆེན་སྣ་ཚོགས་སྤྲས། །ལྷ་ཡི་ནོར་སྟེར་ཁྱོད་ལ་འདུད། །ཚེ་དང་ནོར་གྱི་དངོས་གྲུབ་སྩོལ། །ཞེས་པའོ། །གཏོར་ཆོག་ཀྱང་སེར་ཆེན་ཁོ་ན་དང་འདྲ་བ་ལས་གཏོར་སྔགས་བསྡུས་པས་ཆོག །རྗེས་གནང་གི་ཆོ་ག་ནི། པདྨ་དཀར་པོ་འདབ་བརྒྱད་ཚོམ་བུ་དགུ་དང་བཅས་པ་ལ། བུམ་པ་སྤྱི་དང་མཐུན་པར་བཤམས། རྟེན་གཏོར་འཆའ་བ་དང༌། མི་འཆའ་བའི་ལུགས་གཉིས་ཡོད་པ་ལས། འཆའ་བའི་ཚེ་བུམ་པའི་གཡས་སུ་བཤམས། མདུན་བསྐྱེད་སྒྲུབ་ཚུལ་སེར་ཆེན་དང་འདྲ་བ་ལས། ཐོག་མར་བུམ་པ་སྒྲུབ་པ་དང་སྟེ། བུམ་པའི་ནང་དུ་ལྷ་དགུ་བསྐྱེད། །སྒྲུབ་ཚུལ་སྤྱི་དང་འདྲ། དེ་ནས་
རྟེན་གཏོར་རམ་བྲིས་སྐུ་ཡོད་ན་དེ་ལ་དམིགས། མེད་ན་མདུན་བསྐྱེད་ཀྱི་ནམ་མཁར་བསྐྱེད་པ་ཡིན། བུམ་པ་ལ་དམིགས་ནས། ཨོཾ་བཻ་ཤྲ་མ་ཎ་ཡེ། ཨཱ་ཡུ་ཥེ། ཨཱ་ཡུརྫྙཱ་ན་སིདྡྷི་ཨ་པ་ར་མི་ཏ་ཚེ་བྷྲཱུཾ། ཞེས་པ་བརྒྱ་རྩ་སོགས་བཟླ། རྗེས་གནང་ལ་ཡང་ཆོ་གའི་གཞི་སེར་ཆེན་དང་འདྲ་བ་ལས། གསོལ་བཏབ། སྒྲུབ་མཆོག་བདག་ལ་ཚེ་དང་ཡེ་ཤེས་ཀྱི། །ཞེས་འདོན་པ་སྤོ། སྐུའི་རྗེས་གནང་ལ་སློབ་མ་ཉིད་ལྷ་ཚོགས་སུ་བསྐྱེད་ཅིང༌། ཡེ་ཤེས་པ་བསྟིམ་པའི་སྐབས། སྙིང་པོའི་མཐར་ཨ་བེ་ཤ་ཡ་ཨ་བཏགས་པ་མང་དུ་བཟླས། དེ་རྗེས་སློབ་དཔོན་གསང་བདག་དང༌། མདུན་བསྐྱེད་རྒྱལ་ཆེན་འཁོར་བཅས་ཀྱི་དབང་བསྐུར་བར་མོས་སུ་བཅུག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །སོགས་ཀྱི་མཐར། བུམ་བཟླས་ཀྱི་སྔགས་བརྗོད་ཅིང༌། བུམ་པ་སྤྱི་བོར་བཞགབུམ་ཆུ་འཐུང་དུ་བཅུག་པས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། དེ་རྗེས་རིན་པོ་ཆེའི་དབུ་རྒྱན་བཅིང་བ་སོགས་བྱེད་ཅིང༌། རྟེན་གཏོར་མེད་ན། ཐུགས་ཀྱི་རྗེས་གནང་གི་སྐབས། བྲིས་སྐུའམ་བུམ་པ་མགོ་ཐོག་ཏུ་བཞག་ནས་བཀའ་བསྒོ་བྱེད། ཡོད་ན་རྟེན་གཏོར་སྤྱི་བོར་བཞག་ལ་གཏོར་དབང་བཀའ་བསྒོ་བྱེད་པ་ཡིན་ཏེ། སེར་ཆེན་དང་མི་འདྲ་བའི་ཁྱད་པར་དེ་རྣམས་སོ། །འདི་ལ་འཁོར་ས་མི་བྱེད་པ་དང༌། འཁོར་ས་གསུམ་ལ། ནང་རིམ་གྱི་སྡེ་དཔོན་ཉེར་བརྒྱད། སྟོབས་ཆེན་སོ་གཉིས། གནོད་སྦྱིན་བྱེ་བ་རྣམས་འགོད་པའི་ལུགས་ཀྱང་ཡོད་པ་གང་བདེར་བྱའོ། །ཀུན༵་དུ་ཟབ་ཅིང་དག༵འ་བར་གྲགས། །ཡིད་ལ་ངོ་མཚར་ཆེར་བསྐྱེད་པའི། །སྒྲུབ་ཡིག་སྔ་ཕྱི་མང་པོ་ལས། །སྙིང༵་པོ༵་བསྡུས་པ་དེ་ཙམ་ལགས། །རྣམ་སྲས་དཀར་པོ་ཚེ་འཛིན་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །
རྣམ་སྲས་ལྗང་གུ་སེང་ཞོག་ཛྙཱ་ན་ལུགས་ཀྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། ནམ་མཁའ་མཛོད་ལ་གུས་བཏུད་ནས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་པ། །ནོར་གྱི་དབང་ཕྱུག་སྒྲུབ་པའི་ཐབས། །ནོར་བུ་ལྟ་བུ་བཤད་པར་བྱ། །དཔལ་ཧེ་རུ་ཀའམ་གསང་བདག་གི་བདག་བསྐྱེད་སྔོན་དུ་འགྲོ་བས། གཏོར་མ་རི་རབ་གླིང་བཞིའི་རྣམ་པ་ཅན་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ནོར་སྣ་སྣ་ཚོགས་ཀྱིས་གང་བའི་སྣོད་དུ་བཞག །མཆོད་གཏོར་སྣ་ཚོགས་ཀྱིས་ཀྱང་བསྐོར་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཡཾ་རཾ་བཾ་ལཾ་སུཾ་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་བྷྲུཾ་ལས་གཞལ་ཡས་ཁང༌། དེའི་དབུས་སུ་སེང་གེ་ལ་གནས་པའི་ཟླ་བའི་སྟེང་དུ་བཻ་ཡིག་འོད་ཀྱི་འཕྲོ་འདུ་ལས། རྒྱལ་པོ་རྣམ་ཐོས་སྲས་སྐུ་མདོག་ལྗང་ཁུ་ཞལ་གཅིག་སྤྱན་གསུམ་པ། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཡས་རིན་ཆེན་ཕྲེང་བས་མཚན་པའི་དབྱུག་ཐོ་དང༌། གཡོན་པས་གཏེར་གྱི་ནེའུ་ལེ་དཀུ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ། དར་གྱི་ན་བཟའ་དང་གསེར་གྱི་གོ་ཆ་གསོལ་བ། རིན་པོ་ཆེའི་རྒྱན་ཀྱིས་བརྒྱན་ཞིང༌། སེམས་དཔའི་ཕྱེད་སྐྱིལ་གྱིས་སེང་གེའི་གདན་ལ་བཞུགས་པ། གཟི་བརྗིད་ཉི་མ་སྟོང་དང་འདྲ་བའོ། །གཙོ་བོ་ཉིད་གྲུབ་པ་ན། ལུས་དང་གྲིབ་མའི་ཚུལ་གྱིས་ཛམྦྷ་ལ་ལ་སོགས་པ་རྟ་བདག་ཆེན་པོ་བརྒྱད་སྐུ་མདོག་ཕྱག་མཚན་སྤྱི་དང་མཐུན། ཐམས་ཅད་
ཀྱང་རྟ་སྔོན་པོ་ལ་ཆིབས་པ་གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །ཕྱི་རོལ་དུ་ཀླུ་ཆེན་བརྒྱད་ཀར་སྐུ་མདོག་སེར་པོ་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་རིན་པོ་ཆེ་བསྣམས་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་མུཾ། ཞེས་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། མཆོད་བསྟོད་གཞན་དང་མཐུན། བཟླས་པའི་དམིགས་པ་རྣམས་མན་ངག་བཞིན་ཤེས་པར་བྱས་ལ། ཨོཾ་བཻ་ཤྲ་མ་ཎ་ཧཱུཾ་སྭཱཧཱ། བསྙེན་པའི་སྔགས་སོ། །ཨོཾ་བཻ་ཤྲ་མ་ཎ་རཏྣ་གུ་ཧྱེ་སིདྡྷི་ཨ་བེ་ཤ་ཡ་ཛཿ སྒྲུབ་པའི་སྔགས་སོ། །ཨོཾ་བཻ་ཤྲ་མ་ཎ་རཏྣ་གུ་ཧྱེ་ཨ་བྷི་ཥིཉྩ་མཾ། ཨ་པ་ཡ། རཏྣ་སིདྡྷི་ཧཱུཾ་ཧཱུཾ། ལས་སྦྱོར་གྱི་སྔགས་སོ། །ཨོཾ་བཻ་ཤྲ་མ་ཎ་ཡེ་ཧཱུཾ། སྲོག་ས་མཱ་ཡ་ཧྲིཾ་ཧྲིཾ་ཛ་ཛཿ སྤོགས་ཆོག་གི་སྔགས་སོ། །གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱི་བྱིན་གྱིས་བརླབས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་པས་གཙོ་བོ་ལ་འབུལ། འཁོར་གྱི་གནོད་སྦྱིན་སྤྱི་ལ། ཨོཾ་པཱུ་ཛ་བཱ་ལིཾ་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་དང༌། འབྱུང་པོ་སྤྱི་ལ་ཁ་འབར་མའི་སྔགས་ཀྱིས་སྦྱིན། ཡིག་བརྒྱ་བཟོད་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ་པ་རྣམས་བྱའོ། །འདི་ཉིད་
ཀྱི་བསྙེན་སྒྲུབ་ལས་གསུམ་དང༌། གཏོར་མའི་མན་ངག་ཆེ་ཆུང༌། གཅེས་པའི་གདམས་ངག་བཅུ་བཞི་ལ་སོགས་པ་ནི་ཡིག་རྙིང་དུ་ཤེས་པར་བྱའོ། །འདིའི་རྗེས་གནང་ནི། མཎྜལ། གསོལ་བཏབ། རྒྱུན་བཤགས་རྣམས་སྤྱི་དང་འདྲ། སློབ་དཔོན་ཡི་དམ་དུ་གསལ་བ་གནས་གྱུར་ཏེ། རྒྱལ་པོ་རྣམ་ཐོས་སྲས་སུ་གྱུར་པར་མོས་ལ། སློབ་མའང་མངོན་རྟོགས་བཞིན་རྣམ་ཐོས་སྲས་སུ་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། རིགས་བདག་གིས་རྒྱས་གདབ་པའི་བར་བྱ། རིན་པོ་ཆེའི་གོ་ཆ་དང་གཟུགས་བརྙན་སློབ་མ་ལ་གཏད། ཐང་ཀ་སྤྱི་བོར་བཞག་ལ། མདུན་བསྐྱེད་ལས་སྐུ་གཉིས་པ་ཆད་དེ་ཐིམ་པར་བསམ། སྐུའི་རྗེས་གནང་ངོ༌། །བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་པ་ལས་འཕྲེང་བ་ལག་ཏུ་གཏད། གསུང་གི་རྗེས་གནང་ངོ༌། །སྙིང་གར་ས་བོན་སྔགས་འཕྲེང་འོད་འབར་བར་བསྒོམ། སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་ལས་བསལ་བར་བྱའོ་སྙམ་དུ་བཞུགས་པ་ནི། ཐུགས་ཀྱི་རྗེས་གནང་ངོ༌། །རིན་པོ་ཆེ་དང་ནེའུ་ལེ་གཟུགས་བརྙན་གཏད་ལ། ལས་སྦྱོར་གྱི་སྔགས་བརྗོད། ཡོན་ཏན་གྱི་རྗེས་གནང་ངོ༌། །གཏོར་མའི་བཀའ་བསྒོ་བྱས་ལ་མཐེབ་ཀྱུ་ནས་ཅུང་ཟད་ཅིག་སྦྱིན། འཕྲིན་ལས་ཀྱི་རྗེས་གནང་ངོ༌། །རྗེས་ཀྱི་བྱ་བ་སྤྱི་དང་འདྲའོ། །ཤིན་ཏུ་ཟབ་པར་རབ་གྲགས་པ། །རྟགས་ལས་ཀུན༵་དུ་ཡིད་ཆེས་ཤིང༌། །བླ་མ་ལས་ཐོབ་དག༵འ་བ་སྐྱེས། །སྙིང༵་པོ༵་ཉེར་མཁོ་ཙམ་ཞིག་བྲིས། །རྣམ་སྲས་ལྗང་གུ་སེང་ཞོག་ཛྙཱ་ན་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
ཡང་གསང་ཕྱག་མཚན་བཞི་པའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། ནོར་སྦྱིན་དབང་པོ་ལ་བཏུད་ནས། །གསང་སྒྲུབ་ཤིན་དུ་རྙེད་དཀའ་བ། །ཡང་གསང་ཕྱག་མཚན་བཞི་པ་ཡི། ཁྱད་པར་ཅུང་ཟད་བཤད་པ་བྱ། །གོང་དུ་བཤད་པ་ལྟར་རྒྱལ་ཆེན་དམར་པོ་རྟ་སྔོན་ཅན་གྱི་སྒྲུབ་ཐབས་སྤྱི་དང་མཚུངས་པ་ལས། གཞལ་ཡས་ཁང་སེར་ཆེན་བཞིན་བསྐྱེད། དབུས་སུ་སེང་གེའི་གདན་བསྐྱེད་པའི་ས་བོན་ཙ་ཡིག་ལ་བྱེད་པ་དང༌། གཙོ་བོའི་ས་བོན་བཻའམ་ཏྲཾ་གང་རུང་དང༌། རྒྱལ་པོ་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་སྟག་གི་རྒྱལ་མཚན་དང་མདུང་དམར། གཡོན་གྱིས་ནེའུ་ལེ་དང་ལྕགས་ཀྱུ་འཛིན་པ། སྤྱན་གསུམ་ཟླུམ་ཞིང་དམར་ལ་མཆེ་བ་གཙིགས་པ། དར་དམར་པོའི་ཅོད་པན་ཅན་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཆ་ལུགས་གཞན་རྣམས་རྟ་སྔོན་ཅན་དང་འདྲ། ཕྱོགས་བཞིར་ཏྲག་དམར་པོ་བཞི་ལས། ཤར་དུ་ནོར་རྒྱུན་མ། ལྷོ་རུ་དབྱངས་ཅན་མ། ནུབ་ཏུ་ནོར་སྐྱོང་མ། བྱང་དུ་བྷ་ར་ལི་རྣམས་དམར་མོ་ཞི་མ་ཁྲོ། རུས་པའི་རྒྱན་གྱིས་བརྒྱན་པ། གཡས་ལྕགས་ཀྱུ་དང༌། གཡོན་རྔ་ཡབ་བསྣམས་པ། ཕྱིའི་ཁང་བཟང་བརྒྱད་དུ། སྐད་ཅིག་གིས་རྟ་བདག་བརྒྱད་ནི། སེར་ཆེན་བཞིན་ལས། གཡས་ན་རང་རང་གི་ཕྱག་མཚན་དང་མདུང་དམར། གཡོན་ན་ལྕགས་ཀྱུ་དང་ནེའུ་ལེ་འཛིན་པའོ། །རྗེས་གནང་གི་བྱ་བ་ནི། རྟ་སྔོན་ཅན་དང་འདྲ་བ་ལས་གསང་རྟེན་གྲི་སྙིང་ཡོད་ན། དེ་ཉིད་སྤྱི་བོར་བཞག་སྟེ། འཕྲིན་ལས་གཏོར་མའི་བཀའ་བསྒོ་བཞིན་བཀའ་བསྒོ་དྲག་ཏུ་བྱ། དེ་མེད་ན་སྔགས་
ཀྱི་འཁོར་ལོ་གཏོར་མའི་ནང་དུ་བཅུག་པ་ཞིག་བྱས་ལ་བཀའ་བསྒོ་དྲག་ཏུ་མཛད་པ་ཕྱག་ལེན་ཡིན། སྔགས་ཀྱི་བཟླ་ཚུལ་སོགས་ཤམ་བུ་མི་འདྲ་བ་མང་དུ་ཡོད་ནའང༌། རྗེས་གནང་ཙམ་ལ་མི་དགོས་ལ། ཕྱི་སྒྲུབ་རྟ་སྔོན་ཅན་ཉིད་ཀྱི་རྗེས་གནང་ཐོབ་པས་ནང་སྒྲུབ་གསང་སྒྲུབ་ཡང་གསང་ཐམས་ཅད་ཀྱི་ཉམས་ལེན་བྱས་པས་ཆོག་པར་མངོན་ཡང༌། སོ་སོའི་རྗེས་གནང་མཛད་པའི་ཕྱག་ལེན་ཀྱང་འདུག་ཅིང༌། ཁྱད་པར་ཡང་གསང་འདི་ལ་གལ་པོ་ཆེར་མཛད་དོ། །ཤིན་ཏུ་ཟབ་པར་ཀུན༵་ནས་གྲགས། །སྣ་ཚོགས་སྤྱོད་རྣམས་ཡིད་དག༵འི་གནས། །ལས་ཚོགས་སྒྲུབ་སྐོར་ཆེས་མང་ཡང༌། །རྗེས་གནང་སྙིང༵་པོ༵་ཙམ་འདིས་ཆོག །ཡང་གསང་ཕྱག་མཚན་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
འཕགས་པ་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། རྒྱལ་བ་ཐུགས་རྗེའི་མངའ་བདག་ནི། །གཏེར་གྱི་བདག་པོར་སྐུ་སྤྲུལ་པ། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །ཆ་ཙམ་གསལ་བར་བཤད་པར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རང་སེམས་ཛཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དབུལ་བའི་སྡུག་བསྔལ་ཞི་བར་བྱས། འདོད་དགུའི་ཆར་ཕབ། སླར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཛམྦྷ་ལ་གསེར་བཙོ་མ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་
གཡས་མཆོག་སྦྱིན་གྱི་མཐིལ་ན་ཤིང་ཐོག་བི་ཛ་པུ་ར་ཀ་བསྣམས་པ། གཡོན་གཏེར་གྱི་ནེའུ་ལེ་འཛིན་པས་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཆར་འབེབས་པ། ཞི་ཞིང་སྒེག་པ་ཤ་ཉམས་རྒྱས་པའི་ཧུར་བག་ཆགས་པ། རབ་ཏུ་དགྱེས་པའི་སྤྱན་གདངས་ཤིང་དབུ་སྐྲ་ནག་པོའི་ཐོར་ཅོག་ཅན། རིན་པོ་ཆེའི་དབུ་རྒྱན་དང་བཅས་པ། ཞབས་གཡས་བརྐྱང་བའི་རོལ་པའི་སྟབས་ཀྱིས་དུང་གི་མགོ་དང༌། པདྨའི་མགོ་ཞེས་བྱ་བ་ལ་སོགས་པ་གཏེར་ཆེན་པོ་རྣམས་ལ་ཞབས་བརྟེན་པ། དར་སྣ་ཚོགས་ཀྱི་ལྷབ་ལྷུབ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཨུཏྤལ་སྔོན་པོའི་དོ་ཤལ་ཅན། འོད་ཟེར་རབ་ཏུ་འབར་བའི་སྐུ་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་འཕགས་པ་ཛཾ་བྷ་ལ་འཁོར་བཅས་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཨོཾ་ཨཱཪྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ།
པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་བོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་ཅི་ནུས་བཟླ། མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་མཉམ་པར་བཞགསླར་ཡང་ལྷ་སྐུར་ལངས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་ཇི་སྐད་བཤད་པའི་ཆུ་སྦྱིན་ལ་སོགས་པ་ལ་ནན་ཏན་དུ་བྱ་ཞིང༌། མཆོད་གཏོར་ལ་ཡང་ནན་ཏན་དུ་བྱའོ། །འདིའི་རྗེས་གནང་བྱེད་པར་འདོད་པས། མཎྜལ་པདྨ་འདབ་བརྒྱད་ཚོམ་བུ་ཅན་ནམ། མ་འགྲུབ་ན་རྗེས་གནང་སྤྱི་དང་མཐུན་པར་བྱ། དཀར་གཏོར་མཆོད་པ་ཛཾ་བཤོས་ཟངས་གཞོང་ཟངས་བུམ་ཆུས་གང་བ་སོགས་ཡོ་བྱད་རྣམས་ཚང་བར་བྱ། མཆོད་པ་བྱིན་བརླབས་སྤྱི་དང་མཐུན། གོང་བཞིན་བདག་བསྐྱེད་བྱས་ལ། མདུན་བསྐྱེད་ཀྱང་བདག་བསྐྱེད་འདོན་པ་སྤོས་པས་ཆོག་ཅིང༌། བཟླས་པའི་མཐར་གཏོར་མ་ལ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་པའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཞུ་བ་ལས་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། སྙིང་པོ་མཐར་ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་ལན་གསུམ་མམ་ལྔས་ཕུལ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གོང་བཞིན་བསྟོད་ལ། སེར་སྣའི་ལས་ཀྱི་མེ་ཡིས་གདུངས་པ་དག །སྐྱེ་བ་སྐྱེ་བར་
ཁྱོད་ལ་སྐྱབས་སུ་མཆི། །རིན་ཆེན་གཏེར་གྱི་བདུད་རྩིའི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཅེས་གསོལ་བཏབ། སྐབས་འདིར་ཡང་ཆུ་སྦྱིན་སྤྲོ་ན་བྱ། རྗེས་གནང་གི་ངོ་བོ་སྒྲུབ་ཐབས་རྒྱ་མཚོ་དང་འདྲ། ཐུགས་ཀྱི་རྗེས་གནང་གི་མཐར། སློབ་མས་ཕུལ་བར་མོས་ཏེ། ཆུ་སྦྱིན་འབུལ་བ་ནི། ཟངས་གཞོང་གི་དབུས་སུ། སྟོང་པའི་ངང་ལས་འཕགས་པ་ཛཾ་བྷ་ལ་གོང་བཞིན་བསྐྱེད། ཡེ་ཤེས་པ་བསྟིམ། གནས་གསུམ་བྱིན་རླབས་དང༌། དབང་བསྐུར་བྱེད་མི་དགོས། རང་གི་ལག་པ་གཡས་ཀྱི་མཐིལ་དུ་ཟླ་བ་ལ་གནས་པའི་ཨོཾ་ཧཱུཾ་ཏྲཱཾ་ཧྲཱི་ཨ། དེ་རྣམས་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རྣམས་བདུད་རྩིའི་རྣམ་པར་བཀུག་སྟེ་ཐིམ། ཨོཾ་ཨཱཿཧཱུཾ། ཞེས་ཆུ་བྱིན་གྱིས་བརླབས་ཏེ། སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དམ། བུམ་པའི་ཆུ་རྒྱུན་མི་འཆད་པར་དབུལ་བར་བྱའོ། །མཐར་ཛཾ་བཤོས་ཆུ་ནང་དུ་བཅུག་ལ། གོང་གཏོར་མ་འབུལ་བའི་སྔགས་ཀྱིས་ཕུལ། གོང་བཞིན་མཆོད་བསྟོད་གསོལ་བཏབ་ལན་གསུམ་བྱ། དེ་ནས་འཕགས་པ་ཛམྦྷ་ལ་དགྱེས་ཏེ། སློབ་མ་ལ་ཡིད་བཞིན་གྱི་ནོར་བུ་དང༌། བདུད་རྩིའི་དངོས་གྲུབ་བྱིན་པར་མོས་ལ། ཛཾ་བཤོས་ནས་ཅུང་ཟད་བཅད་ཅིང་སྟེར་བ་དང༌། ཆུ་ཅི་དགར་འཐུང་དུ་གཞུག་གོ །རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །ཀུན༵་ནས་གྲགས་ཆེ་ཆེས་ཟབ་པ། །ནོར་གྱི་སྒྲུབ་ཐབས་རབ་དག༵འ་ནི། །སྔ་ཕྱིའི་ཡིག་ཚོགས་དཔག་མེད་ལས། །སྙིང༵་པོ༵་ཙམ་ཞིག་ཉེར་མཁོར་བཀོད། །འཕགས་པ་ཛམྦྷ་ལ་སེར་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
