དེ་ཡང་དག་པར་བརྗོད་པ།
མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ།
ད་ནི་དེ་ཡང་དག་པར་ཇི་ལྟར་བརྗོད་པའི་ཚུལ་བཤད་པར་བྱ་སྟེ། དེ་ཡང་རྣམ་པ་གསུམ་མོ། །གསུམ་གང་ཞེ་ན། འདི་ལྟར་མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ། བརྗོད་པའི་ཚུལ་དང༌། མཚན་གསང་སྔགས་ཀྱི་ཚུལ་དུ་བལྟས་ཏེ་བརྗོད་པའི་ཚུལ་དང༌། མཚན་གཉིས་སུ་མེད་པའི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་ལོ། །དེ་ལ་མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཐེག་པ་ཆེན་པོའི་སྒོར་ཞུགས་པ། སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་པ་རྣམས་ཀྱིས་ཐོག་མ་ཉིད་དུ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་དེ་དག་ཐམས་ཅད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་མཛད་པ་རྒྱུན་མི་འཆད་པའི་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྒྲུབ་ཅིང༌། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བའི་ཕྲིན་ལས་མཛད་པ། རྟག་ཏུ་སེམས་
ཅན་གྱི་མདུན་དུ་བཞུགས་ཏེ། དེ་བས་གང་གིས་འདིའི་མཚན་བརྗོད་པ་དེ་ལ་ནི་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཐམས་ཅད་ཀྱི་མཚན་བརྗོད་པས་དེ་ལ་དཔེར་བཟོད་པ་མ་ཡིན་ནོ་ཞེས་དང་བའི་དད་པ་དང༌། མོས་པ་སྔོན་དུ་བྱས་ཏེ། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཕྱིར་བརྗོད་པར་བྱའོ་ཞེས་སྨོན་ལམ་གྱི་འཕངས་པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བརྗོད་པར་བྱའོ། །དེ་ཡང་མོས་པའི་དབང་གིས་འདི་ལྟར་ཡིད་ལ་བྱེད་པས་གཞག་པར་བྱ་སྟེ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་འདི་ལྟ་བུའི་ཡོན་ཏན་ཅན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང༌། ཐུགས་རྗེ་དང༌། བྱམས་པའི་མངའ་བདག་ལ། རྟག་ཏུ་གདུལ་བྱ་ཐམས་ཅད་ཀྱི་མདུན་ན་གནས་པའི་ཕྱིར་བདག་གིས་དེའི་སྐུ་ཁྱད་པར་ཅན་མདུན་དུ་ཡིད་ལ་བྱས་ཀྱང་རུང༌། མ་བྱས་ཀྱང་རུང་སྟེ་རྟག་ཏུ་མདུན་ན་གནས་པའི་ཕྱིར། དེ་ལ་བརྗོད་པའི་དོན་དུ་བསམ་པ་གཡེང་བ་མེད་པས་མཚན་བརྗོད་པར་བྱའོ། །གཞན་དུ་ན་བཅོམ་ལྡན་འདས་ཀྱི་རང་བཞིན་དེ་ལྟ་བུ་ཡིན་མོད་ཀྱི། འོན་ཀྱང་དེའི་གཟུགས་བཟང་པོ་ཁྱད་པར་ཅན་ཡིད་ལ་བྱས་ནས། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་ཤེས་པར་བྱས་ནས། མདུན་གྱི་ནམ་མཁའ་ལ་རང་གི་ཡིད་ལས་སྦྲུལ་པའི་རིན་པོ་ཆེའི་རང་བཞིན་གྱིས་དཔག་བསམ་གྱི་ཤིང་ཆེན་པོ་རྒྱས་པའི་གྲིབ་མ་ལ། རིན་པོ་ཆེ་དང་པདྨའི་གདན་ལ་ཟླ་བའི་དཀྱིལ་ན་བཞུགས་པའི་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུའི་སྐུ་ཁ་བ་ལ་གུར་གུམ་གཏོར་བ་ལྟ་བུ་སྣ་ཚོགས་ཀྱི་ན་བཟའ་མནབས་པ་ཕྱག་གཡོན་ན་ཨུཏྤལ་སྔོན་པོ་རྒྱས་པ་བསྣམས་པ། གཡས་པ་མཆོག་སྤྱིན་ཅན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་པ་ལྟར་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་སྟེ། དེའི་མཚན་མངོན་པར་བརྗོད་པའི་དོན་གཡེང་བ་མེད་པའི་ཡིད་ལ་བྱེད་པས་མཚན་བརྗོད་པར་བྱའོ། །ཡང་མ་སྐུ་མདོག་དང་ཕྱག་མཚན་ནི་གླེགས་བམ་དང༌། རལ་གྲི་དང་ཆོས་འཆད་པ་ལ་སོགས་པ་དང༌། ཟླ་བའི་ཁ་དོག་དང༌། གསེར་བཙོ་མའི་ཁ་དོག་ལ་སོགས་ཏེ་ཇི་