གསང་འདུས་ལས་བྱུང་བ་ཆུ་སྦྱིན་དབང་པོ་འབྲིང་པོའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། རྒྱུད་རྒྱལ་ཀུན་གྱི་རྩེར་སོན་པ། །དཔལ་ལྡན་གསང་བ་འདུས་ལས་བྱུང༌། །ཡེ་ཤེས་ཞབས་ཀྱི་མན་ངག་སྟེ། །གནོད་གནས་སྒྲུབ་ཐབས་བསྡུས་པ་འདིའོ། །འདི་ལ་རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་གླུས་བསྐུལ་ཡན་ཆད་གསང་འདུས་འཇམ་པའི་རྡོ་རྗེ་ལྷན་སྐྱེས་གྱི་སྐབས་བཞིན་ཉམས་སུ་བླངས་ནས། གླུས་བསྐུལ་བ། ཛཾ་ལས་བི་ཛ་པུ་ར་ཛཾ་གྱིས་མཚན་པ་དང༌། བཾ་ལས་སྙེ་མ་བཾ་གྱིས་མཚན་པའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་ཛཾ་བྷ་ལ་སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འདྲའི་ཡུམ་ནོར་རྒྱུན་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་བི་ཛ་པུ་ར་དང་རལ་གྲི། གཡོན་གཉིས་གཏེར་གྱི་ནེའུ་ལེ་དང་པདྨ་འཛིན་པ། ཆ་ལུགས་རྣམས་ཛམྦྷ་ལ་སྤྱི་དང་མཐུན་པའོ། །སྐྱེ་མཆེད་བྱིན་རླབས། གནས་གསུམ་བྱིན་རླབས། སེམས་དཔའ་གསུམ་བརྩེགས། དབང་བསྐུར་རྒྱས་བཏབ་རྣམས་ཀྱང་འཇམ་རྡོར་དང་འདྲ་བ་ལས། མི་བསྐྱོད་པས་དབུ་བརྒྱན། སྤྱི་བོར་ཨོཾ། སྙིང་གར་ཧཱུཾ། གསང་བར་ཨཱཿ བརླ་གཉིས་ལ་སྭཱ། བྱིན་པ་གཉིས་ལ་ཧཱ་རྣམས་ཀྱིས་རྒྱས་བཏབ། བདག་བསྐྱེད་ལ་མཆོད་བསྟོད་བདུད་རྩི་མྱང་བ་རྣམས་བྱས་ཏེ། རང་གི་སྙིང་ག་ནས་ཛཾ་སྤྲོས་མདུན་དུ་རང་དང་འདྲ་བར་བསྐྱེད། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་
རླབས། རང་གི་སྙིང་གའི་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་མཁའ་ནང་དུ་ཛཾ་བྷ་ལར་གྱུར། མཁའ་ནང་ནས་ཕྱིར་སྤྲོས། མཆོད་པ་ཕུལ་ཏེ་མདུན་བསྐྱེད་ལ་ཐིམ། དབང་བསྐུར་རྒྱས་བཏབ་བྱ། རང་གི་ལག་མཐིལ་དུ་པད་ཟླ་ལ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བར་མི་བསྐྱོད་པ་ལྷ་བཅུ་དགུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་མོས་ཏེ། ལྷ་རྣམས་རྗེས་ཆགས་ཀྱི་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ཆུ་རྒྱུན་དུ་གྱུར་པ། མདུན་བསྐྱེད་ཛཾ་བྷ་ལའི་ལྗགས་ལ་ཛ་ཡིག་གིས་མཚན་པའི་སྟེང་དུ་བབ་པས་གསོལ་བར་བསམས་ལ། ཆུ་སྦྱིན་བརྒྱ་རྩ་བརྒྱད་འབུལ། གཏོར་འབུལ་མཆོད་བསྟོད་འདོད་དོན་གསོལ་བཏབ་རྣམས་སྤྱི་དང་མཐུན་པར་བྱས་ལ། རང་གི་སྙིང་གར་བསྡུ། བདག་ཉིད་ལྷའི་ང་རྒྱལ་གྱིས། ཨོཾ་ཨཱཿཛ་ཧཱུཾ། ཞེས་པ་དང༌། ཡི་གེ་བཅུ་པ་ཅི་འགྲུབ་ཏུ་བཟླས། བང་མཛོད་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུའི་ཆར་འབེབས་པར་བསམ། འཇུག་ཏུ་དགེ་བ་བསྔོ་ཞིང༌། ཐུན་མཚམས་སུ་ལྷའི་ང་རྒྱལ་ལ་གནས་པར་བྱ། འདི་ལ་ཡང་སྒོམ་ལུང་གིས་ཆོག་གོ །གནོད་གནས་སྒྲུབ་ཐབས་རྣམ་གསུམ་ལས། །འབྲིང་པོའི་ལུགས་སུ་ཀུན༵་ནས་གྲགས། །སྔགས་ཤེས་དག༵འ་ཞིང་ཡིད་ཆེས་གནས། །རྒྱུན་བཤད་ལས་བྱུང་སྙིང༵་པོ༵ར་དྲིལ། །གསང་འདུས་ལས་བྱུང་བ་ཆུ་སྦྱིན་དབང་པོ་འབྲིང་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
ཛཾ་བྷ་ལ་ལྷ་མང་གི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། ནོར་བུའི་རིགས་ཀྱི་སྔགས་གཙོ་བོ། །ཆོས་ལྡན་ཀུན་གྱི་ནོར་སྒྲུབ་པ། །འཕགས་པ་ཛཾ་བྷ་ལར་བཏུད་ནས། །དཔའ་བོ་གྲུབ་པའི་མན་ངག་བཤད། །འདི་ཉིད་ཀྱི་རྟེན་ནམ་འཁོར་ལོ་མདུན་དུ་བཞག་ལ། མཆོད་གཏོར་བཟང་པོས་མཐའ་སྐོར། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་རྣམས་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ། པཾ་ལས་གསེར་གྱི་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བ་དང་འདབ་མ་རྣམས་ལ་ཛཾ་དགུ་དང་བཾ་དགུ་ཡོངས་སུ་གྱུར་པ་ལས། དབུས་སུ་འཕགས་པ་ཛཾ་བྷ་ལ་ནོར་རྒྱུན་མས་ཡང་དག་པར་འཁྱུད་པ། ཤར་དུ་ནོར་བུ་བཟང་པོ་དང་ཟླ་ཤེལ་མ། ལྷོ་རུ་གང་བ་བཟང་པོ་དང་སྦྱིན་མ། ནུབ་ཏུ་ནོར་སྦྱིན་དང་སྦྱིན་བཟང་མ། བྱང་དུ་རྣམ་ཐོས་ཀྱི་བུ་དང་འཕགས་མ། ཤར་ལྷོར་ཀི་ལི་མི་ལི་དང་རབ་བཟང་མ། ལྷོ་ནུབ་ཏུ་འཇམ་པོ་འཁྱིལ་པ་དང་རབ་སྦས་མ། ནུབ་བྱང་དུ་ཞལ་གྱི་དབང་པོ་དང་ལྷའི་བུད་མེད། བྱང་ཤར་དུ་སྤྱོད་པའི་དབང་པོ་དང་དབྱངས་ཅན་མ། ཐམས་ཅད་ཀྱང་སྐུ་མདོག་གསེར་བཙོ་མ་ལྟར་རབ་ཏུ་འབར་བ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡབ་རྣམས་རོལ་པའི་སྟབས་ཀྱིས་བཞུགས་ཤིང་ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་བི་ཛ་པུ་ར་དང༌། གཡོན་པས་གཏེར་གྱི་ནེའུ་ལེ་
འཛིན་པ། ཡུམ་རྣམས་གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་བསྣམས་པའོ། །གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་མཐུན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འགྲོ་ལ་དམིགས་མེད་ཐུགས་རྗེ་ཡི། །ཐབས་མཁས་རང་བཞིན་སྐུ་སྤྲུལ་པ། །གནོད་སྦྱིན་ཕོ་མོའི་ཚོགས་རྣམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྤྲོ་ན། ཛཾ་བྷ་ལའི་མཚན་བརྒྱ་དང༌། བསྟོད་པ་རྒྱས་པ་དང༌། ནོར་རྒྱུན་མའི་བསྟོད་པ་རྣམས་ཀྱིས་ཀྱང་བསྟོད་དོ། །ཨོཾ་ཛཾ་བྷ་ལ་ཛ་ལནྡྲེ་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་ཤིང༌། ཨོཾ་མ་ཎི་བྷ་དྲ་ཡ་སྭཱཧཱ། ཨོཾ་པུ་རྞ་བྷ་དྲ་ཡ་སྭཱཧཱ། ཨོཾ་བྷན་ད་ཡ་སྭཱཧཱ། ཨོཾ་བཻ་ཤྲ་ཝ་ཎ་ཡ་སྭཱཧཱ། ཨོཾ་ཀཱི་ལི་མཱ་ལི་ནི་ཡེ་སྭཱཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནི་སྭཱཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱཧཱ། ཨོཾ་ཙ་རེནྡྲ་ཡ་སྭཱཧཱ། ཨོཾ་བ་སུ་དྷ་ར་ཎི་སྭཱཧཱ། ཨོཾ་ཙནྡྲ་ཀནྡྱཻ་སྭཱཧཱ། ཨོཾ་དཏྟ་ཡེ་སྭཱཧཱ། ཨོཾ་སུ་དཏྟ་ཡེ་སྭཱཧཱ། ཨོཾ་ཨཱཪྱ་ཡེ་སྭཱཧཱ། ཨོཾ་སུ་བྷ་དྲ་ཡེ་སྭཱཧཱ། ཨོཾ་སུ་གུཔྟ་ཡེ་སྭཱཧཱ། ཨོཾ་དི་བྱཻ་སྭཱཧཱ། ཨོཾ་སྭ་ར་སྭ་སྟྱཻ་སྭཱཧཱ། ཞེས་པ་རྣམས་ཀྱང་ཅི་རིགས་སུ་བཟླས་ལ། མཐར་ཆུ་སྦྱིན་སྤྱི་དང་མཐུན་པར་ཕུལ། གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། གཙོ་འཁོར་སོ་སོའི་སྔགས་ཀྱིས་མཐར། ཨ་ཀཱ་རོ་བཏགས་པས་འབུལ་ཏེ། གཙོ་བོ་ལ་ལན་བདུན་དང༌། གཞན་རྣམས་ལ་
གསུམ་གསུམ་མོ། །མཆོད་བསྟོད། འདོད་དོན་གསོལ་བཏབ་སོགས་སྤྱི་དང་འདྲ་བར་བྱ། འདིའི་རྗེས་གནང་སྦྱིན་པར་འདོད་ན། མདུན་བསྐྱེད་ཀྱི་རྟེན་ཕོ་རྐྱང་མོ་རྐྱང་ཕོ་མོ་སྦྲགས་པ་སྟེ་གསུམ་མམ། འཁོར་ལོ་གསུམ་འགོད། མ་འགྲུབ་ན། མཎྜལ་གསུམ་ལ་དེའི་རིམ་པས་ཚོམ་བུ་བཀོད། མཐར་མཆོད་གཏོར་གྱིས་བསྐོར། དབུས་སུ་གོང་བཞིན་བསྐྱེད། གཡས་སུ་གནོད་སྦྱིན་ཕོ་དགུའི་དཀྱིལ་འཁོར་བསྐྱེད། གཡོན་དུ་མོ་དགུའི་བསྐྱེད། གནས་གསུམ་བྱིན་རླབས་མན་ཆད་ཆབས་གཅིག་ཏུ་བྱ། སློབ་མ་རྣམས་ཀྱིས་གསོལ་བཏབ་ཡན་ལག་བདུན་པ་སྒྲུབ་ཐབས་བརྒྱ་རྩ་དང་འདྲ་བར་བྱས། ཡི་དམ་གྱི་ང་རྒྱལ་འཛིན་དུ་བཅུགམདུན་བསྐྱེད་རྣམས་བློ་ཡུལ་དུ་ངེས་པར་བསྐྱེད་ནས། ཆུ་སྦྱིན་གཏོར་འབུལ་མཆོད་བསྟོད་རྣམས་བྱ། དེ་ནས་སྔགས་ཀྱི་བཟླས་ལུང་སྦྱིན་ཏེ། དེ་ཉིད་ཀྱིས་སློབ་མའི་བྱ་བ་འགྲུབ་པ་ཡིན་ནོ། །འཁོར་ལོ་ཀུན༵་ལ་གྲགས་མོད་ཀྱང༌། །རབ་དག༵འི་བཀའ་གཏད་ཤིན་དུ་དཀོན། །སྙིང༵་ནས་ཚུལ་འདིར་འཇུག་འདོད་ན། །དང་པོ༵ར་རིག་གཏད་ཞུ་བ་གཅེས། །ཛཾ་བྷ་ལ་ལྷ་མང་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
འཕགས་པ་ཛཾ་བྷ་ལ་ནག་པོའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། མི་བསྐྱོད་རྡོ་རྗེས་བྱིན་རླབས་པ། ཁྲོ་བོ་འཆོལ་བའི་ཆ་ལུགས་ཅན། །སྨུག་འཛིན་དེ་ལ་བཏུད་བྱས་ནས། །སྒྲུབ་ཐབས་རྗེས་གནང་བཅས་པ་བཤད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། བསྲུང་འཁོར་གང་འོས་ཤིག་བསྒོམས་ནས། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་
རྭ་དགུ་པ། ཕྱི་སེར་ལ་ནང་ནག་པ། དེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པར་གྱུར། ཨོཾ་ཨ་ཞེས་པའི་སྒྲ་དང་བཅས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་ཛཾ་བྷ་ལ་ནག་པོའི་རྣམ་པར་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས། ན་མ་ཨུ་ཙུཥྨ་ཨཱཪྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་བྷྱཿ ཞེས་ཕྱག་བྱ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་ བདག་སྐྱབས་མཆི་སོགས་ཡན་ལག་བདུན་པ་བྱ། ཚད་མེད ་བཞི་སྤྱི་དང་མཐུན། ཟླ་བ་རྡོ་རྗེ་ཧཱུཾ་དང་བཅས་པ་ལས་འོད་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ། རང་ཉིད་ལ་ཐིམ། མདུན་གྱི་འཕགས་པ་ཛམྦྷ་ལའི་ཚོགས་ཀྱང་ཨོཾ་ཨ་ཞེས་པས་སྤྱན་དྲངས་ནས་ཧཱུཾ་ལ་ཐིམ། རང་ལུས་ཀྱང་ཟླ་བ་རྡོ་རྗེ་དང་བཅས་པ་ལ་ཐིམ། དེ་ཉིད་ཀྱང་སྣང་སྟོང་སྒྱུ་མ་ལྟ་བུའོ། །ཞེས་བརྗོད་ལ་ཅུང་ཟད་མཉམ་པར་བཞགཟླ་བ་རྡོ་རྗེ་ཧཱུཾ་ཡིག་དང་བཅས་པ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་པ་ཛཾ་བྷ་ལ་སྐུ་མདོག་བུང་བ་ལྟར་གནག་པ། གཅེར་བུ་རིགས་ངན་གྱི་ཆ་ལུགས་རྣ་བ་མ་ཕུག་པ་མིའི་ཐུང་གི་རྣམ་པ་ཅན། མཚན་མ་གྱེན་དུ་བསྒྲེང་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ལྗགས་འདྲིལ་ལ་ཁྲོ་གཉེར་བསྡུས་པ། ཕྱག་གཡས་པས་ཀ་པཱ་ལ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ།
གཡོན་པས་ནོར་བུ་སྣ་ཚོགས་སྐྱུག་པའི་ནེའུ་ལེ་བརླ་གཡོན་པ་ལ་བརྟེན་པའི་ཚུལ་གྱིས་འཛིན་པ་ཞབས་གཡས་བསྐུམ། གཡོན་བརྐྱང་བས་པདྨ་དང༌། ཟླ་བའི་གདན་ལ་ནོར་བདག་རྣམ་ཐོས་བུའི་གཟུགས་ཅན་ནོར་བུ་སྐྱུག་པ་མནན་པ། བྱིས་པའི་གཟུགས་ཅན་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཞིང༌། སྤྱི་བོར་རྒྱལ་བ་མི་བསྐྱོད་པ་བཞུགས་པ། མེ་དཔུང་འབར་བའི་དབུས་ན་འགྱིང་བའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་རྭ་དགུ་པ་ཧཱུཾ་ཡིག་དང་བཅས་པ། ཕྱོགས་ཀྱི་རྭ་རྣམས་རབ་ཏུ་གདེངས་ཤིང༌། དབུས་ཀྱི་རྭ་རྣམ་པར་དཀར་བ་ནོར་བུའི་ཏོག་གིས་བརྒྱན་པ། དེའི་ལྟེ་བར་ཟླ་བ་ལ་ཧཱུཾ། དཔྲལ་བར་ཨོཾ། ལྕེ་ལ་ཛཾ། དཔུང་པ་གཡས་ལ་བྷ། གཡོན་ལ་ལ། ཐུགས་ཀར་ཛ། ལྟེ་བར་ལེན། ངར་གདོང་གཡས་ལ་དྲ། གཡོན་ལ་ཡེ། བོལ་གོང་གཡས་ལ་སྭཱ། གཡོན་ལ་ཧཱ་རྣམས་ཟླ་གདན་ལ་གནས་པ། ཡི་གེ་ཐམས་ཅད་ཀྱང་མདོག་ནག་པོ་འོད་ཟེར་སེར་པོ་འཕྲོ་བའོ། །དེ་ཐམས་ཅད་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཛཾ་བྷ་ལར་གྱུར་ནས་རང་གི་སྙིང་གའི་ཧཱུཾ་ལ་ཐིམ། ཡང་འོད་འཕྲོས་ཕྱོགས་བཅུའི་རིན་པོ་ཆེའི་ཐམས་ཅད་བསྡུས། རླུང་ནང་དུ་བརྔུབས་པའི་ཚེ། ཀླུ་ཆེན་བརྒྱད་དང་ནོར་བདག་རྣམས་ཀྱི་ཁ་ནང་དུ་སོང༌། རླུང་ཕྱིར་རྒྱུ་བའི་ཚེ་བསྐྱུགས་པས་
རིན་པོ་ཆེའི་ཕུང་པོར་གྱུར། རང་གི་ལག་པ་གཡས་པའི་མཐིལ་དུ་བཾ་ལས་བྱུང་བའི་བུམ་པ་བཟང་པོ། ལག་པའི་འཁྲིག་མ་ལ་ཨོཾ། བུམ་ནང་དུ་ཛཾ། མཛུབ་མོ་ལ་བྷ། གུང་མོ་ལ་ལ། སྲིན་ལག་ལ་ཛ། མཐེའུ་ཆུང་ལ་ལེན། མཐེ་བོང་ལ་དྲ། ལག་མཐིལ་གྱི་རྩ་བའི་དབུས་སུ་ཡེ། གཡོན་དུ་སྭཱ། གཡས་སུ་ཧཱ་རྣམས་ཟླ་བ་ལ་གནས་པར་གྱུར། ཛཾ་ཡིག་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང༌། མདུན་དུ་ཟངས་གཞོང་གི་ནང་དུ་སྐུ་གཟུགས་སམ་ལིང་ག་བཞུགས་སུ་གསོལ། དེ་ཉིད་སྐད་ཅིག་གིས་གོང་བཞིན་བསྐྱེད། རང་གི་ཐུགས་ཀ་ནས་ཛཾ་བྷ་ལ་གཅིག་སྤྲོས་ནས་དེ་ལ་བསྟིམ། ཨོཾ་ཨིནྡྲ་ཡ་ཎི་མུ་ཁཾ་བྷྲ་མ་རི་སྭཱཧཱ། ཞེས་ལན་བདུན་གྱིས་བྱིན་གྱིས་བརླབས། རང་གི་ཁྱོར་བས་ཆུ་བླུག་སྟེ་བདུད་རྩིའི་རང་བཞིན་དུ་གྱུར་པ་རང་གི་ཁ་སྒོ་ནས་ཞུགས། ཛཾ་གྱི་འོད་ཀྱིས་སེར་པོར་གྱུར། ཧཱུཾ་ལ་སོགས་པའི་འོད་ཟེར་གྱིས་ནུས་མཐུ་ཆེན་པོར་བྱས་ཏེ། ཐུགས་ཀ་ནས་གྱེན་དུ་ལོགཞལ་ནས་ཐོན། ལག་མཐིལ་དུ་བྱུང་བ་ཕུལ་བར་མོས་པའམ། རྡོ་རྗེའི་ལམ་ནས་ཁྱོར་བར་ཕུལ་བར་བསམ་པ་གང་རུང་གི་དམིགས་པ་དང་བཅས། ཨོཾ་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་ལག་ལེན་བཞིན་འབུལ་ལོ། །དེ་ནས་གཏོར་སྔགས་ལན་བདུན་གྱིས་ཆུ་ཁྱོར་བ་བདུན་ཕུལ། གཏོར་མ་ཛཾ་བཤོས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་
ཡ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་ལན་བདུན་གྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཔལ་གྱི་དབང་ཕྱུག་དཔལ་ཆེན་བཅུ་གནས་རིན་ཆེན་རྣམ་པ་མང་ལྡན་པ། །ཐབས་མང་སྟོབས་ཆེན་དྲི་མེད་ཐུགས་རྗེ་དྲང་སྲོང་ལྷ་མོའི་སྲས་གྱུར་དེའི། །སྲས་ཅིག་མཚུངས་མེད་མ་ལུས་སྲིད་དང་ཞི་བའི་ནོར་བདག་གཏེར་ཆེན་ནི། །མིའུ་ཐུང་ཆ་བྱད་ཐོད་ཁྲག་ནེའུ་ལེ་འཛིན་མཛད་ཁྱོད་ལ་བདག་ཕྱག་འཚལ། །མགོན་པོ་ནམ་མཁའི་མཛོད་ཅན་ནོར་གྱི་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་བདག་མཆོད་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་བསྟོད་ཅིང་གསོལ་བ་བཏབ། རྟེན་ཆུ་ནང་དུ་དབྱུང་ངོ༌། །རྟེན་མེད་ན་རང་གི་སྙིང་གར་བསྡུ་བའམ། གཤེགས་པ་གང་རུང་བྱ། གཏོར་མ་གཙང་སར་བཏང་ངོ༌། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་པར་བྱའོ། །མཐར་ལྷ་སྐུ་མི་དམིགས་པར་སྦྱངས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བ་བྱེད། འདིའི་རྗེས་གནང་བྱེད་པར་འདོད་ན། མཎྜལ་ཚོམ་བུ་མཆོད་གཏོར་རྣམས་སྤྱི་དང་མཐུན་པར་བཤམ། བགེགས་གཏོར་བཏང༌། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པར་བྱེད། སྐྱབས་འགྲོ་ནས་བརྩམས་བཟླས་པའི་བར་གོང་བཞིན་བྱས་ལ། མདུན་
བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉི་ལ་ཧཱུཾ་ལས་ནས། བསྐྱེད་ཅིང་ཡི་གེ་འགོད་པ་བཞིན་བྱ། ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། གཏོར་འབུལ་མཆོད་བསྟོད་བཟླས་པ་རྣམས་བདག་བསྐྱེད་བཞིན་བྱས་ལ། སློབ་མའི་བྱ་བ་ནི་སྒྲུབ་ཐབས་རྒྱ་མཚོ་དང་འདྲ་བ་ལས། གུར་ནས་འབྱུང་བའི་རྒྱུན་བཤགས་ཀྱི་དོད། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡི་སོགས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་བྱེད། སྐུའི་རྗེས་གནང་གི་མཐར་ཡི་གེ་རྣམས་འགོད། སྣོད་བཅུད་ལྷར་བསྒྱུར་ནས་བསྟིམ། ཐུགས་ཀྱི་རྗེས་གནང་གི་མཐར་ལག་པ་བྱིན་རླབས་ནས་མཆོད་བསྟོད་ཀྱི་བར། སློབ་མ་ཉིད་ཆུ་སྦྱིན་རྒྱས་པར་འབུལ་དུ་འཇུག་པའམ། མི་ལྕོག་ན། སློབ་མའི་དོན་དུ་དམིགས་ནས་སློབ་དཔོན་གྱིས་བྱ། དེའི་མཐར་མདུན་བསྐྱེད་ཀྱི་ཀླུ་བརྒྱད་སོགས་ཀྱིས་རིན་པོ་ཆེ་ཟོས་ཤིང་བསྐྱུགས་པས་སློབ་མ་ལ་དངོས་གྲུབ་སྩོལ་བའི་དམིགས་པ་གོང་བཞིན་ཕོག་ལ་ཛཾ་བཤོས་དང་ཆུ་ནས་ཅུང་ཟད་སྦྱིན། རྗེས་ཀྱི་བྱ་བ་ཐམས་ཅད་སྤྱི་དང་འདྲ། འདི་ཐུན་མོང་མ་ཡིན་པ་པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་གི་ལུགས་ཡིན། ཐུན་མོང་ཙམ་སྦྱིན་པར་འདོད་ན་སྒྲུབ་ཐབས་བརྒྱ་རྩ་དང༌། རྒྱ་མཚོའི་ནང་ནས་འབྱུང་བ་ཁོ་ནས་ཆོག་གོ །ཀུན༵་ནས་ངོ་མཚར་མཆོག་གྱུར་པའི། །མན་ངག་བཞི་ཞེས་དག༵འ་བར་བསྔགས། །གཞུང་དང་མན་ངག་མཐའ་ཡས་ལས། །ཉེར་མཁོ་སྙིང༵་པོ༵་ཙམ་ཞིག་བསྡུས། །འཕགས་པ་ཛཾ་བྷ་ལ་ནག་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
ཛཾ་བྷ་ལ་དཀར་པོ་ཇོ་བོ་ལུགས་ཀྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཇིག་རྟེན་མགོན་པོ་ལ་བཏུད་ནས། །དེ་ཡི་རྣམ་འཕྲུལ་ནོར་ལྷའི་གཙོ། །གནོད་གནས་ལྷ་ལྔ་ལ་བཏུད་ནས། །སྒྲུབ་ཐབས་རྗེས་གནང་བཅས་པ་བཤད། །མདུན་དུ་བྲིས་སྐུའམ་མཎྜལ་ཚོམ་བུ་དང་བཅས་པའི་རྟེན་བཤམས་ལ། མཐའ་མཆོད་གཏོར་གྱིས་བསྐོར། སྤྱན་རས་གཟིགས་ཀྱི་བདག་བསྐྱེད་གང་ཡང་རུང་བ་སྔོན་དུ་འགྲོ་བས། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་གཞལ་མེད་ཁང་པའི་དབུས་སུ། ཛཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་ཛཾ་བྷ་ལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཁྲོ་བོའི་ཆ་ལུགས་ཅན། ཕྱག་གཡས་པས་མདུང་རྩེ་གསུམ་པ་འཕྱར་བ། གཡོན་པས་ནོར་བུས་མཚན་པའི་བེ་ཅོན་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པདྨ་དང་ཉི་མའི་གདན་ལ་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་སངས་རྒྱས་དཔའ་བོའི་ངོ་བོར་གྱུར། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གཡས་རྡོ་རྗེ་དང་གཡོན་རྟེན་འབྲེལ་གྱི་རྫས་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་རིན་པོ་ཆེ་སྤུངས་པ་དང་གཡོན་ལྕགས་ཀྱུ་བསྣམས་པ། ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་གཡས་པདྨ་དང་གཡོན་ནོར་བུས་མཚན་པའི་རྒྱལ་མཚན་འཛིན་པ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་ཁུ་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་གཏེར་
གྱི་ནེའུ་ལེ་འཛིན་པ། ཐམས་ཅད་ཀྱང་སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། པོ་ཊ་ལ་ནས་ཛཾ་བྷ་ལ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུངས་ཤིང་དབང་གི་ལྷ་རྣམས་ཀྱིས་དབང་བསྐུར། གཙོ་བོ་ལ་དེ་བཞིན་གཤེགས་པ་རིགས་ལྔ་དང༌། འཁོར་རྣམས་ལ་གཙོ་བོས་དབུ་བརྒྱན། ཨོཾ་པདྨ་ཀྲོ་དྷ་ཨཱཪྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུཾ་ཕཊ། ཅེས་ཅི་ནུས་སུ་བཟླས། ཐུན་འཇོག་ཁར། ཟངས་གཞོང་གི་སྣོད་དུ་ལྡུགས་སྐུ་བཞག་པའམ། སྐུ་གཟུགས་མེད་ཀྱང་རུང༌། རང་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ལག་མཐིལ་གཡས་སུ་བྷྲཱུཾ་ལས་བྱུང་བའི་བུམ་པ་བཟང་པོའི་ནང་དུ། ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མདུན་གྱི་ཛཾ་བྷ་ལ་འཁོར་བཅས་ཟངས་གཞོང་གི་ནང་དུ་བྱོན་པར་བསམས་ལ། སྙིང་པོ་བརྒྱ་རྩ་བརྒྱད་ཀྱིས་ཆུ་སྦྱིན་འབུལ། མཐར་ཐིག་པ་གཅིག་ལྕེ་ཐོག་ཏུ་བཞག་ལ། ལྷག་མ་ཕྱོགས་བཞིར་གཏོར། མཆོད་པ་བྱིན་རླབས་སྤྱི་དང་མཐུན། གཏོར་མ་བསངས་སྦྱངས། ཨོཾ་ཨཱཿཧཱུཾ། ལན་བདུན་གྱིས་བྱིན་གྱིས་བརླབས། ཨོཾ་པདྨ་ཀྲོ་དྷ་ཨཱཪྱ་ཛཾ་བྷ་ལ་ཧྲི་ད་ཡ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་ལྔས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྤྱན་རས་གཟིགས་དབང་སྐུ་ལས་མངོན་
སྤྲུལ་པ། །རིགས་ལྔས་བྱིན་རླབས་བདུད་རྩི་ཆར་ལྟར་འབེབས། །པདྨ་ཁྲོ་བོ་ཨཱཪྱ་ཛཾ་བྷ་ལ། །རིགས་བཞི་མཁའ་འགྲོ་མ་དང་བཅས་ལ་འདུད། །ཅེས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ་སོགས་བྱས་ལ། གོང་དུ་བཤད་པ་བཞིན་རྟེན་ཡོད་ན་བརྟན་བཞུགས་དང༌། ཚོམ་བུ་ལ་ཡང་བསྙེན་པ་མ་ཐོན་གྱི་བར་དུ་བརྟན་བཞུགས་བྱེད། རྒྱུན་གྱི་བཟླས་པའི་སྐབས་ལྟ་བུ་རྟེན་དང་ཚོམ་བུ་གཉིས་ཀ་མེད་ན། བཛྲ་མུཿ གཤེགས་སུ་གསོལ། མཁའ་འགྲོ་རིགས་བཞིས་སྔགས་ཀྱང་སྒྲུབ་པ་དང་ལས་སྦྱོར་གྱི་སྐབས་མ་གཏོགས་མི་དགོས་སོ། །དེ་ལྟར་ན་སྔགས་འབྲུ་འབུམ་དུ་བཟླས་པས་བསྙེན་པ་སྒྲུབ་པ་ཡིན་པས་གའུའི་སྒྲུབ་པ་ལས་སྦྱོར་དང་བཅས་པ་སོགས་འདི་ཉིད་ཀྱི་ལས་ཚོགས་རྣམས་སྒྲུབ་པས་རྟགས་འཕྲལ་དུ་ཐོན་པར་འགྱུར་བ་ཡིན་ནོ། །འདིའི་རྗེས་གནང་བྱ་བར་འདོད་ན། མཎྜལ་སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་དཀར་པོ་ཞིག་བྲི། ལྟེ་བ་དང་ཕྱོགས་བཞིའི་འདབ་མ་ལ་འབྲུའི་ཚོམ་བུ་བཀོད། བུམ་པ་བཅུད་དང་ལྡན་པ་ཁ་རྒྱན་ཅན་དང༌། གཏོར་མ་དཀར་གཏོར་གཙོ་འཁོར་ལྔ་པ་ཞིག་དང༌། གཞན་ཡང་འབུལ་གཏོར་མཆོད་པ་ཙཱ་རུའི་བཟའ་བ་རྣམས་ཅི་བདེར་བཤམས། རྩེ་གསུམ་བེ་ཅོན་རྡོ་རྗེ་རྫས་གཞོང་ནོར་བུ་ལྕགས་ཀྱུ་པདྨ་རྒྱལ་མཚན། སྣ་ཚོགས་རྡོ་རྗེ་ནེའུ་ལེའི་རྐྱལ་པ་རྣམས་དངོས་སམ་ཙ་ཀ་ལི་ཚང་བར་བཤམ། དབུ་རྒྱན་དང་རིན་པོ་ཆེའི་འཕྲེང་བ་ཞིག་ཀྱང་བཞག འཕགས་པ་སྤྱན་རས་གཟིགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་
བསྐྱེད་འདོད་དོན་གསོལ་བཏབ་ཡན་ཆད་གོང་དང་འདྲ་བ་ལས། མཎྜལ་གཏོར་མ་བུམ་པ་གསུམ་གྱི་གནས་སུ་རིན་པོ་ཆེའི་གཞལ་མེད་ཁང་པ་ཞེས་སོགས་བརྗོད་པ་ནི་ཁྱད་པར་རོ། །དེ་གསུམ་ལ་སོ་སོར་དམིགས་ནས་བཟླས་པ་བརྒྱ་ཕྲག་རེ་རེ་བྱའོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས། མཎྜལ་ཕུལ་ནས་འདུག་པ་ལ། བགེགས་གཏོར་སྤྱི་དང་མཐུན་པར་བཏང༌། ཡིད་ཆེས་པའི་ལོ་རྒྱུས་བཤད། སླར་ཡང་མཎྜལ་ཕུལ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སོགས་གསོལ་བ་བཏབ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེས་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་ཉན་པར་གདམས། སངས་རྒྱས་ཆོས་དང་མ་ལན་གསུམ་གྱིས་སེམས་བསྐྱེད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་སྡོམ་པ་བཟུང༌། སྐུའི་རྗེས་གནང་ལ་སྤྱི་དང་མཐུན་པར་བྱས་པའི་རྗེས་སུ། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། སློབ་དཔོན་འཕགས་པ་སྤྱན་རས་གཟིགས་སུ་གསལ་བ་དང༌། མདུན་བསྐྱེད་ཛཾ་བྷ་ལ་རིགས་ལྔས་དབང་བསྐུར། ལུས་ཐམས་ཅད་གང༌། སྡིག་པ་དག་པར་མོས། དབུ་བརྒྱན་ཞིང༌། ཨོཾ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་ཧཱུཾ། རྒྱལ་བ་རིགས་ལྔས་དབུ་བརྒྱན་པར་བསམ། རིན་པོ་ཆེའི་འཕྲེང་བ་མགོ་ལ་བསྐོན། ཨོཾ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། གསུང་གི་
རྗེས་གནང་དང་ཐུགས་ཕྱག་མཚན་བསྟིམ་པ་སྤྱི་དང་འདྲ། མདུན་བསྐྱེད་ཀྱི་གནས་གསུམ་ནས། ཛཾ་བྷ་ལ་དཀར་དམར་མཐིང་གསུམ་སྤྲོས་ནས། སློབ་མའི་གནས་གསུམ་དུ་བསྟིམ་པ་ཡོན་ཏན་གྱི་རྗེས་གནང་ངོ༌། །གཙོ་བོའི་ཕྱག་མཚན་ལག་ཏུ་གཏད། རྗེ་བཙུན་འཕགས་པ་ཛཾ་བྷ་ལའི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །བུ་ཡིས་མྱུར་དུ་ཐོབ་པར་ཤོག །ཨོཾ་པདྨ་ཀྲོ་དྷ་སོགས། བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི་སྐུ་གསུང་ཐུགས་ཀྱི་སོགས་གོང་ལྟར་བརྗོད་བཞིན་དུ། རྡོ་རྗེ་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་པི་ཤི་ནི་སྟེང་ལྷའི་སྣང་སྲིད་ཐམས་ཅད་སློབ་མ་འདིས་དབང་དུ་གྱུར་ཅིགའོག་ཀླུའི་སྣང་སྲིད་ཐམས་ཅད༴ བར་མིའི་སྣང་སྲིད་ཐམས་ཅད༴ སྭཱཧཱ། དེ་བཞིན་དུ། རིན་ཆེན་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། བཅོམ་ལྡན་རིན་ཆེན་མཁའ་འགྲོ་མའི་སོགས་དང༌། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤི་ནི། འཇིག་རྟེན་ཁམས་ཀྱི་ནོར་རྫས་བང་མཛོད་ཐམས་ཅད་སློབ་མ་འདིས་དབང་དུ་བསྡུས་ཤིག་སྭཱཧཱ། པདྨ་མཁའ་འགྲོ་མའི་ཕྱག་མཚན་གཏད་ལ། བཅོམ་ལྡན་པདྨ་སོགས་དང༌། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤི་ནི། རྒྱལ་པོ་དང་བློན་པོ་དང་ཡུལ་མི་དབང་ཆེན་པོ་དང་ནོར་བུའི་བདག་པོ་ཀླུ་ཆེན་པོ་རྣམས་སློབ་མ་འདིས་དབང་དུ་བསྡུས་ཤིག་སྭཱཧཱ། ལས་ཀྱི་མཁའ་འགྲོ་མའི་
ཕྱག་མཚན་གཏད་ལ། བཅོམ་ལྡན་ལས་ཀྱི་སོགས་དང༌། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤི་ནི། ཡུལ་མི་ཕྱུག་པོ་དང༌། རྐང་འགྲོས་དང༌། ཟས་ནོར་སྣ་ཚོགས་པ་སློབ་མ་འདིས་དབང་དུ་བསྡུས་ཤིག་སྭཱཧཱ། ཞེས་པ་ནི་འཕྲིན་ལས་ཀྱི་རྗེས་གནང་ངོ༌། །དེ་ནས་གཏོར་མའི་བཀའ་བསྒོ་སྤྱི་དང་མཐུན་པར་བྱས་ལ། གཏོར་མའི་ལྷ་ལྔ་སློབ་མ་ལ་བསྟིམ། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། གཏོར་མ་ནས་བག་ཙམ་དངོས་གྲུབ་ཀྱི་དོན་དུ་སློབ་མ་ལ་སྦྱིན། རྗེས་རྣམས་སྤྱི་དང་འདྲ་ཞིང༌། ཙཱ་རུའི་བཟའ་བ་ལོངས་སྤྱད་པར་བྱའོ། །འདིའི་སྒྲུབ་ཐབས་བདག་བསྐྱེད་དུ་བྱེད་པའི་ལུགས་ཀྱང་ཡོད་མོད་ཀྱི། གོང་དུ་བཤད་པ་ཉིད་ལེགས་སོ། །ནོར་སྒྲུབ་ཀུན༵་ལས་ཁྱད་འཕགས་པ། །རིན་ཆེན་ཕུང་པོར་སྤུངས་པ་དང༌། །མཚུངས་ཤིང་དག༵འ་བར་རྗེས་བསྔགས་པའི། །སྙིང༵་པོ༵་མདོ་ཙམ་བཀོད་པ་ཡིན། །ཛཾ་བྷ་ལ་དཀར་པོ་ཇོ་བོ་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
ཛཾ་བྷ་ལ་དམར་པོ་ས་ལུགས་ཀྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། དཔལ་ལྡན་སྡོམ་པ་ཧེ་རུ་ཀའི། །རྣམ་འཕྲུལ་ལས་བྱུང་ཛཾ་བྷ་ལ། །དམར་པོ་སྲོག་སྒྲུབ་ཅེས་བྱ་བའི། །སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། །འདིའི་བསྙེན་སྒྲུབ་ལས་གསུམ་གྱི་བྱ་བ་ཡིག་རྙིང་ལས་ཤེས་པར་བྱའོ། །འདིར་མདོ་ཙམ་སྨོས་ན། བདེ་མཆོག་ལྷན་སྐྱེས་སམ། བདེ་མཆོག་གི་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་ཐབས་ཀྱང་རུང་སྟེ། གང་ལྟར་ཡང་བདེ་མཆོག་གི་བདག་བསྐྱེད་སྔོན་དུ་འགྲོ་བས་བྲིས་སྐུའི་མདུན་དུ་མཆོད་གཏོར་བཟང་དུ་བཤམས། ནང་
མཆོད་དང་ཕྱི་མཆོད་བདག་བསྐྱེད་ལྟར་བྱིན་གྱིས་བརླབས། མདུན་བསྐྱེད་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་འདབ་བརྒྱད་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲུཾ་ལས་གཏེར་གྱི་བུམ་པ་གཉིས་ཞབས་སྤྲད་ཅིང་ཁ་གཡས་གཡོན་དུ་བསྟན་པ་ལས་རིན་པོ་ཆེའི་ཆར་འབེབས་པ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཛཾ་དང་བཾ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། འཕགས་པ་ཛཾ་བྷ་ལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ནོར་བུ་འབར་བའི་ཐོར་ཚུགས་ཅན། ཕྱག་གཡས་རིན་པོ་ཆེ་དབང་གི་རྒྱལ་པོ་ཐུགས་ཀའི་ཐད་ཙམ་དུ་འཛིན་ཞིང༌། གཡོན་པ་གཏེར་གྱི་ནེའུ་ལེ་རིན་པོ་ཆེ་སྐྱུག་བཞིན་པ་ཡུམ་གྱི་སྟ་ཟུར་གཡོན་གྱི་ཐད་ཙམ་དུ་འཛིན་པ། ཞབས་གཡས་བརྐྱང་གི་སྟབས་ཅན་དང་རིན་པོ་ཆེས་བརྒྱན་པ། བརྗིད་བག་ཆགས་ལ་བདེ་བ་རྒྱས་པའི་ཉམས་ཅན་ཡིད་ཙམ་ཁྲོ་བའི་ངང་ཚུལ་ཅན་ནོ། །ཡུམ་བདེ་བ་རྒྱས་བྱེད་མ་ཡབ་དང་རྣམ་པ་མཚུངས་པ་ལས། ཕྱག་གཡོན་པས་ཐོད་པ་བདུད་རྩིས་གང་བ་འཛིན་པ། སྐྲ་གྲོལ་བ། ཞབས་གཡོན་བརྐྱང་བས་ཡབ་ལ་འཁྱུད་པ། ལྷ་མོའི་ཆ་བྱད་རྫོགས་པའོ། །ཡབ་ཡུམ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ།
རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་བྱོན་པའི་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་གསུང་ཞིང་དབང་བསྐུར་རྡོ་རྗེ་སེམས་དཔས་དབུ་བརྒྱན། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་དང༌། བཟླས་སྔགས་ལ་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། རྗེས་ཆགས་དཔའ་བོ་མཆོག་ཏུ་བདེ་བའི་རང་བཞིན་ཅན། །ཟག་པ་དང་བྲལ་མཁའ་འགྲོའི་དབང་ཕྱུག་དཔའ་བོ་ཆེ། །གཉིས་མེད་རྣམ་རོལ་དགོས་འདོད་ཀུན་འབྱུང་མཆོག་གི་ལྷ། །མགོན་པོ་ཁྱོད་ལ་མངོན་པར་འདུད་དོ་མངོན་ཕྱག་འཚལ། །ཞེས་བསྟོད། རང་གི་ཐུགས་ཀར་ཡི་དམ་གྱི་སྔགས་འཕྲེང་གི་དབུས་སུ། ཛམྦྷ་ལ་ཡབ་ཡུམ། དེའི་ཐུགས་ཀར་དེ་ཉིད་ཀྱི་སྔགས་འཕྲེང་དང་ས་བོན་བསྒོམ། དེའི་འོད་ཟེར་གྱིས་མདུན་བསྐྱེད་བསྐུལ་བ་སོགས་དམིགས་པ་གསལ་བཏབ་ལ། ཨོཾ་ཛཾ་བྷ་ལ་ཛ་ལནྡྲེ་ཡེ་དྷ་ན་མེ་དྷི་ཧྲཱིཿཌཱ་ཀི་ནཱི་ཛ་ལ་སམྦྷ་རཾ་སྭཱཧཱ། ཞེས་ཅི་ནུས་སུ་བཟླའོ། །མཐར་གཏོར་མ་འབུལ་བ་ནི། ཡི་དམ་གྱི་མངོན་རྟོགས་ལྟར་བྱིན་གྱིས་བརླབས་ནས། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་འབུལ། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་ནས། ཀུན་