ལྟར་མོས་པ་བཞིན་དུ་ཡིད་ལ་བྱའོ། །མཆོད་པ་བརྗོད་ནས་འདོད་པའི་དོན་ལ་གསོལ་བ་བཏབ་པ་སྟེ། ཡོངས་སུ་བདག་པའི་ཞིང་ཁམས་སུ་གསོལ་ནས་ལྡང་བར་བྱའོ། །ཡང་ན་འདུལ་བའི་དབང་གིས་འདི་ལྟར་བསམ་པར་བྱ་སྟེ། བཅོམ་ལྡན་འདས་ཉིད་སྔ་མ་བཞིན་དུ་བསམས་པའི་སྟེང་གི་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རབ་ཏུ་བྱུང་བའི་ཚུལ་གྱིས་བཞུགས་པར་བསམ་མོ། །དེའི་གཡས་ཀྱི་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་དང༌། ཀུན་དུ་བཟང་པོ་དང༌། སྤྱན་རས་གཟིགས་དབང་ཕྱུག་དང༌། ཕྱག་ན་རྡོ་རྗེ་དང༌། སའི་སྙིང་པོ་དང༌། ནམ་མཁའི་སྙིང་པོ་དང༌། སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་ཏེ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཁྱིམ་པའི་ཚུལ་གྱིས་རྒྱན་མ་སྤངས་པའི་མཚན་དུ་བཞུགས་པར་བསམ་མོ། དེའི་གཡོན་ཕྱོགས་སུ་ཤཱ་རིའི་བུ་དང༌། མོད་གལ་གྱི་བུ་དང༌། རབ་འབྱོར་དང༌། ཀུན་དགའ་བོ་ལ་སོགས་ཏེ། དགྲ་བཅོམ་པ་ཆེན་པོ་རྣམས་རབ་ཏུ་བྱུང་བའི་ཚུལ་གྱིས་བཞུགས་པར་བསམ་མོ། །དེའི་འོག་གི་ཕྱོགས་སུ་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་ཏེ། ཚངས་རིས་ཀྱི་ལྷ་རྣམས་དང༌། ཚངས་པ་ཆེན་པོ་དང་བཅས་པའི་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཁ་དོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང༌། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སྣ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་བསམས་ཏེ། དེ་རྣམས་ཀྱི་མདུན་དུ་བདག་གིས་ཕྱག་འཚལ་བ་དང༌། མཆོད་པ་ལ་སོགས་པའི་ཡན་ལག་བདུན་དང་ལྡན་པའི་སྨོན་ལམ་གྱི་སྒོ་ནས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། དེ་ཐམས་ཅད་ལ་མཆོད་པའི་དོན་དུ་བཅོམ་ལྡན་འདས་ཀྱི་མཚན་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་ལས་གྲུབ་པའི་སེང་གེའི་ཁྲི་དང༌། རིན་པོ་ཆེ་པདྨ་དང༌། ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་མཉམ་པའི་སྐྱིལ་མོ་ཀྲུང་དང༌། མཉམ་གཞག་གི་ཕྱག་རྒྱ་དང༌། ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་རིན་པོ་ཆེ་དང༌།
པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་ཞབས་གཡོན་པ་ཕབ་སྟེ་སྐྱིལ་མོ་ཀྲུང་ཕྱེད་མ་དང༌། རང་རང་གི་མཚན་དང༌། ཆོས་ཞུ་བའི་ཕྱག་རྒྱ་ཅན་དང༌། ཉན་ཐོས་ཆེན་པོ་རྣམས་ནི་རིན་པོ་ཆེའི་པདྨའི་གདན་ལ་ཆོས་ཞུ་བའི་ཚུལ་དུ་བསམ་པར་བྱའོ། །རང་སངས་རྒྱས་རྣམས་ནི་རང་རང་གི་བཞོན་པ་དང། མཚན་མ་དང་ལྡན་པའམ། ཡང་ན་ཐམས་ཅད་ཀྱང་རིན་པོ་ཆེའི་ཁྲི་སྟེང་ན་ཆོས་ཞུ་བའི་ཚུལ་ཅན་ཤ་སྟག་གོ །མཆོད་པ་རྫོགས་ནས་གཤེགས་པ་དང༌། འདོད་པའི་དོན་ལ་གསོལ་བ་གདབ་སྟེ་རང་རང་གི་ཞིང་དང་གནས་སུ་གཤེགས་སུ་གསོལ་ཏེ་ལྡང་བར་བྱའོ། །སྤྱན་དྲང་བ་ནི་མི་དགོས་ཏེ། བསམས་པ་ཙམ་ཉིད་ཀྱིས་བྱིན་གྱིས་རློབ་པར་འགྱུར་བའི་ཕྱིར་རོ། །དེ་དག་མཚན་ཡོན་ཏན་གྱི་དོན་དུ་བལྟས་ཏེ་བརྗོད་པ་ཡིད་ལ་བྱེད་པའི་ཚུལ་ཡིན་ནོ། །ཡོན་ཏན་ཉིད་ཀྱི་ཚུལ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། གསང་སྔགས་ཀྱི་ཚུལ་རྣམ་པ་གཉིས་ཡིན་ནོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་འཇིག་རྟེན་པ་དང༌། ཉན་ཐོས་པ་དང༌། རང་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ཐུན་མོང་དུ་འགྱུར་བའི་ཡོན་ཏན་དང༌། དེ་བཞིན་གཤེགས་པ་ཉག་གཅིག་གི་ཡོན་ཏན་དེ་དག་ཐུན་མོང་མ་ཡིན་པའོ། །དེ་ལ་ཐུན་མོང་གི་དགེ་བ་བཅུའི་ལས་ཀྱི་ལམ་དང༌། བསམ་གཏན་དང༌། ཚད་མེད་པ་དང༌། སྙོམས་པར་འཇུག་པའི་ལས་ཀྱིས་བསྡུས་པའི་མངོན་པར་མཐོ་བའི་འབྲས་བུ་དང་བཅས་པ་རྣམས་དང༌། གཞན་ཡང་བདེན་པ་བཞི་དང༌། ཤེས་པ་བརྒྱད་དང༌། རྣམ་པར་ཐར་པ་ལ་སོགས་པ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དང་བཅས་པ་དང༌། དེ་བཞིན་དུ་ཕྱོགས་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ས་དང༌། བྱང་ཆུབ་སེམས་དཔའི་སྟོབས་དང༌། བྱང་ཆུབ་སེམས་དཔའི་མི་འཇིགས་པ་དང༌། བྱང་ཆུབ་སེམས་དཔའི་གཟུངས་དང༌། ཏིང་ངེ་འཛིན་ལ་སོགས་པ་རྣམས་སོ། །ཐུན་མོང་མ་ཡིན་པའི་ཡོན་ཏན་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མ་འདྲེས་པ་བཅོ་བརྒྱད་དང༌། མཚན་དང་དཔེ་བྱད་བཟང་པོ་དང༌། གཟུངས་དང༌། ཏིང་ངེ་འཛིན་དང༌། ཐུགས་རྗེ་ཆེན་པོ་སུམ་ཅུ་གཉིས་དང༌། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་