འགྲུབ་ཤོག་གི་བར་གྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ་བརྟན་བཞུགས་རྣམས་སྤྱི་དང་མཐུན་ཞིང་། རྟེན་མེད་ན་གཤེགས་གསོལ་བྱའོ། །འདིའི་རྗེས་གནང་བྱེད་པར་འདོད་ན། སྐར་མ་རྒྱལ་གྱི་ཉིན་མོ། སྟེགས་བུ་གྲུ་བཞི་པ་བཙག་གིས་བྱུགས་པ་ཞིག་ལ་བཅད་དམར་སྐྱས་པདྨ་འདབ་བརྒྱད་འབྲི། དབུས་སུ་ཚོམ་བུ་དམར་པོ་བཀོད། དེར་མཉྫི་བཀོད་པའི་སྟེང་དུ་ནང་མཆོད་དང༌། དེའི་སྟེང་དུ་མཎྜལ་ལ་སིནྡྷུ་རས་བྱུགས། དེ་ལ་ཆོས་འབྱུང་གི་དབུང་སུ་ཛཾ་དང་བཾ། མཐའ་མ་སྔགས་ཀྱིས་བསྐོར་བ་བྲི། མཐའ་མཆོད་གཏོར་གྱིས་བསྐོར། སྔོན་འགྲོ་གཏོར་མ་དང་མཆོད་པ་བྱིན་རླབས་རྣམས་སྔོན་དུ་འགྲོ་བས། འདོད་དོན་གསོལ་བཏབ་ཡན་ཆད་བདག་མདུན་གོང་བཞིན་བྱས་ནས། སློབ་མས་མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ལན་གསུམ་གྱིས་གསོལ་བ་བཏབ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། སྐུའི་རྗེས་གནང་སྤྱི་དང་མཐུན་པར་བྱས་པའི་རྗེས་སུ། སྤྱི་བོར་རྡོ་རྗེ་བཞག་ལ་ཏིཥྛ་བཛྲ་ཞེས་བརྗོད། མཎྜལ་གྱི་སིནྡྷུ་ར་མཐེབ་སྲིན་གྱིས་བླངས་ལ། སློབ་མའི་དཔྲལ་བར་ལན་གསུམ་དུ་བྱུགསྙིང་པོའི་མཐར་འབྲུ་གསུམ་བཏགས་པ་ལན་གསུམ་བརྗོད། དེ་ནས་རྗེས་སུ་བཟླས་པའི་ལུང༌། དམ་བཅའ་བའི་ལུང༌། བྱིན་གྱིས་བརླབས་པའི་ལུང་སྤྱི་དང་མཐུན་པར་སྦྱིན་པ་ལས། སློབ་མའི་སྙིང་གར་ཛཾ་དང་བཾ་གཉིས་ཀར་བཀོད་ཅིང༌། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡི་དམ་གྱི་སྔགས་ཀྱིས་འགོ་དྲངས་ནས། སྔགས་འཕྲེང་སྤྲོ་བ་ནི། ཁྱད་པར་རོ། །མཐར་ནང་མཆོད་འབྲུ་གསུམ་གྱིས་
སྦྱིན། ལུས་ཐམས་ཅད་བདུད་རྩིས་གང༌། བདེ་བས་པས་ཁྱབ་པར་མོས་སུ་གཞུགརྗེས་ཀྱི་བྱ་བ་སྤྱི་དང་འདྲ་ཞིང་ཙཱ་རུའི་སྟོན་མོ་རྒྱ་ཆེར་བྱའོ། །འདི་སློབ་དཔོན་བིརྺ་པས་མན་ངག་ཏུ་འདོད་པ་དང༌། ཁྱད་པར་འབྲོག་མི་ནས་བརྒྱུད་པར་འདོད་པ་ནི་བརྒྱུད་ཡིག་ཤིན་ཏུ་འཁྲུལ་བ་ཡིན་པ་སྒྲུབ་ཐབས་རྗེས་གནང་གི་ཆིངས་སོགས་ལ་བརྟགས་པས་ཀྱང་ཤེས་པར་ཡོད་ཅིང༌། ཡི་གེ་འགའ་ཞིག་ལས་འབྱུང་བ་ལྟར། བླ་མ་ས་སྐྱ་པ་ཆེ་པོས་བ་རི་ལོ་ཙཱ་བ་ལ་གསན་པར་བྱས་པ་ཉིད་འཐད་པས། བརྒྱུད་པའང་དེ་ཡན་ཆད་བདེ་མཆོག་ལྷན་སྐྱེས་ཀྱི་བྱིན་རླབས་དང་འདྲ་བར་ཤེས་པར་བྱའོ། །གནོད་གནས་དམར་པོའི་སྒྲུབ་ཐབས་ནི། །ཀུན༵་ལས་ཁྱད་པར་འཕགས་པ་ཡི། །དག༵འ་ཆེན་ཧེ་རུ་ཀ་མཚུངས་པ། །སྒྲུབ་ཐབས་སྙིང༵་པོ༵་མདོ་ཙམ་བྲིས། །ཛཾ་བྷ་ལ་དམར་པོ་ས་ལུགས་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
ཛཾ་བྷ་ལ་དམར་པོ་གཏེར་མའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། པདྨ་གར་དབང་རྣམ་འཕྲུལ་ལས། །ནོར་ལྷའི་རྒྱལ་པོར་སྐུ་སྤྲུལ་པ། །དེ་ལ་བཏུད་ནས་དེའི་སྒྲུབ་ཐབས། །མདོ་ཙམ་བདག་གིས་བརྗོད་པར་བྱ། །ཛཾ་བྷ་ལ་དམར་པོ་གྲྭ་བ་མངོན་ཤེས་ལུགས་ཀྱི་སྒྲུབ་ཐབས་དང༌། རྗེས་གནང་གི་རིམ་པ་ནི། མཎྜལ་ལ་བ་བྱུང་དང་དྲི་བཟང་གིས་བྱུགས་པའི་དབུས་སུ་པདྨ་འདབ་བརྒྱད་དམར་པོ་བྲིས་པའི་ལྟེ་བར་བདུད་རྩི་རིལ་བུ་དང་ལྡན་པའི་མྱོས་བྱེད་བཟང་པོ་ཀ་པཱ་ལ་གང་བ་བུ་རམ་སྦྱར་བ་དང༌། དེའི་མདུན་དུ་གཏོར་མ་རིན་པོ་ཆེ་འབར་བའི་དབྱིབས་ཅན་འབྲི་མོག་པས་དམར་པོར་བསྒྱུར་བ་ལ་བུ་རམ་དང་ཤ་ལ་སོགས་པས་བརྒྱན་པ་དང༌། འབུལ་གཏོར་གཅིག་གམ། འཇིག་རྟེན་པའི་གཏོར་
མ་གཅིག་སྟེ་གཉིས་ཀྱང་བཤམ། གཡས་སུ་བུམ་པ་དམར་པོ་མཚན་ཉིད་དང་ལྡན་པ་ཁ་རྒྱན་དང༌། མགུལ་ཆིངས་ཀྱིས་མཛེས་པའི་ནང་དུ་ཆུ་གཙང་མ་དང༌། ལྔ་ཚན་ལྔའི་རྫས་ཚང་བར་བླུག་པ་བཀོད། གཡོན་དུ་མཆོད་སྦྱིན་གྱི་སྣོད་ཟངས་གཞོང་དུ་སྐུ་བཞུགས་སུ་གསོལ། མཐའ་མཆོད་པས་བསྐོར་ཏེ། ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས། དམིགས་རྟེན་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པཾ་ལས་པདྨ། མ་ལས་ཉི་མ། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། ཛཾ་ཡིག་དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་དབུལ་འཕོངས་ཀྱི་སྡུག་བསྔལ་བསལ། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཨཱཪྱ་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། སྐུ་མདོག་པདྨ་རཱ་གའི་ཕུང་པོ་ལྟར་དམར་ཞིང་འོད་འབར་བ། ཆགས་པ་དང་སྒེག་པའི་ཉམས་དང་ལྡན་ཞིང་ཅུང་ཟད་ཁྲོ་ལ་འཛུམ་པ། རྩ་ཞལ་དམར་ལ་བཞད་པ། གཡས་དཀར་གཡོན་སྔོ་བ། ཕྱག་གཡས་ཀྱི་དང་པོ་ན་རིན་པོ་ཆེ་དང༌། བར་པ་ན་ལྕགས་ཀྱུ། གཡོན་གྱི་དང་པོ་ན་ཐོད་པ་རིན་པོ་ཆེས་གང་བ། བར་པ་ན་ཞགས་པ། ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་བསྣམས་ནས་བཙིར་བས་ནོར་བུ་རིན་པོ་ཆེ་སྣ་ཚོགས་སྐྱུག་པ། ཞབས་གཡས་པ་གཉིས་ཅུང་ཟད་བསྐུམ་ཞིང་གཡོན་པ་གཉིས་ཅུང་ཟད་བརྐྱང་བའི་འདོར་སྟབས་
ཀྱིས་གནོད་སྦྱིན་ནོར་བུ་སྐྱུག་པ་གཉིས་མནན་པ། ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་ཞིང༌། མེ་ཏོག་ཕྲེང་བ་དང་དར་གྱི་ཅོད་པན་གྱིས་མཛེས་པ། དེའི་ཐུགས་ཀར་ཧྲཱིཿཡིག་དམར་པོ་ལས་གསང་བའི་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ཀྱིས་ཨུཏྤ་ལའི་མདའ་གཞུ་རྣ་བའི་དྲུང་དུ་འགེངས་ཤིང༌། འོག་མ་གཉིས་ཀྱིས་ཨུཏྤ་ལས་མཚན་པའི་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། ཞབས་གཡས་བསྐུམ་པའི་བྲང་བ་གཡོན་པའི་བརླ་ལ་བསྟད་པའི་སྐྱིལ་ཀྲུང་ཕྱེད་པས་བཞེངས་པ། མི་རུས་ཀྱི་འཕྲེང་བའི་ཕྱག་རྒྱ་ལྔ་དང༌། རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པ། ཁྲོ་ཞིང་འཛུམ་ལ་སྒེག་པའི་ཉམས་ལྡན་གསལ་བར་བསྒོམས་ཏེ། ཡབ་ཡུམ་གཉིས་ཀའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཐུགས་ཀའི་དབུས་སུ་རང་གི་ས་བོན་བཀོད་པ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཪྱ་ཛཾ་བྷ་ལ་ཤྲཱི་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ མཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པདྨ་ཀ་མ་ལ་ཡེ་སྟྭཾ། ཛཿཧཱུཾ་བཾ་ཧོ་གཉིས་སུ་མེད་པར་བསམ། ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་
དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་དྲི་མ་དགཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་མཉམ་བཞག་གི་ཕྱག་རྒྱས་རིན་པོ་ཆེ་འཛིན་པས་དབུ་བརྒྱན། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མི་དྷི་ཧྲཱིཿསྭཱཧཱ། ཞེས་པའི་སྔགས་ཅི་ནུས་སུ་བགྲངས་བས་མཉེས་ནས་ནོར་གྱི་དངོས་གྲུབ་སྦྱིན་པར་བསམ་མོ། །གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། སྙིང་པོའི་མཐར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧཱི། བཏགས་པ་དང༌། གཏོར་མ་ཕྱི་མ་ཨ་ཀཱ་རོས་འབུལ། མཆོད་པ་བྱིན་གྱིས་བརླབས། སོ་སོའི་ཕྱག་རྒྱ་དང་བཅས་པས། ན་མཿསརྦ་ཏ་ཐཱ་ག་ཏ་ཨཱཪྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུཾ་དང༌། དེ་བཞིན་དུ་ཐོག་མཐའ་འདྲ་བ་ལས། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝེ་ཏྱ། ཤཔྟ་ཞེས་སོགས་རྒྱས་བསྡུས་ཅི་རིགས་པས་མཆོད། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང༌། །ཐུགས་རྗེས་ཆགས་པའི་སྐུ་མདོག་དམར་པོར་བཞུགས། །དབང་གི་འཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཁྱོད་ཕྱག་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་བརྗོད། དེ་ནས་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་ཟླ་བའི་གདན་ལ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ། དམར་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དྭངས་ཤིང་ཐོགས་པ་མེད་པའི་ནང་དུ་སྣ་ཚོགས་
པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་བྱུང་བའི་རིགས་ལྔ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་གཉིས་གཡས་རིན་པོ་ཆེ་དང༌། གཡོན་གཏེར་གྱི་བུམ་པ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་བརྒྱན་པའི་གནས་གསུམ་བྱིན་གྱིས་བརླབས་ཏེ། ཐུགས་ཀ་ནས་སྤྲོས་པའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས། དགུག་གཞུག་བཅིངས་མཉེས་བྱས། དབང་ལྷ་སྤྱན་དྲངས་པ་ལ་མཆོད་དེ་དབང་བསྐུར་བས། རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ལ་མཆོད་ཅིང་བསྟོད་དེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་བ་རིགས་ལྔས་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ་ཏེ། སྐུའི་ཆ་ཐམས་ཅད་ནས་བབས་པའི་བདུད་རྩིས་བུམ་པ་གང་བར་བསམས་ནས། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿཨ། ཞེས་པ་ཅི་ནུས་སུ་བཟླས་ཏེ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། རིགས་ལྔ་འོད་དུ་ཞུ་བ་ལས་བྱུང་བའི་ཛཾ་བྷ་ལ་དམར་པོ་སྔར་བཞིན་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ། མཆོད་བསྟོད་དང་བཟླས་པ་སོགས་སྔར་བཞིན་བྱས། ལྷག་ཆད་ཁ་བསྐང༌། འདོད་དོན་གསོལ་བ་བཏབ། ལྷ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར་པར་བསམ། ཐུན་མཚམས་སུ་ཆུ་སྦྱིན་དང་གཏོར་མ་འབུལ་བར་འདོད་པས་ཟངས་གཞོང་དུ་སྔར་ལྟར་བསྐྱེད་ནས། ཨརྒྷཾ་སོགས་ཀྱིས་མཆོད། དེའི་ཐུགས་ཀར་རཾ་དམར་པོ་མེའི་རང་
བཞིན་ཅན་གཅིག་བསམས་ནས། རཾ་ཞེས་བརྗོད་པས་རྗེས་སུ་ཆགས་པའི་མེ་འབར་ཏེ། ཞལ་ནས་མེ་ལྕེ་ཅུང་ཟད་བྱུང་བས་ཤིན་ཏུ་སྐོམ་པའི་གདུང་བ་ལ་མཆོད་པ་འབུལ་བར་བསམ། རང་གི་ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་ཟླ་བའི་དཀྱིལ་འཁོར་གང་བ་སོར་མོའི་རྩེ་ལས་འཛགས། སྔགས་ཀྱིས་ཕུལ་བས་སྐོམ་པའི་གདུང་བ་ཞི་སྟེ་མཉེས་ནས་ཞལ་དང་ནེའུ་ལེ་དང་ནོར་བདག་རྣམས་ཀྱི་ཁ་ནས་རིན་པོ་ཆེ་སྣ་ཚོགས་བྱུང་བས་རང་གི་དགོས་འདོད་ཐམས་ཅད་ཡོངས་སུ་རྫོགས་པར་བསམས་ལ། ཆུ་སྦྱིན་ཞིང་སྔགས་ཉེར་གཅིག་ལས་མི་ཉུང་བར་བཟླས། གཏོར་མ་ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ནས། སྔགས་ཀྱི་མཐར། ཨི་དཾ་བཱ་ལིཾ་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་གསུམ་མམ་ལྔ་ལ་སོགས་པས་ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས། མཉེས་ནས་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བར་བསམ། ཨརྒྷཾ་ལ་སོགས་པས་མཆོད། རྒྱལ་བ་རིན་ཆེན་མང་གི་ཐུགས་རྗེ་ལས། །མངོན་པར་སྤྲུལ་པ་ནོར་བདག་ཀུན་གྱི་རྗེ། །གསུང་གི་དབང་ཕྱུག་ཨཱཪྱ་ཛཾ་བྷ་ལ། །འདོད་དགུའི་ཆར་འབེབས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། འདོད་པའི་དོན་ལ་གསོལ་བ་བཏབ། ཛཾ་བྷ་ལའི་ཞལ་དང་། ནོར་སྐྱུག་པ་དང༌། ནེའུ་ལེ་ལ་རེག་པར་བསམས་ནས། ཆུ་སྦྱིན་ཕུལ་པའི་ཆུ་ལས་ཐིགས་པ་
གཅིག་མཐེབ་སྲིན་གྱིས་བླངས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ལྕེ་ལ་བཞག་པར་བསམ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་དངོས་གྲུབ་བླངས། གཏོར་ཆུ་དང་བཅས་པ་རང་གི་ལོངས་སྤྱོད་པའམ། ཆུ་བོ་ཆེན་པོར་གནས་པ་རྣམས་ལ་སྦྱིན་པར་བྱའོ། །དེ་ནས་སློབ་མ་རྣམས་རྗེས་སུ་བཟུང་བར་བྱ་སྟེ། དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སློབ་མ་རྣམས་ཁྲུས་ཕྱག་མཎྜལ་སྔོན་དུ་འགྲོ་བས་གྲལ་དུ་འཁོད་པ་ལ་གསོལ་བ་བཏབ་པའི་རྗེས་ཟློས་གྱིས་ཞེས་བརྡ་སྦྱར་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་ནས། བློ་མཆོག་བདག་ལ་གནང་བར་མཛོད། །ཀྱི་བར་ལན་གསུམ་བརྗོད་དུ་གཞུགགུར་ནས་འབྱུང་པའི་རྒྱུན་བཤགས་སམ་གང་ཡང་རུང་བའི་སྒོ་ནས། སེམས་བསྐྱེད་པའི་སྡོམ་པ་ཕོག་སྟེ། མདུན་བསྐྱེད་ཀྱི་དམིགས་པ་སྒྲུབ་ཐབས་ནས་འབྱུང་བ་ལྟར་ཕོགབླ་མ་ལ་སངས་རྒྱས་དངོས་ཀྱི་མོས་འདུན་བྱེད་དུ་བཅུག་ལ། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་སྐུ་ལས་འོད་ཟེར་འཕྲོས། སློབ་མ་ལ་ཕོགསློབ་མའི་ནད་གདོན་སྡིག་སྒྲིབ་སྦྱངས། ལུས་འོད་དམར་པོའི་གོང་བུར་གྱུར་པར་བསམ་དུ་གཞུག་གོ །གཉིས་པ་ནི། སློབ་མ་བསངས་སྦྱངས། སྟོང་པའི་ངང་ལས་མདུན་བསྐྱེད་ཀྱི་སྐབས་སུ་བརྗོད་པ་དེ་ཉིད་འདོན་པ་སྤོས་ཏེ། སློབ་མ་ཛཾ་དམར་དུ་བསྒོམས་པའི་གནས་གསུམ་བྱིན་གྱིས་བརླབས། བླ་མ་དང་མདུན་བསྐྱེད་ཀྱི་
ཐུགས་ཀའི་ས་བོན་ཀྱི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་བཅས་པ་ཐམས་ཅད་ཛཾ་བྷ་ལ་དམར་པོའི་རྣམ་པར་སྤྱན་དྲངས། སློབ་མ་ལ་ཐིམ་པས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསམ་དུ་གཞུགསྔགས་ཀྱི་གཤམ་ལ་ཨ་བེ་ཤ་ཡ་ཨཿ ཞེས་བཏགས་པ་བརྗོད་ཅིང་། གུ་གུལ་གྱིས་བདུགརོལ་མོའི་སྒྲ་དང་བཅས་པས་ཡེ་ཤེས་པ་དབབ་བོ། །རྡོ་རྗེ་སྤྱི་བོར་བཞག་སྟེ། ཏིཥྛ་བཛྲ་གྱིས་བརྟན་པར་བྱའོ། །སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དབང་ལྷ་སྤྱན་དྲངས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་འདེབས་སུ་བཅུགསློབ་དཔོན་གྱིས་འདི་ལ་ཞེས་འདོན་པ་སྤོས་ལ་བརྗོད། ལྷས་རང་རང་གིས་དབང་བསྐུར་བའི་བྱ་བ་རྣམས་མཛད་པར་བསམ་དུ་བཅུག་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས་ཞེས་སོགས་དང༌། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང༌། ལུས་ཀྱི་སྒྲིབ་པ་དགབུམ་དབང་ཐོབ། མགྲི་པ་ཡན༴ ངག་གི༴ གསང་དབང་༴ སྙིང་ག་ཡན༴ ཡིད་ཀྱི༴ ཤེས་རབ་ཡེ་ཤེས་ཀྱི༴ ལུས་ཐམས་
ཅད༴ སྒོ་གསུམ་གྱི༴ དབང་བཞི་པ་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་མཉམ་བཞག་གི་ཕྱག་ན་རིན་པོ་ཆེ་བསྣམས་པས་དབུ་བརྒྱན་པར་བསམ་དུ་བཅུགསླར་ཡང་སློབ་མས་བླ་མ་ལ་མེ་ཏོག་གི་འཕྲེང་བ་རེ་ཕུལ་བར་བསམས་ཏེ། བསྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དུ་བཅུགསློབ་དཔོན་གྱིས་འདི་གསན་པས་ཁྱབ་རྗེས་ཟློས་བྱ་མི་འཚལ་ཞེས་བརྡའ་སྦྱར། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ་དང་། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །འཕྲིན་ལས་རྫོགས་པར་མཛད་དུ་གསོལ། །ཛཾ་ལ་དམར་པོའི་བྱིན་རླབས་ཀྱིས། །བདེ་ཆེན་གནས་སུ་རུང་དུ་གསོལ། །ཞེས་བརྗོད་ཅིང༌། སྤྱི་བོར་མེ་ཏོག་བཞག་པར་བྱའོ། །གསུམ་པ་ནི། དེ་ལྟར་དབང་བསྐུར་བ་དེ་དག་བརྟན་པར་བྱ་བའི་ཕྱིར་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། ཐོད་ཆང་ལག་ཏུ་བཞག་ལ། ཁམས་གསུམ་སྙིང་ཁྲག་བསྡུས་པའི་བཅུད། །བྱང་ཆུབ་སེམས་ནི་དམར་ལ་དྭངས། །སྲིད་གསུམ་དབང་དུ་བྱེད་པའི་རྫས། །བུ་ཡིས་བླངས་པས་དངོས་གྲུབ་ཐོབ། །ཅེས་བརྗོད། བདུད་རྩི་ལྕེ་ལ་བཞག་ཅིང༌། སྔགས་ཀྱི་མཐར་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད། གཏོར་མ་རིན་ཆེན་འབར་བ་
ལག་པར་བཞག་ལ། ཡིད་བཞིན་རིན་ཆེན་འབར་བ་ཡིས། ཁམས་གསུམ་ཀུན་གྱི་ནོར་བསྡུས་པས། །འདོད་དགུ་ཆར་འབེབས་དབང་གི་རྒྱལ། །བུ་ལ་སྦྱིན་པས་དངོས་གྲུབ་ཐོབ། །ཅེས་དང༌། གཏོར་ཟན་བྱིན་ཞིང་སྔགས་སྔར་བཞིན་བརྗོད། དེ་ནས་ཆུ་སྦྱིན་པའི་རྗེས་སུ་གནང་པ་ཡང་བྱ་སྟེ། ཆུ་སྦྱིན་གྱི་དམིགས་པ་སྔགས་གཏོར་བསྔོ། བསྟོད་པ་འདོད་དོན་གསོལ་བའི་བར་ལག་ལེན་ལྟར་བྱེད་ཅིང༌། སློབ་མ་ཡང་བྱེད་དུ་བཅུག །དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས། ཛཾ་བྷ་ལ་དམར་པོའི་རྗེས་སུ་གནང་བ་ལེགས་པར་ཐོབ་པ་ཡིན་པས། ཛཾ་བྷ་ལ་དམར་པོ་ནོར་ལྷར་བསྟེན་མཆོད་གཏོར་དང་བསྙེན་སྒྲུབ་ཅི་ནུས་སུ་བྱ་སྙམ་པའི་རྗེས་ཟློས་ཀྱིས་བྱ། གཙོ་བོས་ཇི་ལྟར་སོགས་གསུམ་བརྗོད། གཏང་རག་གི་མཎྜལ་འབུལ་དུ་བཅུག་ནས། དེང་ནས་བརྩམས་ཏེ་སོགས་གསུམ་བརྗོད། བསྔོ་བ་སྨོན་ལམ་རྒྱས་བསྡུས་ཅི་རིགས་པ་བྱས་ནས། རྗེས་ཀྱི་ཆོ་ག་རྣམས་ཀྱང་ཆ་ཚང་ལ་མ་ནོར་བར་བྱའོ། །ཀུན༵་ལ་ཟབ་པར་གྲགས་པ་ཡི། །སྒྲུབ་ཐབས་ཡི་གེ་ཆེས་དག༵འ་བ། །རྒྱས་བསྡུས་གཉིས་ཀའི་སྐྱོན་སྤངས་ནས། །སྙིང༵་པོ༵་ཙམ་ཞིག་བསྡུས་པ་ཡིན། །ཛཾ་བྷ་ལ་དམར་པོ་གཏེར་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །
ཆུ་དབང་སྙིང་རྗེ་ཆེན་པོའི་སྒྲུབ་ཐབས།
ཆུ་དབང་སྙིང་རྗེ་ཆེན་པོ་ལ། །བཏུད་ནས་ངོ་མཚར་སྒྲུབ་ཐབས་ནི། ཨོཾ་སྭཱ་སྟི། ཆུ་དབང་སྙིང་རྗེ་ཆེན་པོ་ལ། །བཏུད་ནས་ངོ་མཚར་སྒྲུབ་ཐབས་ནི། །ནོར་སྒྲུབ་བཅུད་ལེན་བསྲུང་སོགས་ལ། །ལྷག་པར་བསྔགས་པ་འདིར་བརྗོད་བྱ། །རྒྱུད་འགྲེལ་ལས་ཇི་སྐད་བཤད་པའི་རྟེན་ཚང་བའམ། མིན་
ནའང་ཤིང་ལས་བྱས་པའམ། རི་མོར་བྲིས་པས་ཀྱང་རུང་སྟེ། ཆུ་སྦྱིན་གྱི་ཆས་དང༌། མཆོད་གཏོར་མདུན་དུ་བཤམས། ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། མཆོད་པ་དུས་འཁོར་གྱི་ལུགས་བཞིན་ནམ། སྤྱི་དང་མཐུན་པར་བྱིན་གྱིས་རླབས་ཀྱང་རུང༌། གཏོར་མ་བསངས་སྦྱངས། ཨོཾ་བཛྲ་ཌཱ་ཀི་ནཱི། བཛྲ་དྷཱ་ཏཱི་ཤྭ་རི་ག་ག་ན་སྭ་བྷཱ་ཝ་སརྦ་ད་ར་བྱ་བི་ཤྭ་དྷ་ནི། སརྦ་དྲ་བྱ་ཎི། བི་ཤྭ་དྷ་ཡ་ཧཱུཾ་ཕེཾ་ཕཊ། ཅེས་ལན་གསུམ་གྱིས་བྱིན་གྱིས་བརླབས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨའི་སྡོང་པོའི་རྩེ་མོར་པདྨ་འདབ་བརྒྱད། འདབ་མ་རྣམས་ཕྱོགས་ཀྱི་མདོག་ཅན། ལྟེ་བར་ཧཾ་ལས་འཕགས་པ་ཛཾ་བྷ་ལ་ལྗང་ཁུའམ་ལྗང་སེར་ཕྱག་མཚན་སོགས་ཛཾ་བྷ་ལ་སེར་པོ་སྤྱི་དང་མཐུན་པར་བསྐྱེད། དེའི་བརླ་གཡོན་པའི་སྟེང་དུ་ཧཱཿལས་ལྷ་མོ་ནོར་རྒྱུན་མ་སྔོན་མོ་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྷན་ཅིག་ཡབ་ལ་འཁྱུད་པ། འདབ་མ་བརྒྱད་ལ་ཤར་དུ་ཧིཾ་ལས་ཟླ་ཤེལ་མ། མེར་ཧཱིཿལས་རབ་བཟང་མ་གཉིས་ནག་མོ། ལྷོ་རུ་ཧྲྀཾ་ལས་སྦྱིན་མ། བདེན་བྲལ་དུ་ཧྲཱྀཿལས་རབ་སྦས་མ་གཉིས་དམར་མོ། བྱང་དུ་ཧུཾ་ལས་འཕགས་མ། བྱང་ཤར་དུ་ཧཱུཿལས་དབྱངས་ཅན་མ་གཉིས་དཀར་མོ། ནུབ་ཏུ་ཧླྀཾ་ལས་སྦྱིན་བཟང་མ། ནུབ་བྱང་དུ་ཧླཱྀཿལས་ལྷ་མོ་དཔལ་གཉིས་སེར་མོ། དེ་ལྟར་གནོད་
སྦྱིན་མོ་དགུ་ཆར་ཡང་གཡས་མཆོག་སྦྱིན་གྱི་མཐིལ་ནས་འདོད་དགུའི་ཆར་འབེབས་ཤིང༌། གཡོན་པས་རང་མདོག་དང་མཚུངས་པའི་པདྨའི་སྡོང་བུ་འཛིན་པ། རོལ་པའི་སྟབས་སུ་བཞུགས་པ་རྣམས་སུ་གྱུར། ཡེ་ཤེས་པ་སྤྱན་དྲངས་ཏེ། ཛཿཧཱུཾ་བཾ་ཧོཿཧིཿཞེས་བསྲེ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གཙུག་གཏོར་དུ་ཧཾ། གསང་བར་ཀྵཿརྣམས་ཀྱིས་རྒྱས་བཏབ། ལྷ་དབང་བསྐུར་བ་ནི་མི་མཛད། གལ་ཏེ་བྱེད་པར་སྤྲོ་ན་ཆུ་དབང་བསྐུར་ཏེ། རིགས་དྲུག་གིས་སོ་སོར་རྒྱས་བཏབ། ལག་མཐིལ་དུ་ཨ་ཨི་རྀ་ཨུ་ལྀའི་འོད་ཀྱིས་འཁོར་འདས་སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བསྡུས། ཞལ་དུ་ཕུལ་བར་བསམས་ལ། ཆུ་སྦྱིན་སྤྱི་དང་མཐུན་པར་ཕུལ། གཏོར་མ་ཡང་གསོལ་བར་མོས་ལ། ཨོཾ་ཨཱཿཧཱུཾ་ཧོཿཨཱཪྱ་ཛཾ་བྷ་ལ་ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བཱ་ལིཾ་གནྡྷཾ་པུཥྤཾ་སོགས་ལན་གསུམ་གྱིས་ཕུལ། དཔལ་ལྡན་རྡོ་རྗེ་དབྱིངས་དབང་ཕྱུག །སྒྲོལ་མ་རེག་བྱ་རྡོ་རྗེ་མ། །གོས་དཀར་རོ་མ་མཱ་མ་ཀཱི །གཟུགས་མ་སྤྱན་མ་དྲི་རྡོ་རྗེ། །གནོད་སྦྱིན་མོ་དགུའི་ཚུལ་བསྟན་པས། །རབ་བསྐོར་འཕགས་པ་རྨུག་འཛིན་ནི། །དཔལ་ལྡན་མི་བསྐྱོད་རྡོ་རྗེ་སྟེ། །ཐབས་མཁས་ཚུལ་གྱིས་ལོངས་སྤྱོད་སྟེར། །དེ་དག་རྣམས་ལ་གུས་པས་འདུད། །ཅེས་སོགས་དང་
ཕྱོགས་མཐུན་གྱིས་བསྟོད་པ་ཅི་ཤེས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་གསོལ་བཏབ། ཡི་གེ་བཅུ་པའི་བཟླས་པ་ཅི་འགྲུབ་བྱ། གནོད་སྦྱིན་མོ་དགུའི་མཚན་སྔགས་ཀྱང་ཅི་རིགས་པར་བཟླས་ལ། དེ་ནས་ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཨཱཪྱ་ཛཾ་བྷ་ལ་སིདྡྷི་མེ་པྲ་ཡཙྪནྟུ། མ་མ་དྷ་ནཾ། ད་ད་ཏུ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏེ་སྭཱཧཱ། ཞེས་ལས་སྒྲུབ་པའི་སྔགས་ཀྱང་ཅུང་ཟད་བཟླའོ། །མཐར་དངོས་གྲུབ་བླང་བ་དང༌། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། རྟེན་ལ་བརྟན་བཞུགས་སོགས་བྱས་ལ། ཐུན་མཚམས་ལ་འཇུག་གོ །འདིའི་རྗེས་གནང་ནི། རྟེན་དངོས་སམ་ཚོམ་བུ་ལ་བརྟེན་ཀྱང་རུང་སྟེ། བཟླས་པ་ཡན་ཆད་གོང་བཞིན་སོང་བ་ན། རྡོ་རྗེ་ཤུགས་ཀྱི་སྐབས་བཞིན་གསོལ་བཏབ་ཡན་ལག་བདུན་པ། རིགས་དྲུག་གི་སྡོམ་བཟུང་རྣམས་བྱ། མདུན་བསྐྱེད་གསལ་འདེབས་སུ་བཅུགསློབ་མ་ཛཾ་བྷ་ལར་བསྒོམ་པ་ལ་ཡེ་ཤེས་པ་བསྟིམ། སྔགས་ཀྱི་བཟླས་ལུང་བྱ། སློབ་མ་ཆུ་སྦྱིན་འབུལ་དུ་གཞུགདེ་ཙམ་གྱིས་ཆོག་གོ །ཀུན༵་ཏུ་ཁུངས་ཆེ་རབ་ཟབ་ཀྱང༌། །རྒྱུད་འདིར་ཡིད་དག༵འ་ཅན་ཀུན་གྱིས། །མ་ཐོས་དབུལ་ཞིང་འཕོངས་བ་ལ། །བརྩེ་བས་སྙིང༵་པོ༵་ཙམ་ཞིག་བྲིས། །དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་བ་ཛམྦྷ་ལ་ལྗང་ཁུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
གནོད་སྦྱིན་ནོར་བུ་བཟང་པོའི་སྒྲུབ་ཐབས།
གནོད་སྦྱིན་ནོར་བུ་བཟང་པོ་ཡི། །སྒྲུབ་ཐབས་བཟླས་ལུང་མདོ་ཙམ་བྲི། །ཨོཾ་སྭཱ་སྟི། དཔལ་ལྡན་གསང་བའི་བདག་པོ་ལ། །གུས་པས་ཕྱག་འཚལ་ཅི་ནུས་མཆོད། །གནོད་སྦྱིན་ནོར་བུ་བཟང་པོ་ཡི། །སྒྲུབ་ཐབས་བཟླས་ལུང་
མདོ་ཙམ་བྲི། །མདུན་དུ་རིན་པོ་ཆེའི་སྣོད་དུ་གཏོར་མ་ཞིག་བཤམ། དེ་ལ་ནོར་བུ་བཟང་པོའི་ཙ་ཀ་ལི་འཛུགས། མཐའ་མཆོད་པས་བསྐོར། ཕྱག་ན་རྡོ་རྗེའི་བདག་བསྐྱེད་དང༌། རང་གི་མདུན་དུ་རྣམ་ཐོས་སྲས་སྐད་ཅིག་གིས་བསྐྱེད། ཙ་ཀ་ལི་བསངས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་གནོད་སྦྱིན་ནོར་བུ་བཟང་པོ་སྐུ་མདོག་སེར་པོ་རྟ་སྔོན་ལ་ཆིབས་ཤིང་རྒྱུག་པ། ཕྱག་གཡས་ནོར་བུ་འབར་བ་དང་གཡོན་པས་གཏེར་གྱི་ནེའུ་ལེ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། སྙིང་གར་ཟླ་བ་ལ་མཾ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། གནོད་སྦྱིན་འཁོར་བཅས་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲི་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེའི་ཕྱག་རྒྱ་བསྟན་པས་དམ་ལ་བཞག་ཅིང་དབང་བསྐུར། ཧཾ་ས་མཾ་ས་བཾ་ས། ཞེས་པ་ནི་བརྡའི་དབང་སྟེ། མི་བསྐྱོད་པ་དང༌། འཇམ་པའི་རྡོ་རྗེ། རྡོ་རྗེ་ལྕགས་ཀྱུའི་ས་བོན་ནོ། །གཏོར་མ་རྣམ་སྲས་ལྗང་ཁུ་སེང་ཞོན་ལྟར་བྱིན་གྱིས་བརླབས། སྙིང་པོ་ལ་ཨ་ཀཱ་རོ་བཏགས་ཏེ་འབུལ། ཨརྒྷཾ་ལ་སོགས་པས་མཆོད། ནོར་བུའི་རིགས་ཀྱི་གསང་སྔགས་ནི། ཀུན་གྱི་བདག་པོར་དབང་བསྐུར་བ། །ལྷ་རྣམས་ཀུན་གྱིའང་ནོར་གྱི་བདག །ནོར་བུ་བཟང་པོ་ཁྱོད་ལ་བསྟོད༌། འདོད་དོན་གསོལ་བཏབ་སྤྱི་དང་མཐུན། སློབ་མས་མཎྜལ་ཕུལ། རྡོ་རྗེ་འཛིན་པ་ཞེས་སོགས་གསོལ་བཏབ་དང༌། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། སློབ་མ་ཉིད་རྣམ་ཐོས་སྲས་སུ་སྐད་ཅིག་གིས་བསྐྱེད།
སློབ་དཔོན་ཕྱག་རྡོར་དུ་གསལ་བས། གཏོར་མ་སློབ་མའི་ལག་ཏུ་སྤྲད་ལ་བཀའ་བསྒོ་དྲག་ཏུ་བྱ། མཐའ་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན་ཏེ། རྗེས་ཀྱི་བྱ་བ་ཐམས་ཅད་སྤྱི་དང་འདྲའོ། །བྲམ་ཟེ་མིག་སེར་ལས་བརྒྱུད་ཅིང༌། །བྷ་རོ་ཙ་ཀུ་ནི་ཞེས་དང༌། །ཛཱ་མ་པཱ་ལས་ཀུན༵་གྲུབ་པ། །རབ་དག༵འི་རིགས་གཏད་སྙིང༵་པོ༵་ཙམ། །འདིའི་བསྙེན་གྲུབ་ནི་ཡིག་རྙིང་ལས་ཤེས་པར་བྱའོ། །ནོར་སྦྱིན་ནོར་བུ་བཟང་པོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
སྲས་གར་མཁན་མཆོག་གི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། རབ་ཟབ་སྒྲུབ་ཐབས་རྙེད་དཀའ་བ། །གང་གི་རྟོག་པ་ལས་བསྡུས་ནས། །བླ་མའི་ཞལ་གྱི་མན་ངག་བཞིན། །རྗེས་གནང་བཅས་པ་ཅུང་ཟད་བརྗོད། །མཆོད་གཏོར་གཙང་སྦྲ་ཅན་བཤམས་ལ། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་བདག་བསྐྱེད་དང༌། རྣམ་ཐོས་སྲས་སེར་ཆེན་ལྟ་བུ་རྣམ་ཐོས་སྲས་གང་རིགས་ཀྱི་མདུན་བསྐྱེད་སྔོན་དུ་སོང་ནས། དེའི་མདུན་དུ་བཀའ་ཉན་གྱི་ཚུལ་དུ་བསྐྱེད་པར་བྱ་བ་ཡིན་ཏེ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨའི་གདན་ལ་ཀྵ་ཡིག་གུར་གུམ་གཞོན་ནུའི་མདོག་ཅན་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། སྲས་གར་མཁན་མཆོག་སྐུ་མདོག་དམར་སེར་སྔོ་དཀར་བའི་ཞལ་གསུམ་ཁྲོ་ཞིང་བཞད་ལ་སྐྲ་གྱེན་དུ་བརྫེས་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ཀྱིས་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རལ་གྲི་ཞགས་པ་མདའ་བོ་ཆེ་དགྲ་སྟ་རྣམས་དང༌། གཡོན་པ་བརྒྱད་ཀྱིས་དྲིལ་བུ་རྩེ་གསུམ་ནེའུ་ལེ་མེ་ཏོག་གི་ཕུར་མ་བ་
དན་ཐོད་པ་གཞུ་རྔ་ཡབ་རྣམས་འཛིན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། སྟག་ལྤགས་དང༌། དར་གྱི་ན་བཟའ་དང༌། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། འོད་ཟེར་རབ་ཏུ་འབར་བའི་ཕྲེང་བ་འཁྲུག་པ། དེའི་གཡས་སུ་ཚངས་པ་དང་ཁྱབ་འཇུགགཡོན་དུ་དབང་ཕྱུག་དང་ལུས་ངན། ཕྱོགས་བཞིར་གནོད་སྦྱིན་གཏེར་བདག་ཕོ་བཞི། མཚམས་བཞིར་མོ་བཞི་དང་བཅས་པ་གྲུབ་པར་གྱུར། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་འདྲ་བ་ལས། སྤྱན་འདྲེན་གྱི་ཚེ། དམ་ཚིག་གི་ཕྱག་རྒྱ་བཅའ་སྟེ། གུང་མོ་ཟླུམ་པོར་བཀུག་པ་ལ་མཛུབ་མོ་དཀྲིས། སོར་མོ་ལྷག་མ་རྣམས་སོ་སོར་གཤིབས་ཏེ་རྩེ་སྦྱར་བ་ལས་མཐེ་བོང་དང་མཐེའུ་ཆུང་སྟེང་འོག་ཏུ་བསྐྱོད་པའོ། །དེ་ཉིད་གཡབ་ཅིང༌། ཨོཾ་ཊཱཀྐི་ཀུ་པ་ར་སྭཱཧཱ། ཞེས་སྤྱན་དྲངས། སོར་མོ་གཞན་རྣམས་བསྣོལ། གུང་མོ་བསྒྲེང་བ་སྤྱི་བོར་བཞག་སྟེ། ཨོཾ་ཙི་ཏི་ཙི་ཏི་བི་ཙི་ཏི་མུདྒ་ར་ཧཱུཾ་ཧཱུཾ་ཞེས་དམ་ལ་བཞག་སྟེ་ལས་ལ་བསྐུལ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི་རྣམ་སྲས་གར་མཁན་མཆོག་དང་འདྲ་བ་ཞིག་ལག་ལེན་ལ་མཛད་ན། དེ་ཡང་བྱ་མོད་ཀྱི། ན་མོ་རཏྣ་དྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎ་ཡ། ན་ཊ་ཀུ་པ་ར་སྱཻ། གུ་ཧྱ་ཀཱ། ནརྟ་པ་ཏི། མ་བྷ་ར་ཏ་ཡི་ཥྱཾ། ཨ་ནུ་དཱུ་པ་སུ་རཱུ་པ་ན་ཊ་ཀུ་པ་ར། ཙནྡྲ་ཁཾ། ན་ཙ་ཀཾ། ཧེ་མཧཱ་སྐཾ། ན་ཌ་ཀུ་པ་ར། ཧེ་མ་ཀཾ ཀུ་ཧ་ཀཾ ཙ་ལ་ཙ་ལ།
པ་ཙ་པ་ཙ། ཕུ་ལུ་ཕུ་ལུ་ཀུ་པ་ར། ཞེས་རྒྱུད་ལས་འབྱུང་བའང་བཟླའོ། །གཏོར་ཆོག་ཀྱང་རྣམ་སྲས་དང་འདྲ་བ་ལས། ན་མོ་ན་ཌ་ཀུ་པ་ར། བི་ཛ་ཡ། པྲ་བྷཱ་ར། ཀུ་པ་ར་ཡ། ཨི་དཾ་བཱ་ལིཾ་ཏ་སོགས་སྦྱར་བས་ཕུལ། གཤེགས་གསོལ་གྱི་སྔགས་ནི། ན་མོ་བཻ་ཤྲ་ཝ་ཎ་སུ་ཏ་ཡ། ན་ཌ་ཀུ་པ་ར་ཡ། ཨོཾ་པ་ར་པ་ར། ནཊྚ་ནཊྚ། གཙྪེ་སྭ་བྷཱ་ཝན། ཡ་ཐཱ་སུ། ཨ་ཏྭཾ་ཡཀྵེནྟྲ་སྭཱཧཱ། ཞེས་པའོ། །རྗེས་གནང་གི་བྱ་བ་ནི། སྒྲུབ་ཐབས་རྒྱ་མཚོ་དང་འདྲའོ། །ངལ་གསོས་པོ་ཡི་སྲས་ཀུན༵་གྱི། །མཆོག་གྱུར་ཡིན་ཞེས་དག༵འ་བར་བསྔགས། །གང་དེའི་སྒྲུབ་ཐབས་ཆེས་དཀོན་པའི། །ཡི་གེའི་སྙིང༵་པོ༵་སྤེལ་འདི་མཚར། །སྲས་གར་མཁན་མཆོག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །
གསེར་འོད་ལས་བྱུང་བ་རྒྱལ་བ་ཁྱུ་མཆོག་གི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། དཔལ་ལྡན་རྒྱལ་པོ་རྣམ་ཐོས་བུ། །དེ་སྲས་བཅས་ལ་བཏུད་བྱས་ནས། །གཟུངས་ལས་འབྱུང་བའི་སྒྲུབ་ཐབས་ཞིག །ཤིན་ཏུ་རྙེད་པར་དཀའ་ཕྱིར་བཤད། །རྒྱལ་པོ་སེར་ཆེན་གཙོ་འཁོར་ཡོངས་རྫོགས་སམ། གཙོ་རྐྱང་གི་སྒྲུབ་ཐབས་བཞིན་ཉམས་སུ་བླངས་ནས། གཙོ་བོའི་མདུན་དུ་པདྨ་དང་ཟླ་བའི་གདན་ལ་ཀྵ་ཡིག་སེར་པོ་ལས་གནོད་སྦྱིན་རྒྱལ་བ་ཁྱུ་མཆོག་སྐུ་མདོག་གསེར་བཙོ་མ་ལྟར་རབ་ཏུ་འབར་བའི་འོད་ཟེར་འཕྲོ་བ། ཕྱག་དང་པོ་གཉིས་ཀྱིས་ནོར་བུས་གང་བའི་སྒྲོམ་བུ་འཛིན་པ། འོག་མ་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུས་མཚན་པའི་བེ་ཅོན་དང་ནེའུ་ལེ་བསྣམས་པ། གཞོན་ནུའི་ལུས་ཅན་དར་