གསུམ་དང༌། བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤངས་པ་དང༌། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང༌། རྣམ་པ་ཐམས་ཅད་མཆོག་དང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལྟ་བུ་སྟེ། འདི་དག་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཞེས་གསུངས་ཏེ། རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བའི་ཕྱིར་དཔག་པ་དང་ཚད་ལས་འདས་པའོ། །དེ་ཡང་འདིར་བསྡུ་ན་ནི་རྣམ་པ་བཞི་སྟེ། བརྟེན་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་ཡོངས་སུ་མཁྱེན་པ་དང༌། སྤང་བར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་གཏན་དུ་སྤངས་པ་དང༌། གནས་འགྱུར་བའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟག་ཏུ་གནས་གྱུར་པ་དང༌། ཐོབ་པར་བྱ་བའི་ཆོས་ཐམས་ཅད་མ་ལུས་པར་རྟག་ཏུ་ཐོབ་པ་སྟེ། འདི་ལྟ་བུའི་ཚུལ་གྱིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་མདོར་བསྡུ་ན་རྣམ་པ་བཞི་ཡིན་ནོ། །གསང་སྔགས་ཀྱི་ཚུལ་ལས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རླབས་ཆེན་པོ་རྣམ་པ་གསུམ་གསུངས་ཏེ། གསུམ་གང་ཞེ་ན། ཡོངས་ལ་ཁྱབ་པའི་ཡོན་ཏན་དང༌། །རྩིས་ལས་འདས་པའི་ཡོན་ཏན་དང༌། །མཆོག་ཏུ་གྱུར་བའི་ཡོན་ཏན་ནོ། །དེ་ལ་ཡོངས་ལ་ཁྱབ་པའི་ཡོན་ཏན་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་ཡོན་ཏན་ནི་ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ། ཆོས་ཀྱི་དབྱིངས་ཀྱི་མུར་ཐུག་པ་དག་དང༌། མ་དག་པའི་ཞིང་ཁམས་དག་དང༌། དེ་དག་ན་གནས་པའི་གང་ཟག་སློབ་པ་དང༌། མི་སློབ་པ་དང༌། གཉི་ག་མ་ཡིན་པའི་བསྡུས་པའི་ཆོས་རྣམས་དང༌། འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང༌། རྟེན་ཅིང་འབྲེལ་པར་འབྱུང་བ་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་གི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་དང༌། ཡང་དག་པའི་མཐའི་བར་གྱི་ཆོས་རྣམས་ལ་མ་ཁྱབ་པ་མེད་པ་ནི་ཡོངས་ལ་ཁྱབ་པའི་ཡོན་ཏན་ཡིན་ཏེ། དེ་ཇི་ལྟར་ཁྱབ་པའི་ཚུལ་ནི་མཚན་བཤད་པའི་སྐབས་སུ་ལྟ་བར་ཤེས་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་རྩིས་ལས་འདས་པའི་ཡོན་ཏན་གང་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་སྐུའི་ཡོན་ཏན་དང༌། དེ་བཞིན་དུ་གསུང་དང༌། ཐུགས་དང༌། ཡོན་ཏན་
དང་ཕྲིན་ལས་ཀྱི་དབང་གི་སྒོ་ནས་ཡོན་ཏན་དུ་གྱུར་པ། རྩ་བ་རེ་རེ་ལ་ཡང་ཡོན་ཏན་གྱི་ཆ་ལྔར་ལྔར་ཕྱེ་བས་སྐུ་ལྔ་དང༌། དེ་བཞིན་དུ་གཞན་ལ་ཡང་ལྔ་ལྔ་དང༌། བཅུ་ཕྲག་གཅིག་ལ་ཡང་དེ་བཞིན་དུ་རིགས་ཉི་ཤུ་རྩ་ལྔ་དང༌། དེ་རྣམས་ལ་ཡང་སྙིང་པོ་དང་ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་རྣམས་ཀྱི་རིགས་ཀྱི་དབྱེ་བས་རིགས་བརྒྱ་བརྒྱ་སྟེ། དེ་དག་ལ་དེ་བཞིན་དུ་ཕྱེ་བས་རིགས་འབུམ་ཕྲག་བརྗོད་ཀྱིས་མི་ལང་བ་དང༌། གྲངས་མེད་པས་རིགས་རྒྱ་མཚོ་ཞེས་གསུངས་ཏེ། འདི་ལྟར་གཞན་ལས་རིགས་ནི་མཐའ་ཡས་པ་གསུངས་པ་ཡང་རིགས་ཆེན་དག་ཏུ་ཟད་པར་འདུ་ཤེས་གསུངས་པ་ལྟ་བུ་སྟེ། འདིར་གསུངས་པ། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཞེས་སོ། །རིགས་ལྔ་དང་དྲུག་དང་མཐའ་ཡས་པར་གསུངས་པ་ཡང༌། འདི་ཉིད་ལས། གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་གསུངས་སོ། །རྡོ་རྗེའི་རིགས་འབའ་ཞིག་ཀྱང་མཐའ་ཡས་ཏེ། འདི་ཉིད་ལས་ཞུ་བ་པོ་རྡོ་རྗེ་འཛིན་པའི་ཡོན་ཏན་བརྗོད་པའི་སྐབས་སུ། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །ཞེས་གསུངས་པ་དང༌། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རྡོ་རྗེ་ཁྲོ་བོའི་རིགས་སྣ་ཚོགས་གསུངས་པ་ལྟ་བུའོ། །དེ་བཞིན་དུ་རིགས་གཞན་ལ་ཡང་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས་འདི་ཉིད་གསུངས་པ། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །ཞེས་གསུངས་པ་ལྟ་བུའོ། །པདྨའི་རིགས་ཀྱི་དབང་དུ་གསུངས་པ། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྦྲུལ་བའི་འཁོར་ལོ་སྣ་ཚོགས་འཆང༌། །ཞེས་གསུངས་པ་ལྟ་བུའོ། །རིན་པོ་ཆེའི་རིགས་ཀྱི་དབང་དུ་གསུངས་པ། སངས་རྒྱས་ཀུན་གྱི་སྤྲུལ་པའི་
སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་གསུངས་པ་ལྟ་བུའོ། །ལས་ཀྱི་དབང་དུ་བྱས་ཏེ་གསུངས་པ། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་གསུངས་པ་ལྟ་བུའོ། །འདི་ལྟ་བུའི་ཆེ་བའི་ཡོན་ཏན་ཡོངས་སུ་བགྲང་བ་ལས་འདས་པ་ནི་རྩིས་ལས་འདས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་མཆོག་ཏུ་གྱུར་བའི་ཡོན་ཏན་གང་ཞེ་ན། གང་དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་ནི་ཡོངས་སུ་མཐར་ཕྱིན་ཞིང་ཡོངས་སུ་དག་པ་ཕུལ་དུ་བྱུང་བ་སྟེ། འདི་ལྟར་འདི་ཉིད་དུ་གསུངས་པ། དབྱེར་མི་ཕྱེད་པའི་སྒོ་ནས་ཐུགས་རྗེས་ཁྱད་དུ་བྱས་པའི་ཡོན་ཏན་དང་མཉམ་པ་མེད་པའི་སྒོ་ནས་ཆེན་པོས་ཁྱད་པར་དུ་བྱས་པའི་ཡོན་ཏན་དང༌། དེ་བཞིན་རབ་མཆོག་དམ་པ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དུ་བྱས་པའི་ཡོན་ཏན་དང༌། དེ་བཞིན་དུ་གཙོ་བོ་དང་དབང་ཕྱུག་དང༌། བདག་པོ་དང་རྒྱལ་པོ་ལ་སོགས་པ་ཁྱད་པར་དུ་བྱས་པའི་ཡོན་ཏན་དང༌། གཞན་ཡང་མཐའ་དག་དང༌། ཀུན་དུ་ལུས་པ་མེད་པ་དང༌། རྟག་ཏུ་ལ་སོགས་པས་ཁྱད་པར་དུ་བྱས་པའི་ཡོན་ཏན་གྱི་སྒོ་ནས་བརྗོད་པ་རྣམས་ཏེ་འདི་ནི་མཆོག་ཏུ་གྱུར་པའི་ཡོན་ཏན་གྱི་རླབས་ཆེན་པོ་རྣམ་པ་གསུམ་པོ་འདི་དག་གིས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་འདུས་པར་ཤེས་པར་བྱའོ། །མཚན་ཡོན་ཏན་གྱི་དབང་དུ་བལྟས་ཏེ་བརྗོད་པའི་ཚུལ་རྫོགས་སོ།། །།
མཚན་གསང་སྔགས་ཀྱི་ཚུལ་བལྟས་ཏེ་བརྗོད་པའི་ཚུལ་བསྟན་པ།
ད་ནི་མཚན་གསང་སྔགས་ཀྱི་ཚུལ་དུ་བལྟས་ཏེ། བརྗོད་པའི་ཚུལ་བསྟན་པར་བྱ་སྟེ། དེ་ལ་འདིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཐབས་དང་ཤེས་རབ་ཟབ་མོའི་ཚུལ་ལ་མོས་ཤིང༌། གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ། རིག་སྔགས་དང་གསང་སྔགས་དང་ཡོངས་སུ་མཉེས་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒྲུབ་པར་འདོད་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པར་བྱ་བ་ལ་ཐབས་མཁས་པའི་སྤྱོད་པས་ཐབས་དང་ཤེས་རབ་དུས་གཅིག་ཏུ་ཟུང་དུ་འབྲེལ་པའི་ལམ་ཟབ་མོ་ལ་སྦྱར་བར་འདོད་པ་རྣམས་ཀྱིས་ཐོག་མ་ཉིད་དུ་ཐེག་པ་ཆེན་པོ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་ཡོངས་སུ་གཟུང་
བ་དང། དེས་བསྟན་པའི་གསང་བའི་དཀྱིལ་འཁོར་དུ་འཇུག་པ་དང༌། དེའི་དུས་སུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པར་གྱུར་བ་སོ་སོ་ཐར་བའི་སྡོམ་པ་ལས་གཞི་བླངས་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། རིག་པ་འཛིན་པའི་སྡོམ་པ་ཡང་བླངས་ནས། སྒྲུབ་ཐབས་ཀྱི་མན་ངག་ཀྱང་ཚུལ་བཞིན་དུ་མནོས་ཏེ། དེ་ཕྱིན་ཆད་ཀྱང་སྤྲོ་བ་མི་ལྷོད་པར་བརྩོན་པ་ལ་གནས་པས་རྣལ་འབྱོར་འདི་ལ་བརྩོན་པར་བྱའོ། །དེ་ལ་རྣལ་འབྱོར་གྱི་རིམ་པ་ནི་འདི་ཡིན་ནོ། །སྔགས་ཁང་དམ་གང་ཡང་རུང་བའི་གནས་སུ་རིན་པོ་ཆེ་འབུར་དུ་བརྐོས་པའི་སྟེགས་བུ་ཁྲུ་གང་པའམ། དེ་ལས་ལྷག་ཀྱང་རུང་བ་ལེགས་པར་བྱི་དོར་བྱས་ཏེ། དེར་འཕགས་པ་འཇམ་དཔལ་གྱི་སྐུ་གཟུགས་སམ། རི་མོའི་གཟུགས་འབྱོར་ན་བཞུགས་སུ་གསོལ་ལོ། །མེ་ཏོག་གི་གཅལ་དང༌། མཆོད་པའི་བྱེ་བྲག་ཀྱང་ཇི་ལྟར་འབྱོར་བ་བཞིན་བཞག་སྟེ་བདག་ཉིད་སྟན་བདེ་བ་ལ་འདུག་ནས། ཐོག་མ་ཉིད་དུ་ནང་པར་སྔར་ལངས་ནས་སྔར་སྡོམ་པ་མནོས་པ་རྣམས་ཞིག་པ་དང་མ་ཞིག་པ་བསམ་པར་བྱ། ཞིག་པར་གྱུར་པ་རྣམས་ནི་བཤགས་པར་རིགས་པའམ། སྔར་བླང་པའི་རིགས་པ་དག་དེ་བཞིན་དུ་བྱ་བར་བསམས་ལ། མ་ཞིག་པ་རྣམས་ནི་བརྟན་པར་བྱའོ། །དེ་ནས་དེ་ཉིད་ཀྱི་ཤུགས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། སྡོམ་པ་བརྟན་པོར་གཟུང་བ་དག་ཀྱང་འཕགས་པ་རྣམས་ཀྱི་སྤྱན་སྔར་བརྟན་པར་གཟུང་བར་བྱའོ། །དེ་ནས་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར་མངོན་པར་བྱང་ཆུབ་པའི་རིམ་པ་ལྔ་བསྒོམ་པར་བྱ་སྟེ། དེ་ལ་དང་པོ་རེ་ཞིག་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་སྦྱར་བར་བྱ་སྟེ། ཇི་ལྟར་མེ་ལོང་དག་པ་ལ། །གཟུགས་བརྙན་སོ་སོར་གསལ་བ་ལྟར། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུ་མཐུན་པ་བྱང་ཆུབ་ཀྱི་སེམས་ལ། སེམས་ཅན་གྱི་ཁམས་སྣ་ཚོགས་བ་གཟུགས་བརྙན་ལྟ་བུར་གསལ་བར་བལྟས་ནས། དེ་དག་གི་དོན་གྱི་ཕྱིར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྦྱར་བར་བྱ་སྟེ། ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །ཅེས་
སྨོས་ཏེ། ཆོས་ཐམས་ཅད་བདག་མེད་པ་མཉམ་པ་ཉིད་དུ་སྦྱར་བར་བྱའོ། །དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཎཱཾ་ཨཱདྱ་ནུ་ཏྤནྣ་ཏཱ་ཏ་ཅེས་བརྗོད་པས། ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་མཚན་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་གོང་དུ་བསྟན་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་བསྒོམ་པར་བྱའོ། །དེ་ནས་དེ་མ་ཐག་ཏུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་བ། རང་བཞིན་གྱིས་འོད་གསལ་བ་མི་དམིགས་པའི་སྙིང་རྗེ་དང་ལྡན་པ་རྗེས་སུ་མཐུན་པ་བསྒོམ་པར་བྱའོ། །དེ་ནས་ཡང་སེམས་ཅན་གྱི་དོན་དུ་བྱ་བ་དང་བྲལ་བ་རིགས་པ་མ་ཡིན་པ། སྔོན་གྱི་སྨོན་ལམ་དང་སེམས་ཅན་གྱི་དབང་ལས་གྱུར་པ། མི་དམིགས་པའི་སྙིང་རྗེ་ཆེན་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་མངོན་དུ་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་རྒྱུ་མཐུན་པའི་འབྲས་བུ་ཐབས་དང་ཤེས་རབ་བཟུང་དུ་འབྲེལ་པའི་མཚན་ཉིད་དེ་བཞིན་གཤེགས་པའི་མཛད་པ་ཉིད་ལ་མངོན་དུ་འཇུག་པར་བྱའོ། །ནམ་མཁའི་དེ་ཉིད་དུ་ནམ་མཁའི་དཀྱིལ་དུ་བུ་ཨཱ་ལི་དང་ཀཱ་ལིའི་བདག་ཉིད་སྒྱུ་འཕྲུལ་གྱི་ཚུལ་རང་བཞིན་གྱིས་འོད་གསལ་བ་སྐར་མ་དང་འདྲ་བ་བསམས་ཏེ། དེ་གྱུར་པ་ལས་ཡི་གེ་ཧཱུཾ་ཆེན་པོ་ཀུན་དུ་བཟང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན། ཁ་དོག་སྔོན་པོ་འོད་ཟེར་གྱི་ཕྲེང་བ་ཅན་ཁྲོ་བོ་འབར་བའི་ཕྲེང་བས་འཁྲིགས་པ་བསྒོམས་ཏེ། དེའི་འོད་ཟེར་གྱི་རྩེ་མོ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་སྤྲུལ་ཏེ་ཕྱོགས་ཐམས་ཅད་དུ་གཤེགས་ནས། སངས་རྒྱས་རྣམས་ཀྱི་སྤྲུལ་པས་དོན་གྱི་བྱ་བ་བྱས་ཏེ། སླར་ལོག་ནས་ཧཱུཾ་དེ་ཉིད་ལ་ཞུགས་པས། དེ་ལས་གྱུར་པས་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོར་གྱུར་པར་བྱས་པའོ། །དེ་ཡང་ཞབས་དྲུག་དང་ལྡན་པ། །ཁ་དོག་དང་ལྡན་པ། སྒོ་དྲུག་ལ་སངས་རྒྱས་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་དྲུག་གནས་པ། །དེ་འབར་བའི་གཟི་བརྗིད་ཀྱིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་པས་བདུད་ཐམས་ཅད་ཀྱི་གནོད་པས་མི་ཐུབ་པའི་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །
དེའི་བུམ་པའི་ནང་གི་ཡི་གེ་བྷྲཱུཾ་དམར་པོ་ལས་གྱུར་པའི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་མཆོད་རྟེན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་བསྒོམས་ནས། དེའི་ནང་དུ་ཡི་གེ་ཧྲཱིཿ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་པོ་འགྲེང་བུར་གནས་པ། དེའི་སྟེང་དུ་ཡི་གེ་ཨ་ལས་རྡོ་རྗེ་རྒྱ་གྲམ་དེས་ས་ས་གཞི་དཀར་པོར་བྱིན་གྱིས་བརླབ་པོ། །དེ་ལས་ཡི་གེ་བྷྲཱུཾ་ལས་རྡོ་རྗེ་ནོར་བུ་རིན་པོ་ཆེ་བརྩེགས་པའི་གཞལ་ཡས་ཁང་རྣམ་པར་བསྒོམ་པར་བྱའོ། །དེའི་མཚན་ཉིད་ནི་དཔལ་དེ་ཉིད་འདུས་པ་ལ་སོགས་པར་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྤྲོ་བར་བྱའོ། །དེའི་དབུས་ཀྱི་གདན་ལ་ཡི་གེ་ཨ་ལས་ཡོངས་སུ་བསྐྱེད་པའི་རྣམ་པར་སྣང་མཛད་ཆེན་པོ་སྐུ་མདོག་དཀར་པོ་ཀུན་དུ་ཞ་གྱི་མཚན་ཉིད་རལ་པའི་དབུ་རྒྱན་དང༌། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཏེ་དེ་ནི་གཞིའི་སངས་རྒྱས་སོ། །དེའི་ཐུགས་ཀར་ཡི་གེ་དྷཱིཿ་ལས་སྐྱེས་པའི་འཇམ་དཔལ་དང་པོའི་སངས་རྒྱས་ཞལ་ལྔ་གཙུག་ཕུད་དང་བཅས་པ་ཁ་དོག་ལྔ་དང་ལྡན་པ་སྟེ། ཤར་སྔོན་པོ། ལྷོ་སེར་པོ། ནུབ་དམར་པོ། བྱང་ལྗང་གུ། དབུ་སྟེང་ན་གནས་པའི་ཞལ་ཞི་བ་དཀར་པོ། །བྱིས་པའི་རྒྱན་གྱིས་བརྒྱན་པའོ། །འཇོ་སྒེག་དང་ལྡན་པ་སྣ་ཚོགས་ཀྱི་ན་བཟའ་མན་བས་པ། ཕྱག་བརྒྱད་པ་བཞིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གླེགས་བམ་བཞི་རུ་བགོས་ཏེ་ཐུགས་ཀར་འཛིན་པ། གཞན་གྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམ་པར་བྱའོ། །གདན་གྱི་སངས་རྒྱས་དང༌། འོག་ནས་སྟོན་པའི་ཡེ་ཤེས་སེམས་དཔའ་རྣམས་ནི་མོས་པའི་དབང་གིས་རིགས་སོ་སོར་བསྒྱུར་བར་བྱའོ་ཞེས་ཤེས་པར་བྱའོ། །དང་པོའི་སངས་རྒྱས་དེའི་ཐུགས་ཀར་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་སྟེ། དེ་ཡང་ཨ་ལས་བསྐྱེད་པ་ཁ་དོག་དྲུག་དང་ལྡན་པའི་རྩིབས་དྲུག་པ་ཕྱི་དང་ནང་དུ་མུ་ཁྱུད་བཞི་དང་ལྡན་པ་སྟེ། དེའི་ལྟེ་བའི་དཀྱིལ་དུ་ཡི་གེ་ཨ་བསམ་པར་བྱའོ། །དེའི་ཕྱི་རིམ་དུ་མུ་ཁྱུད་དང་པོ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྩ་བའི་གསང་སྔགས། ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ། སྭ་བྷཱ་བ་བི་ཤུདྡྷ་ཙྐྵུ་བཛྲ་ཨ་ཨཱ་ཨཾ་ཨཿ་རྣམས་དགོད་པར་བྱའོ།།
དེའི་ཕྱི་རོལ་གྱི་མུ་ཁྱུད་གཉིས་པ་ལ་སྒྲ་ཡིག་བཅུ་གཉིས་དགོད་པར་བྱའོ། །དེའི་ཕྱི་རོལ་གྱི་རྩིབས་རྣམས་ལ་ནི། །དང་པོ་ལ། ཨོཾ་བཛྲ་ཏཱི་ཀྵྞཱ་ཡ་ཏེ་ན་མཿ། གཉིས་པ་ལ། དུཿ་ཁ་ཙྪེ་ད་ཡ་ཏེ་ན་མཿ། གསུམ་པ་ལ། ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟི་ཡ་ཏེ་ན་མཿ། བཞི་པ་ལ། ཨོཾ་ཛྙཱ་ན་ཀཱ་ཡཱ་ཡ་ཏེ་ན་མཿ། ལྔ་པ་ལ། ཨོཾ་ཝཱ་གཱི་ཤྭ་ར་མུ་པཱ་དཱ་ཡ་ཏེ་ན་མཿ། དྲུག་པ་ལ་ཨ་ར་ཙ་ནཱ་ཡ་ཏེ་ན་མཿ། འཁོར་ལོའི་ཕྱི་རོལ་གྱི་མུ་ཁྱུད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྲེང་བའི་སྔགས། ཨཱ་ཨ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོམ་ཧཱུཾ་ཧྲཱིཿ་བྷ་ག་ཝཱ་ན། ཛྙཱ་ན་ཀཱ་ཡ། ཝཱ་གཱི་ཤྭར་མ་ཧཱ་བ་ཙ། སརྦ་དྷརྨ་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་ཡ། དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཕྱི་རོལ་གྱི་མུ་ཁྱུད་གཉིས་པ་ལ། ཀ་ཁ་ལ་སོགས་པ་སྭཱཧཱ་མཐར་ཐུག་པའི་ཡི་གེ་སུམ་ཅུ་གསུམ་དགོད་པར་བྱའོ། །མུ་ཁྱུད་བཞིའི་ཡི་གེ་ནི་ནི་ལ་དོག་དཀར་པོའོ། །རྩིབས་དྲུག་གི་ཡི་གེ་ནི་རིགས་དྲུག་གི་ཁ་དོག་གི་རིམ་པ་བཞིན་ནོ། །འཁོར་ལོའི་དབུས་ཀྱི་ཡི་གེ་ཨ་ལས་བསྐྱེད་པ་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་སྟོན་ཀའི་ཟླ་བའི་མདོག་ཨིནྡྲ་ནཱི་ལའི་མདོག་གི་གཙུག་ཕུད་ཉི་མ་འཆར་ཀའི་དཀྱིལ་ལྟར་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བ་དེ་བཞིན་གཤེགས་པ་ཐམས་ཅད་རྒྱན་གྱི་དངོས་པོའི་ཏིང་ངེ་འཛིན་དང་ལྡན་པ་ལས་པདྨའི་གདན་ལ་བཞུགས་པ། ཕྱག་གཉིས་ཀྱིས་ཨུཏྤལ་དམར་པོ་དང་སྔོན་པོ། །གཉིས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་གཉིས་གནས་པ་འཛིན་པ། ཞི་བའི་ཚུལ་དང་ལྡན་པར་བདག་ཉིད་བསམས་ཏེ། དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྒོམས་ནས། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རྐྱེན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བསྐྱེད་པའི་དངོས་པོ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་དངོས་པོ་དོན་དམ་པའི་ཡི་གེའི་འབྲུ་ཡི་གེ་ཐམས་ཅད་ཀྱི་རྐྱེན་ཡི་གེ་ཨ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་བསྟན་པའི་ཡི་གེ་དེ་ཐམས་ཅད་ཀྱི་རྐྱེན་ཡི་གེ་ཨ་བསྒོམ་པར་བྱའོ། །དེ་ནས་ཇི་སྐད་བསྟན་པའི་ཡི་གེ་དེ་རྣམས་ཀྱང་འོད་གསལ་བ་བསྒོམ་སྟེ། སྒྲིབ་པ་
ཐམས་ཅད་སེལ་བར་བྱེད་པའི་འོད་དེས་རང་གི་ལུས་ལ་སྣང་བར་བྱ་སྟེ། དེ་ཞལ་བཞི་ནས་བྱུང་ནས་མི་མཇེད་ཀྱི་འཇིག་རྟེན་སྣང་བར་བྱས། །དེ་ནས་རྡོ་རྗེ་སྒོ་དྲུག་ནས་འོད་ཟེར་བ་ཁ་དོག་དྲུག་ཏུ་བྱུང་སྟེ་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པས། སངས་རྒྱས་ཀྱི་ཞིང་ཀུན་དུ་སེམས་ཅན་གྱི་དོན་བྱས། །འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ཏེ་སྦར་ལོག་ནས་རྡོ་རྗེ་ལ་ལན་གསུམ་བསྐོར་བར་བྱས་ཞལ་དུ་བྱུང་སྟེ། ཤེས་རབ་ཡེ་ཤེས་དེ་དྲངས་ནས་ཆོས་བདག་མེད་པ་ཉིད་ཀྱིས་རང་གི་སྒོ་ནས་བཙུད་ནས་རང་གི་སྙིང་གའི་ཟླ་བར་གནས་པའི་སྔགས་ཀྱི་ཡི་གེ་དང་གཅིག་ཏུ་གྱུར་ནས་གནས་པར་བསྒོམ་པར་བྱའོ། །དེ་ཡང་དམིགས་པ་གསུམ་གྱི་སྒོ་ནས་རྗེས་སུ་དྲན་པར་བྱ་སྟེ། འདི་ལྟར་ཡེ་ཤེས་ཀྱི་སྐུའི་སྒོ་ནས་དམིགས་པ་དང༌། ཟླ་བའི་དཀྱིལ་འཁོར་གྱི་སྒོ་ནས་དམིགས་པ་དང༌། ཡི་གེ་ཨའི་སྒོ་ནས་དམིགས་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་དང་ལྷན་ཅིག་ཏུ་གནས་པ་ཡང་མངོན་དུ་བྱས་ནས་མཚན་བརྗོད་པར་བྱའོ། །རིགས་སོ་སོར་ཕྱེ་བའི་འཁོར་ལོ་རྣམས་འདི་མ་བཤད་དོ། །དེ་ལྟར་མཚན་བརྗོད་པ་ལ་ཞུགས་ཏེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་བྱ་བ་ནས། ཡ་ཏེ་ན་མཿ། ཞེས་བྱ་བའི་ཏིང་ངེ་འཛིན་དེ་ཉིད་ཀྱིས་གདོན་པར་བྱ་སྟེ། དམིགས་པ་གཞན་བསམ་མི་དགོས་སོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ནས་བཟུང་སྟེ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱ་བའི་བར་དུ་མཚན་གྱི་སྔགས་ཀྱི་ཚིག་རྣམས་བརྗོད་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གཏོགས་པའི་རྩ་བའི་ལྷ་སུམ་ཅུ་རྩ་བདུན་བསྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་བཅས་པ་རང་རང་གི་སྐུ་མདོག་དང་ཕྱག་མཚན་དུ་བཅས་པ་རྣམས་བྱུང་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྤྲོས་ནས་མཛད་པ་ཉེ་བར་བསྒྲུབས་ཏེ། སླར་ལོག་ནས་རིག་པ་ཇི་ལྟ་བ་བཞིན་དུ་འགྱུར་ཏེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རང་རང་གི་གནས་སུ་རང་གི་གདན་ལ་བཞུགས་པ་བསྒོམ་པར་བྱའོ། །དེ་ནས། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་