དང་རིན་པོ་ཆེས་བརྒྱན་པའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྒྱལ་བ་ཁྱུ་མཆོག་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་ཨཱ་ཀརྵ་ཡ་ཛཿ ན་མོ་བཻ་ཤྲ་བ་ཎ་ཡ། མཧཱ་དྷ་ན་དཱ་ཡ། ཙཎྜེ་ཤྭ་རཱ་ཡ། ཨཱ་ཀརྵ་ཡ། ཨ་པ་ར་བི་ཏ་ཙཎྜེ་ཤྭ་ར། པ་ར་མ་ཀཱ་རུ་ཎི་ཀཱ སརྦ་སཏྭ། ཧི་ཏ་ཙིནྟ། མ་མ་དྷ་ན་ཝ་ར་དོ་པ་ཏྱེ་ཤ སྭ་ཡ་མ་ཨཱ་ཀརྵ་ཡ་སྭཱཧཱ། ཞེས་སྤྱན་དྲངས། བགེགས་བསྐྲད། དབང་བསྐུར་དབུ་བརྒྱན། མཆོད་པ་རྣམས་རྣམ་སྲས་དང་འདྲ། རྒྱལ་པོའི་སྲས་ནི་འཕྲུལ་ཆེ་བ། །ནོར་གྱི་བདག་པོ་མཐུ་བོ་ཆེ། །རྒྱལ་བ་ཁྱུ་མཆོག་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། ན་མོ་བཻ་ཤྲ་ཝ་ཎ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙཎྜ་ཙཎྜ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་རི་ཀི་རི། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སནྡ་ཡ། ཨཏྨ་ནཾ་ནིརྻནྟ། ཨནྡར་དྷཱ་རུ་སྭཱཧཱ། ན་མོ་བཻ་ཤྲ་ཝ་ཎ་ཡ་སྭཱཧཱ། དྷ་ན་ད་ཡ་སྭཱཧཱ། མོ་ནོ་ར་ཐ་པ་རི་པུ་ར་ཡ་སྭཱཧཱ། ཞེས་བཟླས། གཏོར་མ་ནི་རྣམ་ཐོས་སྲས་ལ་ཕུལ་བའི་རྗེས་སུ། ཨོཾ་ཛི་ནརྒ་བྷ་ས་པ་རི་ཝཱ་ར་ཨི་དཾ་སོགས་ཀྱིས་འབུལ། བསྙེན་པ་སོང་ནས་སྦྱིན་བསྲེག་ལ་འབད་ན་དངོས་གྲུབ་སྩོལ་བར་བཤད། འདི་ལ་རྗེས་གནང་མེད་བཟླས་ལུང་ཙམ་མཛད་དོ། །རྒྱ་ནག་ལུགས་ཀྱི་རྣམ་སྲས་སུ། །གྲགས་པའང་འདི་དང་རྗེས་
སུ་མཐུན། །ཀུན༵་ཏུ་བཙལ་ཡང་རྙེད་དཀའ་སྟེ། །དག༵འ་བས་སྙིང༵་པོ༵་ཙམ་ཞིག་བསྡུས། །གསེར་འོད་ལས་བྱུང་བ་རྒྱལ་བ་ཁྱུ་མཆོག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེ་ལེགས་འཕེལ། །
ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། རྒྱལ་བ་སྟོན་པ་ལ་བཏུད་ནས། །རྣམ་ཐོས་སྲས་ཀྱི་བཙུན་མོར་གྲགས། །ལྷ་མོ་དཔལ་གྱི་སྒྲུབ་ཐབས་ནི། །ཤིན་ཏུ་རྙེད་པར་དཀའ་ཕྱིར་བཤད། །གཙང་སྦྲ་ཅན་གྱི་མཆོད་གཏོར་རྒྱ་ཆེར་བཤམ། བསངས་སྦྱངས། སྟོང་པའི་ངང་ལས། གཏེར་གྱི་བུམ་པ་དགུའི་སྟེང་དུ་པད་ཟླ་ལ་སེང་གེའི་གདན། དེའི་སྟེང་ཏུ་ཤྲིཾ་ཡིག་ཡོངས་སུ་གྱུར་པ་ལས། ལྷ་མོ་དཔལ་ཆེན་མོ་ལྗང་ཁུ། སྒེག་ཅིང་བཞད་ལ་སྤྱན་གདངས་པ། དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཡས་ནོར་བུས་མཚན་པའི་པདྨ་དང༌། གཡོན་སྐྱབས་སྦྱིན་མཛད་པ། འཁོར་གནོད་སྦྱིན་མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །གནས་གསུམ་བྱིན་བརླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་མཐུན་པ་ལས། རིགས་བདག་ནི་གཤིན་རྗེ་གཤེད་དོ། །ཨརྒྷཾ་ལ་སོགས་པས་མཆོད། ཤེས་རབ་ཕ་རོལ་ཕྱིན་པ་མོ། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཚུལ། །དཔལ་གྱི་ལྷ་མོ་དེ་ལ་བསྟོད། །ཨོཾ་ཀ་མ་ལ་ཝ་སི་ནི། ཀ་མ་ལེ། མཧཱ་ལཀྵི་མ་ར་ཛྱ་མེ། དེ་ཧི་དེ་ཧི་བ་ར་དེ་སྭཱཧཱ། ཞེས་ཅི་འགྲུབ་ཏུ་བཟླས། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་བྷྱཿ ལ་ཨ་ཀཱ་རོ་བཏགས་
པས་འབུལ། མཆོད་བསྟོད། འདོན་དོན་གསོལ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ་རྣམས་སྤྱི་དང་འདྲའོ། །འདི་ལ་བསྒོམ་ལུང་འབོགས་པ་ལས་གཞན་པའི་རྗེས་གནང་མི་དགོས། དཔའ་བོ་ཆིག་སྒྲུབ་ཀྱི་རྒྱུད་ལ་བརྟེན་པར་མངོན་ཞིང༌། ཇོ་བོའི་མན་ངག་བཀའ་གདམས་པ་རྣམས་ལས་བརྒྱུད་པའི་གདམས་པ་ངོ་མཚར་ཅན་ཡིན་ནོ། །ཀུན༵་ལ་མ་གྲགས་རྙེད་དཀའ་བ། །ཐོས་པ་ཉུང་བའི་སྐྱོན་ཡིན་ཏེ། །སྔགས་རྒྱུད་ཤེས་རྣམས་ཡིད་དག༵འི་གནས། །སྙིང༵་ནས་ཡིད་ཆེས་གསལ་པོ༵ར་བཀོད། །ལྷ་མོ་དཔལ་ཆེན་མོའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །
ལྷ་མོ་ནོར་རྒྱུན་མའི་རྩ་བའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། དཔལ་མོ་དབྱིག་གི་ཆར་འབེབས་མ། །ནོར་སྒྲུབ་ཀུན་གྱི་རིག་སྔགས་རྒྱལ། །དེ་ལ་བཏུད་དེ་ཕྱག་འཚལ་ནས། །སྒྲུབ་ཐབས་གསལ་བར་བརྗོད་པར་བྱ། །སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་གཏེར་ཆེན་པོའི་ས་གཞི་ལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་བཟང་གི་དབུས་སུ། གསེར་གྱི་བུམ་པ་ནོར་བུས་གང་བའི་ཁྲི་ལ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ། བཾ་ལས་རང་ཉིད་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་མཐིལ་ནས་ནོར་བུའི་ཆར་འབེབས་པ། གཡོན་འབྲས་ཀྱི་སྙེ་མ་རབ་ཏུ་རྒྱས་པ་དང་རིན་པོ་ཆེའི་འཕྲེང་བ་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། སྒེག་ཅིང་ལང་ཚོ་ལ་བབ་
པ། དར་དང་རིན་པོ་ཆེས་བརྒྱན་པའོ། །མཐའ་སྐོར་དུ་ནོར་དཔལ་མོ་ལ་སོགས་པ་གཏེར་གྱི་བདག་མོའི་ཚོགས་ཐམས་ཅད་དང༌། སྟེང་གི་ཆ་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་གྱུར། གནས་གསུམ་བྱིན་རླབས། ཡེ་ཤེས་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ་རྣམས་སྤྱི་དང་འདྲ་བ་ལས་རིགས་བདག་ནི་རིན་ཆེན་འབྱུང་ལྡན་ནོ། །ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུའི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །དཔལ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཅེས་བསྟོད། ཨོཾ་བཱ་སུ་དྷ་རི་ནི་སྭཱཧཱ། ཞེས་སྙིང་པོ་ཅི་ནུས་དང༌། ཇི་ལྟར་རིགས་པར་ནོར་རྒྱུན་མའི་གཟུངས་འདོན་པའམ། ཀློག་པར་བྱའོ། མདུན་བསྐྱེད་ནི། བའི་ལྕི་བའི་མཎྜལ་གྲུ་བཞི་པ་བྱས་ལ། དེར་མེ་ཏོག་གི་ཚོམ་བུ་བཀོད། མཆོད་གཏོར་གཙང་མ་སྤྱི་དང་མཐུན་པ་དང༌། ཁྱད་པར་མེ་ཏོག་སྣ་ཚོགས་ཀྱིས་གང་བའི་སྣོད་བཞགམཆོད་པ་བྱིན་རླབས་སྤྱི་དང་མཐུན། བདག་བསྐྱེད་བཞིན་བསྐྱེད་ལ། མཆོད་བསྟོད་བཟླས་པ་རྣམས་ཚར་བའི་རྗེས་ལ། སྙིང་པོའི་མཐར། པུཥྤེ་ཏཱིཙྪ་ན་མཿབཏགས་པས་ལན་བརྒྱ་རྩ་བརྒྱད་མེ་ཏོག་ཕུལ་ལ། གཏོར་མ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བཏབ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། སྨོན་ལམ།
བཀྲ་ཤིས་རྣམས་བྱ། རྗེས་གནང་གི་བྱ་བ་ནི་སྒྲུབ་ཐབས་རྒྱ་མཚོའི་སྐབས་དང་འདྲ་བ་ལས། གསུང་གི་རྗེས་གནང་སོང་བའི་སྐབས་སུ། ནོར་རྒྱུན་མའི་མདོ་བཀླགས་ཏེ། གཟུངས་དངོས་གཞི་ལ་རྗེས་ཟློས་ལན་གཅིག་བྱར་གཞུག་གོ །སངས་རྒྱས་པ་ཡི་སྔགས་རྒྱུད་ལ། །ནོར་སྒྲུབ་ཀུན༵་གྱི་རྩ་བར་གྲགས། །ཟུར་བཀའི་སྒྲུབ་ཐབས་རབ་དག༵འ་བ། །སྙིང༵་རྗེའི་སེམས་ཀྱིས་གསལ་པོ༵ར་བྲིས། །ལྷ་མོ་ནོར་རྒྱུན་མའི་རྩ་བའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ། །
ཛ་མ་རིའི་ལུགས་ནོར་རྒྱུན་མའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། གང་ལ་ལོངས་སྤྱོད་ཕུན་སུམ་ཚོགས། །དཀའ་བ་མེད་པར་ཐོབ་འགྱུར་པ། །གནོད་སྦྱིན་མོའི་རིགས་སྔགས་མཆོག །ཤིན་དུ་ཟབ་གྱུར་མདོ་ཙམ་བྲི། །མཎྜལ་ཁྲུ་གང་བ་ལ་ཙནྡན་གྱི་ཆུས་ཕྱིར་གྲུ་བཞིར་བྱུགས། དབུས་སུ་ཟླུམ་སྐོར་ལ་ཐུག་པར་བྱུགས། མེ་ཏོག་གི་ཚོམ་བུ་བཞི་བཀོད། མེ་ཏོག་དཀར་པོའི་ཕུང་པོ་དང༌། ཤིང་པི་ཙུ་རའི་འབྲས་བུ་དགོས་པར་བཤད་ཀྱང༌། མ་རྙེད་ན་བིལ་བའི་དོད་བྱས་བདག་བསྐྱེད་ཁྲོ་བོ་གང་རུང་ཞིག་སྔོན་དུ་འགྲོ་བས། མཎྜལ་གྱི་དབུས་སུ་ནོར་རྒྱུན་མ་གསེར་བཙོ་མ་ལྟ་བུ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང༌། ལང་ཚོ་ཕུན་སུམ་ཚོགས་པ། ཕྱག་གཡས་པི་ཙུ་རའི་འབྲས་བུ་སྔོ་དམར་བསྣམས་པ། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། རིན་པོ་ཆེའི་བུམ་པ་ཞབས་སྤྲད་ཅིང༌། ཁ་གཉིས་ནས་རིན་པོ་ཆེའི་རྒྱུན་འབབ་བཞིན་པའི་སྟེང་ན་མཉམ་པར་བཞེངས་པ། སྔགས་རེ་རེ་
བརྗོད་ཅིང༌། མེ་ཏོག་རེ་འབུལ་བ་ལན་ཉི་ཤུ་རྩ་གཅིག་བྱས་པས། གདུགས་དཀར་པོ་རེ་རེ་དབུ་ཐོག་ཏུ་བྱུང་བར་བསམ། བདག་དང་མཐའ་ཡས་པའི་སེམས་ཅན་ལ་དངོས་གྲུབ་སྩལ་དུ་གསོལ། ཞེས་ལན་བདུན་གསོལ་བ་བཏབ། སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་གྷ་ཏཾ་ཛྷི་བྷ་སཾ་རཀྵ་ཎི། ཕ་ལ་ཧཥྟི་བཱ་སུ་བྷ་རི་ཏེ། ཤི་ཝཾ་ཀ་རི་ཤནྟིཾ་ཀུ་རུ། པུཥྟིཾ་ཀུ་རུ། བྷ་ཡ་ནཱ་ས་ནི། སརྦ་དུཥྟཾ། བྷཉྩ། བྷཉྩ། ཛཾ་བྷ་ཛཾ་བྷ། སྟཾ་བྷ་སྟཾ་བྷ། ཨ་མྲྀ་ཏེ། ཨུཏྦྷ་ཝེ། ཀུ་རུ་ཀུ་རུ། མ་མ་ཀ་ཛྱེ་སྭཱཧཱ། ཞེས་པའོ། །གཤེགས་གསོལ་མི་དགོས། དགེ་བ་བསྔོ། འདི་རྒྱུན་གྱི་ཉམས་ལེན་ཡིན་ལ། བསྙེན་པའི་ཚེ། སྔགས་དང་བཅས་ཏེ་མེ་ཏོག་ཅི་ནུས་སུ་འབུལ་བ་ཡིན་ལ། འབུམ་ཕྲག་བཞིའམ། ཟླ་བ་གསུམ་གྱི་བསྙེན་པ་རྫོགས་པར་བཞེད་དོ། །འདིའི་རིག་གཏད་ནི། རྒྱུན་གྱི་ཉམས་ལེན་དེ་ཉིད་སློབ་དཔོན་གྱིས་ཚང་བར་བྱས་པའི་རྗེས་ལ། སློབ་མས་ཡོན་དང་མཎྜལ་ཕུལ། མེ་ཏོག་དཀར་པོ་བཞི་བཅུ་ཞེ་གཉིས་ལས་མི་ཉུང་བ་སློབ་དཔོན་གྱི་ཕྱག་ཏུ་གཏད། སློབ་དཔོན་གྱི་མེ་ཏོག་དེ། མདུན་བསྐྱེད་ལ་ཕུལ། མེ་ཏོག་རེ་སློབ་མའི་སྤྱི་བོར་སྤུངས། སློབ་མ་འདི་ལ་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད། དེ་ལྟར་ལན་ཉེར་གཅིག་བྱས་ལ། སྒྲུབ་ཐབས་བཤད་པ་ཉིད་ཀྱིས་དོན་འགྲུབ་པ་ཡིན་ནོ། །མདུན་བསྐྱེད་མི་དམིགས་པར་བཞག་པ་ཉིད་ཀྱིས་ཆོག །རྗེས་ཆོག་མི་དགོས་སོ། །ནོར་རྒྱུན་སྒྲུབ་ཐབས་ཆེས་ཟབ་པ། །ཀུན༵་
ལ་མ་གྲགས་རབ་དག༵འི་ཏོག །འཛིམ་ལོའི་མན་ངག་སྙིང༵་པོ༵་འདི། །གསལ་བར་བཀོད་པའང་རྨད་དུ་བྱུང༌། །ཛ་མ་རིའི་ལུགས་ནོར་རྒྱུན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
བ་ལང་རྫིའི་ནོར་རྒྱུན་མའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། གནོད་སྦྱིན་བདག་པོ་ངལ་གསོས་པོའི། །སླས་ཀྱི་གཙོ་མོར་རབ་གྲགས་པའི། །གཉིས་ལས་བ་ལང་རྫི་ཡི་ནི། །སྒྲུབ་ཐབས་སྙིང་པོ་བྲི་བར་བྱ། །རང་ཡི་དམ་དུ་གསལ་བའི་སྨིན་མཚམས་ནས་འོད་འཕྲོས། ལྕང་ལོ་ཅན་ནས་ནོར་རྒྱུན་མ་བཛྲ་ས་མཱ་ཛཿ མདུན་དུ་འཁོད་པ་ནི། སྐུ་མདོག་སེར་མོ་སྒེག་ཅིང་མཛེས་པ། ཕྱག་གཡས་པ་པི་ཙུ་རའི་འབྲས་བུ་དང༌། གཡོན་པས་རིན་པོ་ཆེའི་སྙེ་མ་འཛིན་པ། གཏེར་གྱི་བུམ་པ་ཞབས་སྤྲད་པ། རིན་པོ་ཆེའི་ཆར་འབེབས་པའི་སྟེང་ན་མཉམ་པར་བཞེངས་པ། བྱང་ཆུབ་ཀྱི་ཤིང་ལ་རྒྱབ་བསྟེན་པ། འདོད་འཇོའི་བ་མོའི་ཁྱུས་བསྐོར་བ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མཆོད་བསྟོད་གཏོར་མ་འབུལ་བ་རྣམས་ནོར་རྒྱུན་མ་རྩ་བའི་སྒྲུབ་ཐབས་བཞིན་བྱས། ཨོཾ་ཛཾ་དྷི་ཀ་ཐ་མ་ནོ་ཧ་ར་སརྦ་བྷ་ན་པཊྚ་རཏྣོ་ཧཱུཾ་ཛྲུཾ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་བཟླ། མཐར་གཤེགས་སུ་གསོལ། འདི་ལ་མཎྜལ་གྱི་ཚོམ་བུ་བཤམས་ནས། སློབ་དཔོན་ཉིད་ཀྱིས་གོང་བཞིན་ཉམས་སུ་བླངས་ནས། སློབ་མ་ལ་བསྒོམ་ལུང་འབོགས་པ་ནི། སློབ་མ་རྗེས་འཛིན་གྱི་བྱ་བའོ། །གློ་བུར་དགོས་པའི་ལས་ཀུན༵་
ལ། །རབ་ཏུ་དག༵འ་བར་བསྔགས་པ་ཡི། །ནོར་རྒྱུན་བྲན་མོའི་སྒྲུབ་ཐབས་ཀྱི། །སྙིང༵་པོ༵་འདི་ཡང་ངོ་མཚར་ཆེ། །བ་ལང་རྫིའི་ནོར་རྒྱུན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ།། །།
ཡིད་འཕྲོག་ནོར་རྒྱུན་མའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། དབང་བྱེད་པདྨ་མཁའ་འགྲོ་མ། །ཕོ་ཉའི་ལས་བྱེད་གནོད་སྦྱིན་མོ། །དེ་ལ་བརྟེན་ནས་དེའི་སྒྲུབ་ཐབས། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །སྐྱབས་སེམས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་རང་ཉིད་ནོར་རྒྱུན་མ་དམར་མོ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་དང་བཀྲག་མདངས་འབར་བ། ལྕགས་ཀྱུ་དང་ནེའུ་ལེ་བསྣམས་པ། རོལ་པའི་སྟབས་ཀྱིས་བཞུགས་པའོ། ཨོཾ་མ་ནོ་ཧ་ར་ཧ་ར། ཨོཾ་ཨངྐུ་ཤ ཨངྐུ་ཤ ཧྲི་ཧྲི་ཧྲི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། མདུན་བསྐྱེད་དང༌། མཆོད་བསྟོད་བྱེད་ཚུལ་དང༌། སློབ་མ་ལ་ལུང་འབོགས་ཚུལ་རྣམས་བ་ལང་རྫིའི་ནོར་རྒྱུན་མའི་སྐབས་དང་འདྲའོ། །འདི་ཡང་ཀུན༵་དུ་ཟབ་པོ་ཞེས། །བསྔགས་ཤིང་རབ་དག༵འ་ལས་ཚོགས་ཅན། །སྙིང༵་ནས་སྒྲུབ་པར་འདོད་ན་ནི། །ཡིག་རྙིང་རྣམས་ལ་ཏེ་པོ༵ར་གཟིགས། །ཡིད་འཕྲོག་ནོར་རྒྱུན་མའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དགེའོ།། །།
གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། ཐུགས་ཀྱི་རྡོ་རྗེ་གསང་བའི་བདག །ཕྱག་ན་རྡོ་རྗེ་ལ་བཏུད་ནས། །གནོད་སྦྱིན་ཆེན་པོ་ཞང་འོན་གྱི། །ཕྱི་ནང་གསང་གསུམ་སྒྲུབ་ཐབས་བཤད། །བྲིས་སྐུའི་མདུན་དུ་མཆོད་གཏོར་བཤམས་ལ། ཕྱག་ན་རྡོ་རྗེའི་ཁང་བུ་བརྩེགས་
པའི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བསྲུང་འཁོར་གཞལ་ཡས་ཁང་དང་བཅས་པའི་ནང་དུ། འཁོར་ལོ་རྩིབས་བཞི་པ་དེའི་ལྟེ་བར་པདྨ་ཉི་མ་སྲིན་པོ་ཕོ་མོ་བསྣོལ་བའི་གདན་ལ། ཧཱུཾ་མཐིང་ནག་ལས་གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་ཕྱག་གཡས་ནོར་བུ་རིན་པོ་ཆེ་དང༌། གཡོན་གསེར་གྱི་བུམ་པ་རིན་པོ་ཆེས་གང་བ་འཛིན་པ། སྐུ་མདོག་ནག་པོ་ཁྲོ་ཞིང་བརྗིད་པ། སྤྱན་གསུམ། མཆེ་བ་གཙིགས་ཤིང་ལྗགས་འགྲིལ་བ། སྨ་ར་སྨིན་མ་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། དར་ནག་གི་འཇོལ་བེར་གསོལ་ཞིང༌། སག་ཏིའི་ལྷམ་གྱོན་པ། རིན་པོ་ཆེའི་དབུ་རྒྱན་དང༌། གསེར་གྱི་སྐེ་རགས་བཅིངས་པ། མི་མགོའི་དོ་ཤལ་དང་བཅས་ཤིང༌། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང༌། མེ་དཔུང་འབར་བའི་དབུས་ན་རོལ་པའི་སྟབས་ཀྱིས་བཞུགས་པའོ། །གཡོན་དུ་བྷྱོཿལས་ཡུམ་རྡོ་རྗེ་ཀུན་འགྲུབ་མ་སྐུ་མདོག་སྔོན་མོ་ཕྱག་གཡས་པས་ཞལ་ཟས་གཙོ་ལ་སྟོབས་ཅིང༌། གཡོན་པས་ནད་རྐྱལ་འཛིན་པ། དར་དཀར་གྱི་ན་བཟའ་དང༌། མགོ་བོའི་དོ་ཤལ་ཅན། སྐྲ་དམར་སེར་ཐུར་དུ་འཕྱང་བའོ། །རྩིབས་བཞི་ལ་ཤར་དུ་ནོར་ལྷ་དཀར་པོ་དར་དཀར་གྱི་ན་བཟའ་དང༌། རིན་པོ་ཆེའི་རྒྱན་ཅན། གཡས་ནོར་བུ་དང༌།
གཡོན་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། བརྐྱང་བསྐུམ་གྱི་སྟབས་ཀྱིས་དྲི་ཟ་ཕོ་མོ་བསྣོལ་བའི་གདན་ལ་བཞུགས་པ། ཞི་བའི་ཉམས་ཅན་ནོ། །ལྷོ་རུ་མགོན་པོ་ནག་པོ་ཤིན་ཏུ་ཁྲོས་ཤིང་དར་ནག་མཐའ་ལྗང་ཅན་གསོལ་བ། སྦྲུལ་དང་མི་མགོས་བརྒྱན་པ། གཡས་ཙནྡན་གྱི་བིང་ཆེན་དང༌། གཡོན་ལྕགས་པར་འཛིན་པར་བརྐྱང་བསྐུམ་གྱི་སྟབས་ཀྱིས་གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་ལ་བཞུགས་པ། ནུབ་ཏུ་འབྲོག་གནས་དམར་པོ་ཞལ་ལྔ་སྟེ། དབུས་སེང་གེ གཡས་རྟ་དང་ལུགགཡོན་ར་དང་སྤྲེའུ། ཕྱག་དྲུག་དང་པོ་གཉིས་ཀྱིས་རིན་པོ་ཆེའི་སྒྲོམ་བུ་འཛིན་པ། བར་པ་གཉིས་ཀྱིས་གསེར་གྱི་འཁོར་ལོ་དང་ཤིང་འབྲས་འཛིན་པ། ཐ་མ་གཉིས་ཀྱིས་འབྲས་དང་སྨན་སྣ་ཚོགས་ཀྱིས་གང་བའི་སྣོད་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། བརྐྱང་བསྐུམ་སྟབས་ཀྱིས་ཀླུ་ཕོ་མོ་བསྣོལ་པའི་གདན་ལ་བཞུགས་པ། བྱང་དུ་རྣམ་སྲས་ལྗང་ཁུ་སྐུ་སྦོམ་ཞིང་བརྗིད་པ། དར་དང་རིན་པོ་ཆེའི་རྒྱན་དང་བསེའི་ཁྲབ་དང་རྨོག་ཞུ་གསོལ་བ། གསེར་གྱི་རྟ་ལྕགས་དང༌། སྨན་སྣ་ནོར་བུས་གང་བའི་གཞོང་བ་བསྣམས་པ། རྟ་ངང་སེར་ལ་ཆིབས་ཤིང༌། གནོད་སྦྱིན་ཕོ་མོ་བརྫིས་པའོ། །གལ་ཏེ་དེ་དག་ས་བོན་ལས་བསྐྱེད་ན། ཛཾཿཧཱུཾ་ཀྵཾ་བེཾ་ཞེས་པ་རྣམས་ལས་བསྐྱེད་དོ། །གནས་
གསུམ་བྱིན་རླབས། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་རྒྱས་བཏབ། གཙོ་བོ་ལ་ཕྱག་ན་རྡོ་རྗེ་དང༌། འཁོར་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་རེས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཔལ་ཆེན་རྡོ་རྗེ་བདུད་འདུལ་ནི། །གདུག་པ་འདུལ་ཞིང་བར་ཆད་སེལ། ཁྱོད་ཀྱིས་འཕྲིན་ལས་ཀུན་སྒྲུབ་པ། །གནོད་སྦྱིན་འཁོར་དང་བཅས་ལ་བསྟོད། །དེ་ནས་བཟླས་པ་ནི། ཡི་དམ་གྱི་སྔགས་ཀྱིས་ཅུང་ཟད་ཐོགས་དྲངས་ནས། ཨོཾ་བཛྲ་རཏྣ་ཙིཏྟ་ར་ག་ར་གེ་ཧཱུཾ་ཕཊ། གཙོ་བོའི་སྔགས་སོ། །ཨོཾ་བཛྲ་རཏྣ་ཙིཏྟ་བནྡྷ་བདུད་མ་ཏིང་སྐྱོལ་ཏིང་ཏིང་ཛ་ཛཿ ཡུམ་གྱིའོ། །ཨོཾ་བཛྲ་ཀྲོ་དྷ་ཨཱཪྱ་ཛཾ་བྷ་ལ་ཧྲི་ད་ཡ་སྭཱཧཱ། ཨོཾ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ན་སྭཱཧཱ། ཨོཾ་མཧཱ་ཡཀྵ་པཉྩ་དེ་བ་རཱ་ཛ་ཡ་སྭཱཧཱ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱཧཱ། ཞེས་བཟླས་ཞིང༌། གཏོར་ཆོག་ནི་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ལ། སྙིང་པོའི་མཐར་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། ས་མ་ཡ་སྭཱཧཱ། ཞེས་བཏགས་ཤིང༌། འཁོར་རྣམས་ལ་ཨི་དཾ་བཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཅིག་པུ་བཏགས་པས་འབུལ། མཆོད་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱི་འདོད་དོན་ཞུ། རྗེས་ཀྱི་བྱ་བ་སྤྱི་དང་འདྲ། འདི་དཀྱུས་ཀྱི་ཉམས་ལེན་ལྟར་ཡིན། ཕྱི་སྒྲུབ་ཁོ་ན་ལྟར་ན། ཡུམ་མི་བསྐྱེད་པར་གཙོ་འཁོར་ལྔས་ཆོག་གོ །
གཙོ་བོའི་ཕྱག་གཡས་ཀྱི་ཕྱག་མཚན་ནོར་བུས་མཚན་པའི་བེ་ཅོན་བྱེད་པའང་ཡོད་དོ། །ནང་སྒྲུབ་ནི་གཞན་འདྲ་བ་ལས། འཁོར་བཞི་མི་བསྐྱེད་པར་རྡོ་རྗེ་བདུད་འདུལ་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་པ་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང༌། གཡོན་ཐོད་པ་ཁྲག་གང་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲིན་པོ་ཕོ་མོ་མནན་པ། ཆ་ལུགས་གོང་དང་འདྲ། ཡུམ་ཡང་སྔ་མ་བཞིན་བསྐྱེད་དེ་ལྕམ་དྲལ་གཉིས་སུ་སྒྲུབ་པ་ཡིན་ནོ། །གསང་སྒྲུབ་ལྟར་ན། སྐུ་མདོག་མཐིང་ནག །ནག་དཀར་དམར་བའི་ཞལ་གསུམ་མཆེ་བ་གཙིགས་ཤིང་དབུ་སྐྲ་གྱེན་དུ་བརྫེས་པ། ཕྱག་དྲུག་གཡས་གསུམ་ན་རྩེ་གསུམ། དབྱུག་པ་རལ་གྲི། གཡོན་གསུམ་ན་ཐོད་པ་ཞགས་པ་ལྕགས་ཀྱུ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་དགྲ་བགེགས་ཐམས་ཅད་མནན་པ། རྒྱན་ཆ་ལུགས་གོང་དང་འདྲ། ཕྱོགས་བཞིར། ཀྵ་ལས་གནོད་སྦྱིན་བཞི་སྟེ། གཡས་སུ་རྣོན་པོ་ནག་པོ་དགྲ་སྟ་རལ་གྲི་ནད་རྐྱལ་ཞགས་པ་རྣམས་འཛིན་པ། གཡོན་དུ་ཀུན་གྱིས་འཇིགས་བྱེད་དམར་སེར་དར་ནག་རལ་གྲི་ནད་རྐྱལ་ཞགས་པ་འཛིན་པ། རྒྱབ་ཏུ་ཉི་མ་མིག་དམར་ནག་གྲི་གུག་ཞགས་པ་ནད་རྐྱལ་ཐོད་ཁྲག་འཛིན་པ། མདུན་དུ་ཡུམ་རྡོ་རྗེ་ཀུན་འགྲུབ་མ། གོང་བཞིན། དེ་རྣམས་མེ་ལྷ། སྲིན་པོ། རླུང་ལྷ། དབང་ལྡན་རྣམས་
བསྒྱེལ་བའི་གདན་ལ་བཞུགས་པ། གནོད་སྦྱིན་ཕོ་གསུམ་ཆར་ཡང་ཕྱག་བཞི་པ། ཐམས་ཅད་ཀྱང་ཞི་མ་ཁྲོ་སྦྲུལ་དང་རིན་པོ་ཆེས་བརྒྱན་པའོ། །གནོད་སྦྱིན་དེ་གསུམ་གྱི་རིགས་སྔགས་ནི་རིམ་པས། ཨོཾ་བཛྲ་མཧཱ་ཡཀྵ་ཡ་ཨ་ཀ་ཏྲི་སྐྱོལ་ཛ་ཛཿ ཨོཾ་བཛྲ་ཡཀྵ་ཙཀྲ་དུན་དུན་ཛ་ཛཿ ཨོཾ་མཧཱ་ཛྙཱ་ན་ནཱ་ག་རཱ་ཛ་ཧ་ཧ་རྦད་རྦད་ས་མ་ཡ་ཛ་ཛཿ ཞེས་སོ། །རྗེས་གནང་གི་བྱ་བ་ནི། ཡི་གེ་རྙིང་མ་རྣམས་ན། རྙིང་མའི་ལུགས་ཀྱི་བྱིན་རླབས་དབང་གི་ཚུལ་ཅན་འདྲ་མིན་སྣ་ཚོགས་ཞིག་འདུག་ནའང༌། དེང་སང་ལག་ལེན་གྱི་རྒྱུན་མེད་ལ། ད་ལྟར་གསར་མ་དང་མཐུན་པའི་རྗེས་གནང་ལ་ཕྱག་ལེན་མཛད་དེ། སྒོམ་དོན་དང་མཐུན་པའི་དཀྱིལ་འཁོར་རམ། པདྨ་འདབ་བརྒྱད་ཙམ། བསྡུ་ན་ཚོམ་བུས་ཀྱང་རུང་སྟེ། སྟེང་དུ་གཏོར་མ་རྡོ་རྗེ་ཕྱེད་པའི་རྣམ་པ་ཅན་བཀོད། མཐའ་མཆོད་གཏོད་གྱིས་བསྐོར། བདག་བསྐྱེད་མདུན་བསྐྱེད་གཏོར་ཆོག་ཡན་སོང་མཚམས། སློབ་མས་མཎྜལ་ཕུལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །དཔལ་ཆེན་རྡོ་རྗེ་བདུད་འདུལ་གྱི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་དང༌། །བྱིན་གྱིས་བརླབ་པ་སྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། སློབ་དཔོན་ཕྱག་རྡོར་དང༌། མདུན་བསྐྱེད་གནོད་སྦྱིན་འཁོར་བཅས་གསལ་བཏབ་ནས་རྒྱུན་བཤགས་བྱ། སློབ་མ་གནོད་སྦྱིན་འཁོར་བཅས་སུ་བསྐྱེད་ལ། གནས་གསུམ་བྱིན་གྱིས་བརླབས། ལྕང་ལོ་ཅན་ནས་འཁོར་བཅས་སྤྱན་དྲངས་
ལ་བསྟིམ། རོལ་མོ་བྱ། སྐུའི་རྗེས་གནང་ངོ༌། །བཟླས་ལུང་བྱིན་རླབས་ཀྱི་ལུང་དང་བཅས་པ་སྤྱི་དང་མཐུན་པར་སྦྱིན། གསུང་གི་རྗེས་གནང་སྟེ། དེ་གཉིས་ལ་ཕྱིའི་རྗེས་གནང་ཞེས་བྱ། ཕྱག་མཚན་བསྟིམ་པ་ཐུགས་ཀྱི་རྗེས་གནང་ཞེས་བྱ། གཏོར་མ་མགོ་ཐོག་ཏུ་བཞག་ལ། བཀའ་བསྒོ་དྲག་ཏུ་བྱ། མཐར། ཧཱུཾ་མགོན་པོ་རྡོ་རྗེ་བདུད་འདུལ་ནི། །ཐུགས་རྗེའི་སྟོབས་ཀྱིས་གདུག་པ་འདུལ། །གཞོན་ནུ་དཔའ་བོ་ཁྲོས་པའི་སྐུ། ཁྲོ་བོའི་རྒྱལ་པོས་དབང་བསྐུར་རོ། །ལྷ་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་འོད་ཟེར་འཕྲོས། སློབ་མའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ། ལུས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱིས་གང་བས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པར་བསམ། གསང་བའི་རྗེས་གནང་ངོ༌། །སྙིང་གའི་འོད་ཟེར་གྱིས་སྣོད་བཅུད་བསྡུ་བའི་དམིགས་པ་ཕོག་སྟེ། དེ་ཁོ་ན་ཉིད་ཀྱི་རྗེས་གནང་ངོ༌། །རྗེས་ཀྱི་བྱ་བ་སྤྱི་དང་འདྲ། ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གསུམ་སོ་སོར་དོན་དུ་གཉེར་བ་ལ་དེ་དང་དེ་སྦྱིན་ཞིང་ཐམས་ཅད་དོན་དུ་གཉེར་ན། མདུན་བསྐྱེད་ཀྱི་སྐབས་ཕྱི་ནང་གསང་གསུམ་གྱི་གཙོ་བོ་རྣམས་གསུམ་སྒྲིགས་སུ་བསྐྱེད། ཕྱི་སྒྲུབ་ཀྱི་འཁོར་བཞི་དཀྱུས་ལྟར་དང༌། གསང་སྒྲུབ་ཀྱི་འཁོར་བཞི་དེའི་ཕྱི་རིམ་ལ་འགོད། ཐུན་མོང་དུ་མཆོད་གཏོར་སོགས་ཕུལ་ནས། སློབ་མའི་བྱ་བའི་སྐབས། སློབ་མ་ཡང་མདུན་བསྐྱེད་བཞིན་དུ་བསྐྱེད། བཟླས་ལུང་གི་སྐབས་ཕྱི་སྒྲུབ་ལྷ་ལྔའི་སྔགས་སོང་བའི་རྗེས་ལ།
གསང་སྒྲུབ་ཀྱི་འཁོར་བཞིའི་སྔགས་སྦྲེལ་ནས་བཟླས་ལུང་བྱེད། མཎྜལ་ལ་ཚོམ་བུ་སོ་སོར་འགོད། གཏོར་མ་གཅིག་གིས་ཆོག་པས་གཏོར་དབང་ཡང་གཅིག་གིས་ཆོག་གོ །གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི། །སྒྲུབ་ཐབས་ཀུན༵་དུ་དགའ་བ་འདི། །སྙིང༵་པོ༵་ལེན་པ་ལ་མོས་ཤིང༌། །ཚིག་ཚོགས་གཙོར་མི་བྱེད་ལ་འོས། །གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ།། །།
འཇུར་འགེགས་སེལ་བའི་ཚོགས་བདག་གི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། གནོད་སྦྱིན་ནོར་གྱི་དབང་ཕྱུག་གི །ཐུགས་ཀྱི་རྣམ་འཕྲུལ་ལས་མཁན་མཆོག །གཞན་གྱིས་མི་ཐུབ་སྒྲུབ་ཐབས་ནི། །རྗེས་གནང་དང་འབྲེལ་མདོ་ཙམ་བྲི། །མདུན་དུ་མཎྜལ་དཀར་པོ་པདྨ་འདབ་བརྒྱད་ལ་ཚོམ་བུ་གཅིག་བཀོད། མཐའ་མཆོད་གཏོར་གཙང་མས་བསྐོར། ཕྱག་ན་རྡོ་རྗེའི་བདག་བསྐྱེད་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་གཞལ་ཡས་ཁང་སྒོ་གཅིག་པ། དེའི་དབུས་སུ་པཾ་ལས་པདྨ་ཨ་ལས་ཟླ་བ་ལ་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། གནོད་སྦྱིན་ཆེན་པོ་གངས་རིའི་མདོག་ཅན། གཞོན་ནུའི་ལུས་ལ་སྡང་མིག་དམར་བ། ཕྱག་གཡས་ལྕགས་ཀྱུ་དང༌། གཡོན་གཏེར་གྱི་བུམ་པ་འཛིན་པ། དར་དཀར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཕྱག་རྒྱ་བཅས་ལ། རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། རི་རབ་ཀྱི་བྱང་ཤར་ནས། གནོད་སྦྱིན་གཞན་གྱི་མི་ཐུབ་པ་འཁོར་བཅས་བཛྲ་ས་མཱ་ཛཿ
དབང་བསྐུར་སྤྱི་དང་མཐུན་པ་ལས། མི་བསྐྱོད་པས་དབུ་བརྒྱན། ཨོཾ་ཧྲིཾ་ཛ་ཨ་པ་ར་ཛི་ཏ་ཛ་ཛཿ ཞེས་ཅི་ནུས་བཟླས། མཆོད་པ་བྱིན་རླབས་སྤྱི་དང་མཐུན་པ་ལས། འབྲུ་གསུམ་མང་དུ་བརྗོད། གཏོར་མ་བྱིན་རླབས་རྣམ་སྲས་ལྗང་ཁུ་སེང་ཞོན་གྱི་སྐབས་བཞིན་བྱ། སྙིང་པོ་ལ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱཧཱ། ཞེས་བཏགས་པ་ལན་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །དེའི་བང་མཛོད་ལྡེ་མིག་འཛིན། །ནོར་བདག་ཆེན་པོ་རིན་ཆེན་སྦྱིན། །འབྱོར་པ་སྤེལ་བྱེད་ཁྱོད་ལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་སྤྱི་དང་འདྲ། །སློབ་མ་ཁྲུས་བྱས་མཎྜལ་འབུལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། བླ་མ་རྗེ་བཙུན་བདག་ལ་དགོངས་སུ་གསོལ་བདག་མིང་འདི་ཞེས་བགྱི་བ་ལ། གནོད་སྦྱིན་གཞན་གྱིས་མི་ཐུབ་པའི་དངོས་གྲུབ་ཀྱི་རྗེས་སུ་གནང་བ་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་ལ་དར་དཀར་གྱིས་གོས་བསྐོན། སྟོང་པར་སྦྱངས་པ་ནས་རིགས་བདག་གི་བར་སྒྲུབ་པའི་ཐབས་ལྟར་དམིགས་པ་ཕོགསློབ་མའི་ལག་ཏུ་རིན་པོ་ཆེའི་འཕྲེང་བ་གཏད་དེ། བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། གཏོར་མ་སྤྱི་བོར་བཞག་སྟེ། བཀའ་བསྒོ་དྲག་ཏུ་བྱ། སློབ་མ་དེ་འདིའི་བསྙེན་སྒྲུབ་བྱེད་ངེས་ཡིན་ན། དམ་ཚིག་བསྲེ་ཞིང་བྲོ་དགག་པའི་ཕྱག་ལེན་ཀྱང་ཡོད། རྗེས་ཀྱི་བྱ་བ་རྣམས་སྤྱི་དང་འདྲ་བ་ལ། སློབ་མས་
དར་དཀར་པོའམ་སེར་པོའི་ཡོན་དབུལ་བར་བྱའོ། །འདིའི་སྒྲུབ་ཚུལ་ནི། རྒྱུད་དང་མན་ངག་རྒྱས་པ་རྣམས་སུ་ཤེས་པར་བྱའོ། །རབ་ཟབ་སྟག་ལུང་ཐང་པ་ཡི། །ཐུགས་དམ་ལྷ་དྲུག་ནང་ནའང་བཞུགས། །ཀུན༵་དུ་རྒྱས་པའི་ཡིག་ཆ་ལས། །རབ་དག༵འི་སྙིང༵་པོ༵་མདོ་ཙམ་བསྡུས། །གནོད་སྦྱིན་ཨ་པ་ར་ཛི་ཏའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ།། །།
འཇུར་འགེགས་སེལ་བའི་ཚོགས་བདག་གི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཇིག་རྟེན་མགོན་དང་ཧེ་རུ་ཀ །ར་ཧུ་ལ་དང་མར་མེ་མཛད། །བླ་མ་ཡི་དམ་ལ་བཏུད་ནས། །ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་བཤད། །ཚོགས་བདག་ཆགས་པ་རྡོ་རྗེ་སྒྲུབ་པར་འདོད་པས། མདུན་དུ་མཎྜལ་དཀར་པོ་ཟླུམ་པོ། དབུས་སུ་པདྨ་འདབ་བརྒྱད་ཀྱིས་མཚན་པ། སྟེགས་བུ་གྲུ་བཞི་ལ་ཙནྡན་དཀར་པོ་དང༌། གི་ཧཾ་བསྲེས་པས་བྱུགས། མཎྜལ་གྱི་དབུས་སུ་བུམ་པ་དཀར་པོ་ནང་རྫས་ཅན་བཤམ། མཐར་མཆོད་གཏོར་གྱིས་བསྐོར། ཙ་ཀ་ལི་དང་ལ་དུ་ལ་ཕུག་སོགས་ཀྱང་བཤམ། བདག་བསྐྱེད་སྤྱན་རས་གཟིགས་སམ། དགྱེས་རྡོར་གང་རུང་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་གཾ་དཀར་པོ་ལས་ཚོགས་ཀྱི་བདག་པོ་རྩ་ཞལ་གླང་པོ་ཆེའི་གདོང་པ་ཅན། གཡས་བྱི་ལའི་གདོང༌། གཡོན་སྤྲེའུའི་གདོང་པ་ཅན། ཕྱག་གཡས་གསུམ་ལ་ཕུག་ནོར་བུ་རལ་གྲི། གཡོན་ལ་དུ་ཆང་སྣོད་དགྲ་སྟ་འཛིན་པ། ཞབས་མདུན་མ་གཉིས་བསྣོལ་ཞིང༌། རྒྱབ་མ་གཉིས་གཡས་
བསྐུམ་གཡོན་བརྐྱང་པའི་སྟབས་ཅན། གཅེར་བུ་རིན་པོ་ཆེའི་རྒྱན་དང༌། པདྨའི་ཚངས་སྐུད་ཅན། འོག་ཏུ་ཡུམ་དཀར་ལ་དམར་བའི་མདངས་ཅན་གཅེར་བུ་རིན་པོ་ཆེས་བརྒྱན་པ། སྤྲེའུའི་གདོང་ཅན་ཨུཏྤལ་སྔོན་པོའི་ཚངས་སྐུད་ཅན། ཕྱག་གཉིས་ཀྱིས་གཙོ་བོའི་ཞབས་གཉིས་བརྟེན་ཞིང༌། ཞལ་གྱིས་གསང་བའི་རྡོ་རྗེ་འཇིབ་པ། ཞབས་གཉིས་བགྲད་པ། ཕོ་ཉ་དང་ཕྱག་བརྙེན་མོ་སྤྲེའུའི་ལུས་ཅན་གྱིས་བརྟེན་པ། སྐུའི་འོག་དང་གཡས་གཡོན་དུ་གཏེར་གྱི་བུམ་པ་ཅན། མཐའ་བསྐོར་དུ་བཀྲ་ཤིས་རྟགས་བརྒྱད་དང༌། རྫས་བརྒྱད་དང༌། རྒྱལ་སྲིད་རིན་པོ་ཆེའི་སྣ་བདུན་གྱིས་བསྐོར་བ། ཐུགས་ཀར་སྔགས་འཕྲེང་ས་བོན་དང་བཅས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ལྟེ་བར་ཧཱུཾ། ཐུགས་ཀའི་སྔགས་འཕྲེང་ས་བོན་ལས་ཡིད་བཞིན་གྱི་ནོར་བུའི་རྒྱུན་བབས། གསང་བ་ནས་བརྒྱུད། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་གསང་བ་ནས་བབས། བུམ་པ་གང༌། དེ་ལས་ལུད་དེ་གནས་ཁང་གང་བར་གྱུར། མཆོད་པ་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ཏེ་སྤྱི་དང་མཐུན་པར་འབུལ། ཤེལ་གྱི་རི་བོ་ལྟ་བུའི་སྐུ། །འཕོངས་སེལ་འབྱོར་བ་ཀུན་གྱི་བདག །ཚོགས་རྗེ་ཚོགས་བདག་བགེགས་ཀྱི་གཙོ། འཁོར་བཅས་
རྣམས་ལ་བསྟོད་པ་འབུལ། །ཨོཾ་ག་ག་ན་པ་ཏི་མ་མ་རཏྣ་སིདྡྷི་ག་ག་ག་ག་ག་ག་ག་ག །ག་ན་པ་ཏི་སྭཱཧཱ། ཞེས་བཟླ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་གཏོར་སྣོད་དུ་གཏོར་མ་བདུད་རྩིར་བསྐྱེད། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། ཨོཾ་ག་ན་པ་ཏི་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་ཕུལ། གོང་བཞིན་མཆོད་བསྟོད་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འདོད་དོན་གསོལ་བ་བཏབ། སློབ་མའི་བྱ་བ་ནི། སྐྱབས་སེམས་ཡན་ལག་བདུན་པ་རྣམས་བྱས་ལ། སློབ་མ་ཚོགས་བདག་ཏུ་བསྐྱེད། སྔགས་ཀྱི་བཟླས་ལུང་སྤྱི་དང་མཐུན་པར་སྦྱིན། ལ་ཕུག་ལག་པ་གཡས་པ་དང༌། ལ་དུ་ལག་པ་གཡོན་དུ་གཏད། མཎྜལ་སྤྱི་བོར་བཞག་ལ་བཀའ་བསྒོ་དྲག་ཏུ་བྱ། རྗེས་ཀྱི་བྱ་བ་ནི་སྤྱི་དང་འདྲའོ། །རྒྱུན་གཏོར་ཙམ་དང་ཉེར་འབྲེལ་བའི། །སྒྲུབ་ཐབས་རྗེས་གནང་དང་བཅས་འདི། །ཀུན༵་ནས་མཁོ་བའི་ཡིད་དག༵འི་གནས། །ཡི་གེ་བྱས་པའི་སྙིང༵་པོ༵་ཡིན། །འཇུར་འགེགས་སེལ་བའི་ཚོགས་བདག་གི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
ཚོགས་བདག་ཇོ་བོ་ལུགས་བསྡུས་པའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཇིག་རྟེན་དབང་ལ་གུས་བཏུད་ནས། །ཚོགས་བདག་དཀར་པོ་སྒྲུབ་པའི་ཐབས། །ཇོ་བོ་རྗེ་ཡི་མན་ངག་བཞིན། །མདོ་ཙམ་བདག་གིས་བྲི་བར་བྱ། །བག་ཕྱེ་ལ་མར་དང་སྤོས་དང་སྦྲང་རྩི་བཏབ་པ་ལ། ལ་དུའི་ཚུལ་གྱི་རིལ་བུ་མང་དུ་བཤམ། སྣོད་གཙང་མ་
གཞན་ཞིག་ཆུ་གཙང་གི་གསུམ་གཉིས་ཙམ་བཀང༌། མེ་ཏོག་ལ་སོགས་པ་མཆོད་པ་སྤྱི་མཐུན་དུ་བཤམ་ཞིང༌། རྟེན་ཡོད་ན་བགྲམ། ཡི་དམ་ཀྱི་མངོན་རྟོགས་སྔོན་དུ་སོང་བས། རང་གི་མདུན་དུ་པད་ཟླའི་གདན་ལ་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་གཉིས་ན་ལ་ཕུག་དང་འཕྲེང་བ་ཅན། གཡོན་གཉིས་ན་ནེའུ་ལེ་དང་དགྲ་སྟ་འཛིན་པ། གསུས་པ་འཕྱང་བ་རིན་པོ་ཆེའི་རྒྱན་དང༌། སྟག་ལྤགས་ཀྱི་སྟོད་གཡོགས་སྨད་གཡོགས་གསོལ་བ། རལ་པའི་ཐོར་ཚུགས་ཅན། སྣ་ཤལ་དམར་བ་གཡས་བརྐྱང་གི་རོལ་པས་བཞུགས་པ། བྱི་བ་ལ་གནས་པའམ། རྒྱབ་བརྟེན་པའོ། །རིལ་བུ་རྣམས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུཾ། ཞེས་མཐེབ་སྲིན་གཡས་པས་རིལ་བུ་རྣམས་རིམ་པས་ཆུ་ནང་དུ་བསྐྱུར་བས་རྣ་ཤལ་གྱིས་བླངས་ཤིང་གསོལ་བར་བསམས་ལ། ཉེར་གཅིག་སོགས་གང་ནུས་སུ་ཕུལ། དེ་ནས་བཟླས་པ་ནི། ཨོཾ་བྷྲཱུཾ་ག་ཎ་པ་ཏི་སྭཱཧཱ། ཞེས་དང༌། ཨོཾ་བྷ་ར་ཀ་ཏ་ཡེ་སྭཱཧཱ། ཞེས་པ་དང༌། ཨོཾ་ཝ་ཀ་ཏེ་དཾཥྟཾ་བྷིན་ད་ཧཱུཾ་ཕཊ། ཞེས་པ་རྣམས་གང་རུང་ཅི་ནུས་བཟླས་པའི་མཐར། ཨོཾ་བྷྲུཾ་ག་ཎ་པ་ཏི་རཏྣ་སིདྡྷི་སྭཱཧཱ། ཞེས་པའང་ཅུང་ཟད་བཟླའོ། །མཐར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ལྷ་ཡི་རྒྱལ་པོ་ལྷ་མིན་འཇོམས། །མཐའ་དག་བགེགས་ལ་དབང་བསྒྱུར་བ། །གངས་རིའི་མདོག་ལྟར་རབ་ཏུ་དཀར། །ཚོགས་རྗེ་གཟི་བརྗིད་འབར་ལ་བསྟོད། །
བདག་གི་མཐུན་རྐྱེན་སྒྲུབ་པའི་ཡོན་བདག་མཛོད་ཅིག །ཅེས་དྲག་ཏུ་གསོལ་བ་བཏབ། རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་མི་དམིགས་པར་སྦྱངས། ལུང་འབོགས་ཚུལ་ནི། རྗེས་གནང་སྤྱི་དང་འདྲ་བར་བྱེད་པའང་ཡོད་ལ། ཡང་སློབ་མའི་མཆོད་པའི་ཡོ་བྱད་རྣམས་བཤམས། གསོལ་བཏབ་ཡན་ཆད་ཚར་བའི་རྗེས་ལ། སློབ་མ་ལ་བསྒོམ་ལུང་ཕོག་ནས། སྔགས་ལ་རྗེས་ཟློས་བྱེད་པ་ཉིད་ཡིན་ནོ། ཁྱུང་པོ་རྣལ་འབྱོར་གྱི་ཞལ་ནས། མི་ཡི་ཡོན་བདག་ངོ་བསྲུང་དཀའ། །ལྷ་ཡི་ཡོན་བདག་བསྒྲུབ་པར་བྱའོ། །ཞེས་དགེ་བཤེས་དཀོན་མཆོག་མཁར་ལ་གནང༌། དེ་ནས་ཕག་གྲུ་ལས་བརྒྱུད་པའི་གསུང་བསྒྲོས་ལས་འབྱུང་ངོ༌། །དཀའ་ཚེགས་ཆུང་ཞིང་ཀུན༵་ནས་ཟབ། །གོང་མའི་ཕྱག་ལན་བརྒྱུད་བཅས་འདི། །དག༵འ་བར་མཐོང་ནས་འབད་དེ་ཞུས། །སྙིང༵་པོ༵་ཙམ་ཞིག་ཡི་གེ་བྱས། །ཚོགས་བདག་ཇོ་བོ་ལུགས་བསྡུས་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།
ཚོགས་བདག་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། གསང་བདག་ལ་སོགས་ཡེ་ཤེས་ཀྱི། ཁྲོ་བོ་ཀུན་ལ་བཏུད་བྱས་ནས། །ཚོགས་ཀྱི་བདག་པོ་སྒྲུབ་ཐབས་ནི། །མདོ་ཙམ་རབ་ཏུ་བཤད་པར་བྱ། །བདེ་མཆོག་གམ་ཕྱག་ན་རྡོ་རྗེའི་བདག་བསྐྱེད་སྔོན་དུ་སོང་ནས། བྲིས་སྐུའི་མདུན་དུ་དམ་རྫས་རྣམས་ཚོགས་པར་བྱ། མདུན་བསྐྱེད་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་གཞལ་མེད་ཁང་འཁོར་ལོ་རྩིབས་བརྒྱད་པའི་གདན་དང་བཅས་པ། ལྟེ་བར་གཾ་ལས་ཚོགས་བདག་དམར་པོ། ཕྱག་བཞིའི་གཡས་ལ་ཕུག་དང་དགྲ་སྟ། གཡོན་ལ་དུ་དང་འཕྲེང་བ་འཛིན་པ། བྱི་བ་
སྔོན་པོ་ལ་ཆིབས་ཤིང༌། གཏེར་གྱི་བུམ་པ་ལ་ཞབས་བརྟེན་པ། ཐུགས་ཀར་གཾ །རྩིབས་བརྒྱད་ལ་རང་དང་འདྲ་བའི་སྤྲུལ་པ་རེ་རེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རི་རབ་ཀྱི་རྩེ་མོ་ནས་ཚོགས་བདག་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་ག་ན་པ་ཏི་ས་མ་ཡ་སྟྭཾ། སྤྱི་བོར་རྡོ་རྗེ་བཞགཨ་མྲྀ་ཏས་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་རཏྣ་རཏྣ་རཏྣོ་རཏྣོ། ག་ཎ་པ་ཏི། ག་ག་ག་ག་ག་ག་ག་ག །ག་ན་པ་ཏི། ཙུ་རུ་ཙུ་རུ། མ་ནུ་པ་ཏྲ། རུ་རུ་རུ་རུ། ག་ག་ཏ་ཡ། ག་ཎ་པ་ཏི་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། གཏོར་མ་དང་མཆོད་པ་སྤྱི་དང་མཐུན་པར་བྱིན་གྱིས་བརླབས། སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་པས་གཏོར་མ་ཕུལ། མཆོད་བསྟོད་འདོད་དོན་གསོལ་བཏབ་སོགས་ཚོགས་བདག་གཞན་དང་མཐུན་ནོ། །འདི་ནི་དཔལ་ཆེན་རྒ་ལོ་ནས་བརྒྱུད་པ་སྟེ། སྐུ་མདོག་དཀར་པོ་བྱས་ཀྱང་རུང༌། གཙོ་བོར་དབང་གི་ལས་ཀྱི་ཁ་དོག་ཏུ་བྱའོ། །འདི་བསྒོམ་ལུང་ཁོ་ནས་འགྲུབ་བོ། །ནམ་མཁའ་མཉམ་པའི་རྒྱུད་ཆུང་ལས། །ཀུན༵་དུ་གསལ་བར་བསྟན་པ་ཡི། །རབ་དག༵འ་སྒྲུབ་ཐབས་སྙིང༵་པོ༵་འདི། །ཕག་གྲུའི་གསུང་དང་མཐུན་པར་འདོད། །ཚོགས་བདག་དམར་པོ་ཕྱག་བཞི་པའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ།
བཀའ་གདམས་པའི་མན་ངག་ཀླུ་རྒྱལ་སོག་མ་མེད་ཀྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཇིག་རྟེན་མགོན་པོ་སངས་རྒྱས་དང༌། །ཕྱག་ན་རྡོ་རྗེའི་ཞབས་པད་ལ། །བཏུད་ནས་སོག་མ་ མེད་ཅེས་པ། །སྔགས་བདག ་སྒྲུབ་ཐབས་བྲི་བར་བྱ། །ཕྱག་ན་རྡོ་རྗེའི་བདག་བསྐྱེད་སྔོན་དུ་འགྲོ་བས། དཀར་གཏོར་དང་མཆོད་པ་བཤམ། རང་གི་མདུན་དུ་པད་ཟླ་ལ་ཕུཿཡིག་ལས། ཀླུ་རྒྱལ་སོག་མ་མེད་གསེར་མདོག་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་ལྟེ་བ་མན་ཆད་སྦྲུལ་འཇུག་ཏུ་འཁྱིལ་བ། བུ་དང་ཆུང་མ་ལ་སོགས་པའི་གཉེན་འདུན་དང་འཁོར་གཡོག་དྲུག་ཁྲི་དང་བཅས་པ་བཞུགས་པར་གྱུར། རང་གི་སྙིང་ག་ནས་འོད་འཕྲོས། བྱང་ཕྱོགས་ནས་ཀླུ་རྒྱལ་སོག་མ་མེད་འཁོར་དང་བཅས་པ་ཨོཾ་ནཱ་ག་རཱ་ཛ་ས་པཱ་རི་ཝཱ་ར་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་ནཱ་ག་རཱ་ཛ་ས་མཱ་ཡ་སྟྭཾ། སྤྱི་བོར་རྡོ་རྗེ་བཞག་པར་མོས། ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བསྟན་ལ། ཨོཾ་ཧི་ལི་ཧི་ལི་མཧཱ་ཧི་ལི་ཕྲུཾ་ཕུ་སྭཱཧཱ། ཞེས་ལན་གསུམ། ཨོཾ་ཕུཿཕུཿཕུ་ཏ་ཕུ་ཏ་མཧཱ་ཀྲོ་དྷ་ཧཱུཾ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུཾ་ཕཊ་སྭཱཧཱ་ཞེས་ཅི་ནུས་སུ་བཟླས། མཐར་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་སུ་བཤད་པ་ལྟར་གཏོར་མ་བྱིན་གྱིས་བརླབས་ནས་སྔགས་ཀྱི་མཐར། ཨི་དཾ་བཱ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཙོ་བོ་དང༌། ཨོཾ་བྷཀྵ་ཡ། བྷཀྵ་ཡ། ས་མཱ་ཡ་ཏིཥྛ། ཛྲུཾ་ཕྲུཾ་ཕུ་ཧཱུཾ་སྭཱཧཱ། ཞེས་པས་འཁོར་ལ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཀླུ་ཡི་རྒྱལ་པོ་སོག་མ་མེད། །སངས་རྒྱས་སྟོང་གི་འཕྲིན་ལས་པ། །
གཞོན་ནུ་གཏུམ་པོ་སྦྲུལ་མགོ་ཅན། །སྔགས་བདག་སྐུ་ལ་ཕྱག་འཚལ་བསྟོད། །འདོད་དོན་གསོལ་བ་བཏབ་ལ། ཨོཾ་མུཿ ཞེས་སྤྱན་དྲངས་པ་རང་གནས་སུ་གཤེགས། བསྐྱེད་གཞི་མི་དམིགས་པར་སྦྱངས། བྲིས་སྐུ་ཡོད་ན་རབ་གནས་བྱའོ། །འདི་ལ་རིག་གཏད་བྱེད་པའི་ལག་ལེན་ཡོད་པར་གདའ་ནའང༌། སྒོམ་ལུང་ཐོབ་ པ་ཙམ་གྱིས་ཆོག་གོ །ཀུན༵་ལ་སོག་མ་མེད་ཅེས་གྲགས། །འགའ་ཞིག་ཏུ་ནི་སྔགས་བདག ་ཅེས། །རབ་ཏུ་དག༵འ་བས་མཚན་གསོལ་བའི། །སྒྲུབ་ཐབས་སྙིང༵་པོ༵་ཙམ་འདི་ཡིན། །ཇོ་བོ་རྗེ་ལས་བརྒྱུད་པ། བཀའ་གདམས་པའི་མན་ངག་ཀླུ་རྒྱལ་སོག་མ་མེད་ཀྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ།
དབྱུག་གུ་མ་སྤུན་གསུམ་གྱི་སྒྲུབ་ཐབས།
ཨོཾ་སྭཱ་སྟི། འཇིག་རྟེན་མགོན་ལ་རབ་བཏུད་ནས། ཁ་ན་མ་ཐོ་དང་བྲལ་བའི། །ལོངས་སྤྱོད་ཕུན་ཚོགས་སྒྲུབ་པའི་ཐབས། །ཅུང་ཟད་ཙམ་ཞིག་བྲི་བར་བྱ། །སྣོད་གཙང་མར་དཀར་གཏོར་གསུམ་དང༌། ཆང་བུ་གསུམ་བཤམ། རང་སེམས་སྐད་ཅིག་གིས་མདུན་དུ་གནོད་སྦྱིན་མོ་ཀུནྡ་ལི་སྐུ་མདོག་མཐིང་ཁ། སྤྱན་རྩ་དམར་བ། ཕྱག་གཉིས་ཀྱི་བར་ན་རིན་པོ་ཆེ་བསྣམས་པའོ། །སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་གཏོར་མར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། གཏོར་མའི་སྟེང་གི་ནམ་མཁར་མེ་ཏོག་མཉྫུ་ཤ་ཀ་ཁ་བྱེ་བའི་སྟེར་དུ།
དབུས་སུ་ནོར་སྟེར་མ་སྔོན་མོ། གཡས་སུ་གོས་སྟེར་མ་དཀར་མོ། གཡོན་དུ་ཟས་སྟེར་མ་དམར་མོ། གསུམ་ཀའང་ཕྱག་གཡས་ནོར་བུ་དང༌། གཡོན་པས་བདུད་རྩིས་གང་བའི་བུམ་པ་བསྣམས་པ་དར་དཀར་གྱི་སྟོད་གཡོགས་དང༌། སྣ་ཚོགས་དར་གྱི་ན་བཟའ་ཅན། རིན་པོ་ཆེའི་བརྒྱན་པ། རོལ་པས་བཞུགས་ཤིང་འཛུམ་པས་བདག་ལ་གཟིགས་པ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་འཕྲོས། དབྱུག་གུ་མ་སྤུན་གསུམ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་ལ་སོགས་པས་མཆོད། བཟླས་པ་ནི། ཨོཾ་ཨ་ན་ལེ་ཀུཎྜ་ལེ་མཧཱ་པི་ཤ་ཙི་ནི་ཡེ་སྭཱཧཱ། ཨོཾ་གྲྀཧྞ་མཧཱ་བྷནྜ་པི་ཤ་ཙི་ནི་ཡེ་སྭཱཧཱ། ཨོཾ་ཤུ་དྲ་མུ་ཁེ་མཧཱ་པི་ཤ་ཙི་ནི་ཡེ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས་ལ། དཀར་གཏོར་གསུམ་པོ་རང་གི་སྙིང་པོ་ལན་གསུམ་གྱིས་ཕུལ། ཧཱུཾ་མཁའ་འགྲོ་ཆེན་མོ་ཁྱེད་གསུམ་ལ། །མཆོད་སྦྱིན་གཏོར་མ་འདི་ཕུལ་བས། །བདག་ལ་ནོར་གོས་ཟས་གསུམ་གྱིས། །མི་འཕོངས་འབྱོར་བ་དེ་ཉིད་ཀྱང༌། །ཆོས་ཀྱི་གྲོགས་སུ་འགྲོ་བར་མཛོད། ། བདག་ལ་སྐལ་པ་མེད ་མོད་ཀྱང༌། །ལོག་འཚོ་མེད་པའི་འཚོ་བ་སྩོལ། །ཞཻས་བརྗོད་ལ་གཙང་སར་དོར། ཆང་བུ་ཐོག་མཐའ་གཉིས་ལ་རང་སྔགས་དང༌། བར་པ་ལ། ཨོཾ་མི་ལི་གི་པི་ལི་གི་སྭཱཧཱ། ཞེས་པ་ལན་བདུན་བདུན་གྱིས་སྔགས་གྲུབ་པའི་ཚེ་འབུལ་ལོ། །ཞེས་བརྡའ་
གཏོར་དུ་བྱ། དེ་ལྟར་རབ་ཞག་གསུམ་འབྲིང་བརྒྱད། ཐ་མ་ཉེར་གཅིག་གིས་འགྲུབ་བོ། །དེ་ནས་ཡིག་རྙིང་ལས་བཤད་པ་ལྟར་གྱི། བྱི་བ་ཁ་སྤྲད་ཀྱི་རྟེན་བཅས། གཞན་རྣམས་སྔར་དང་འདྲ་བ་ལ། ཏདྱ་ཐཱ། ཨོཾ་ཙ་མེ་ཨུ་མེ་ནི་དུ་ཁ༌། ན་སྭཱཧཱ། ཞེས་བཞི་བརྒྱ་ཙམ་དུ་བཟླ་བར་བཤད་དོ། །དམ་ཚིག་ཚུལ་ཁྲིམས་དང༌། གཙང་སྦྲ་ལ་གནས་ཤིང༌། བྱི་བ་ལ་མི་སྡང་བར་བྱའོ། །འདི་ལུང་ཙམ་གྱིས་འགྲུབ་ཅིང༌། འདིའི་བརྒྱུད་ཡིག་འགའ་ཞིག་ན། རྡོ་རྗེ་གདན་པ་བརྒྱུད་པར་བྱས་པའང་འདུག་མོད་ཀྱི། ཇོ་བོ་རྗེ་ནས། བཀའ་གདམས་པ་ལས་བརྒྱུད་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །དེང་སང་ཀུན༵་ལ་མ་གྲགས་པའི། །སྒྲུབ་ཐབས་རབ་ཏུ་དག༵འ་བ་འདི། །ཚུལ་ལྡན་རྣམས་ཀྱི་སྙིང༵་ནོར་ཡིན། །རྒྱུན་གྱི་ལག་ལེན་གསལ་པོ༵ར་བཀོད། །དབྱུག་གུ་མ་སྤུན་གསུམ་གྱི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། །
ཁོལ་པོ་ཀུནྡྷ་ལི་སྒྲུབ་ཐབས།
ཁོལ་པོ་ཀུནྡྷ་ལི་སྒྲུབ་ཐབས་སོ། ཨོཾ་སྭཱ་སྟི། འཕགས་པ་སྤྱན་རས་གཟིགས་དབང་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ནས། །ཚོགས་ཀྱི་བདག་པོའི་ཁོལ་པོ་ནི། །ཀུནྡྷ་ལི་ཡི་སྒྲུབ་ཐབས་བཤད། །རས་ལ་གླང་པོ་ཆེ་དཀར་པོ་རིན་པོ་ཆེའི་རྒྱན་དང༌། སྣ་ཐག་ཅན་རིན་པོ་ཆེའི་སྣོད་བཀལ་བ་ཞིག་བྲིས་ལ་མདུན་དུ་དགྲམ། འབྲས་དང་དཀར་གསུམ་སོགས་བཟའ་བ་གཙང་མའི་སྤུངས་གཏོར་བཤམ། བདག་བསྐྱེད་ཁྲོ་བོ་གང་རིགས་དང༌། མདུན་དུ་ཚོགས་བདག་དཀར་པོ་སྐད་ཅིག་གིས་བསྐྱེད་ནས། དེའི་མདུན་དུ་ཐད་ཀ་སྐད་ཅིག་གིས་གནོད་སྦྱིན་ཀུནྡྷ་ལི་དཀར་པོ་གཡས་ལྕགས་ཀྱུ་དང༌། གཡོན་གླང་པོ་ཆེའི་སྣ་ནས་འཁྲིད་པ། ཐུན་མཚམས་རེ་ལ་
སྟོང་གསུམ་བསྐོར་བར་ནུས་པ་མདུན་དུ་བཞུགས་པར་གྱུར། ཨོཾ་པི་ཤ་ཙི་ཀུནྡྷ་ལི་ཨི་དཾ་བཱ་ལིཾང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ཉི་ཤུ་རྩ་གཅིག་བརྗོད་ཅིང༌། གཏོར་མ་ནས་ཕུད་གཏོར་བྱ། སྤོས་དཀར་དང་ཙནྡན་ལ་སོགས་པའི་བདུག་པས་བདུགབདག་དང་ཚོགས་བདག་ལ་ནོར་བུ་དང་འབྲུའི་མཆོད་པ་འབུལ་ཞིང༌། སྟོང་གསུམ་བསྐོར་བར་བསམ། ཨོཾ་པི་ཤ་ཙི་ཀུནྡྷ་ལི་མཧཱ་བུདྡྷ་ཤྭ་ར། དྷི་རི་དྷི་རི། ཕོབ་ཕོབ། སིདྡྷི་ཧཱུཾ་སྭཱཧཱ། ཞེས་ཉེར་གཅིག་ལས་མི་ཉུང་བར་བཟླའོ། །ལྷ་ཡོན་ བདག་ཏུ་སྒྲུབ་པ་ཞེས་བྱ་སྟེ། འཚོ་བ་ཚེགས་མེད ་པར་འགྲུབ་བོ། །འདི་ལ་ལུང་མ་གཏོགས་རྗེས་གནང་མི་དགོས། འདི་ལས་གཞན་པའི་མན་ངག་ཀྱང་མེད་དོ། །འདི་ཡང་ཇོ་བོ་རྗེ་ནས་བརྒྱུད་པ་བཀའ་གདམས་པའི་གདམས་པའོ། །ཀུན༵་ལ་གྲགས་པ་མི་ཆེ་ཡང༌། །ཚུལ་ཁྲིམས་ལྡན་པ་རབ་ཏུ་དག༵འ། །མི་རྣམས་སྙིང༵་ནི་མགུ་དཀའ་བས། །ལྷ་སྒྲུབ་པ་ལ་བརྩོན་པོ༵ར་བྱ། ཁོལ་པོ་ཀུནྡྷ་ལིའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ།། །།དར་རྒྱས་འཕེལ། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས། ནོར་ལྷའི་སྒྲུབ་ཐབས་བཤད་པའི་སྐབས་ཏེ། བཅོ་བརྒྱད་པའོ།། །།ཞུ་དག །འདིར་འབད་རྣམ་པར་དཀར་བའི་དགེ་བ་ཡིས། །བླ་མ་ཡི་དམ་ལྷ་ཚོགས་དབྱེར་མ་མཆིས། །རྟག་ཏུ་ཞལ་མཐོང་གསུང་གི་བདུད་རྩི་ལ། །བརྟེན་ནས་མཆོག་གི་གོ་འཕང་མྱུར་ཐོབ་ཤོག །ཤུ་བྷཾ། མངྒ་ལཾ།། །།རྗེ་བཙུན་པད་དཀར་འཆང་བའི་རྣམ་འཕྲུལ་མགོན། །སྨྲ་བའི་དབང་ཕྱུག་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་༡༩༩༥བར། །བསྟན་པ་སྤྱི་དང་ཁྱད་པར་ཇོ་ནང་བའི། །བཤད་སྒྲུབ་སླར་གསོ་བྱ་
བ་སྤེལ་བའི་ཆེད། །འཇམ་མགོན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱིས། །མི་ཟད་ཆོས་སྦྱིན་དཔལ་ལྡན་འཛམ་ཐང་གི །གཙང་བའི་ཆོས་གྲྭར་བསྐྲུན་པའི་དགེ་བ་ཡིས། །མ་གྱུར་འགྲོལ་གནས་སྐབས་བདེ་བ་དང་། །མཐའ་ཐུག་གཏན་བདེ་བླ་མེད་བྱང་ཆུབ་མཆོག །མྱུར་དུ་ཐོབ་པའི་དཔུང་གཉེན་དམ་པ་རུ། །གཞི་དབྱིངས་མཆོག་གསུམ་དམ་པས་ཤིས་པ་རྩོལ། །འདི་ཡང་པུཎྱཻ་ཤྲཱིས་བྲིས་བ་དགེ། །བསོད་ནམས་དཔལ་གྱིས། །