པ་ཆེ། །ཞེས་བྱ་བའི་བར་དུ། ཚིགས་བཅད་ཉི་ཤུ་རྩ་ལྔར་རྐང་པ་གཅིག་གིས་མ་ཚང་བ་བརྗོད་པས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ཨ་ལས། མཚན་གྱི་སྔགས་ཀྱི་ཡི་གེ་བརྒྱ་བརྒྱད་བཅུ་རྩ་གཅིག་རྣམས་སྤྲོས་ཏེ། དེ་དག་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པའི་སྐུ་མདོག་དཀར་པོ་འཁོར་ལོ་དང་རལ་གྲི་ལ་སོགས་པ་འཛིན་པར་འགྱུར་པ་བྱུང་སྟེ། ཕྱུང་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ནས། རང་གི་རྣམ་པར་ཐར་པའི་སྒོ་ནས་གཏི་མུག་ལ་གནས་པའི་སེམས་ཅན་རྣམས་རྣམ་པར་དག་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་སྣང་བར་བྱས་ནས་ཡང་ཕྱིར་ལོག་སྟེ་མཚན་གྱི་སྔགས་ཀྱི་ཡིག་འབྲུ་རྣམས་སུ་གྱུར་ནས། དཀྱིལ་འཁོར་ཆེན་པོ་རྩ་བའི་ལྷ་སུམ་ཅུ་རྩ་བདུན་ལ་མཚན་གྱི་སྔགས་ལྔ་ཐིམ་སྟེ་གནས་པར་མངོན་དུ་བྱའོ། །དེ་ནས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱ་བའི་བར་དུ། ཚིགས་བཅད་བཅུར་རྐང་པ་གཅིག་གིས་ལྷག་པར་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་སྔགས་བདུན་ཅུ་རྩ་གཅིག་འཕྲོས་པས། འཇིག་རྟེན་གསུམ་གྱི་གདུག་པ་འདུལ་བའི་དོན་དུ་རྒྱུད་ཐམས་ཅད་ལས་གསུངས་པའི་རྡོ་རྗེ་ཁྲོ་བོའི་ཚོགས་རབ་ཏུ་འབར་བའི་ཞལ་མི་བཟད་པ་དང་ལྡན་པ། རྡོ་རྗེ་འབར་བ་མེ་འབར་བས་ཕྱག་མཚན་པ། དུ་མའི་མདོག་དང་རྒྱན་དང་གོས་གྱོན་པའི་ཁྲོ་བོའི་སྐུ་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བ་ཐམས་ཅད་གདུལ་བར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་སྣང་བར་བྱས་ཏེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ་དཀྱིལ་འཁོར་བ་གཉིས་པ་ལ་མཚན་གྱི་ཡི་གེའི་ཚོགས་བདུན་ཅུ་རྩ་བདུན་གཅིག་རྣམས་རང་རང་གི་རིགས་དང་ཁ་དོག་དང་གཟུགས་རྣམས་སུ་གྱུར་ནས། དེ་ལྟ་བུའི་རིམ་པས་གནས་པར་བསམ་མོ། །དེ་ཡང་བཅུ་བཞི་ཕྲག་ལྔར་བགོས་ཏེ་རིགས་ལྔའི་བདག་ཉིད་ཀྱིས་གནས་པར་མོས་པར་བྱའོ། །དེ་ནས། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ནས། ཡེ་ཤེས་མེ་ལྕེ་འོད་འབར་གསལ།
ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་སྔགས་ཡི་གེ་ཉིས་བརྒྱ་བདུན་ཅུ་རྩ་ལྔར་ཕྱུང་སྟེ། དེ་ཡང་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྤྲུལ་པས་སེམས་ཅན་ལ་ཇི་ལྟར་འཚམ་པ་བཞིན་དུ། ཁ་ཅིག་ལ་ཚངས་པ་ལ་སོགས་པའི་གཟུགས་ཀྱིས། །ཁ་ཅིག་ལ་ཉན་ཐོས་ལ་སོགས་པའི་གཟུགས་ཀྱིས། །ཁ་ཅིག་ལ་ཉན་ཐོས་ལ་སོགས་པའི་གཟུགས་ཀྱིས། །ཁ་ཅིག་ལ་བྱང་ཆུབ་སེམས་དཔའ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། དེ་བཞིན་དུ་ཁ་ཅིག་ལ་བུམ་པ་བཟང་པོ་དང་སྨན་ཆེན་པོ་ལ་སོགས་ཏེ། གཡོ་བ་དང་མི་གཡོ་བའི་དངོས་པོ་རྣམས་སུ་སྤྲུལ་ནས་སངས་རྒྱས་ཀྱི་མཛད་པ་བྱས་ཏེ། རང་གི་རྣམ་པར་ཐར་པའི་སྒོ་ནས་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་གྱི་དོན་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡང་སྣང་བར་བྱས་ཏེ་སླར་ལོག་ནས། སྔགས་ཀྱི་ཡི་གེའི་ཚོགས་རྣམས་སུ་གྱུར་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རིམ་འཁོར་ལོ་གསུམ་པ་ཇི་ལྟ་བུའི་རིམ་པས་རྣམ་པར་ངས་པ་མངོན་དུ་བྱའོ། །རིགས་ཀྱི་དབྱེ་བས་ནི་རིགས་རེ་རེ་ལ་མཚན་གྱི་སྔགས་ཀྱི་ཡི་གེའི་ཚོགས་ལྔ་བཅུ་རྩ་ལྔར་སྦྱར་བར་བྱའོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་བྱ་བ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་བྱ་བའི་བར་དུ་ཚིག་བཅད་ཉི་ཤུ་རྩ་བཞི་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་སྔགས་ཀྱི་ཚིག་བརྒྱ་ཉི་ཤུ་རྩ་བཞི་ཕྱུང་སྟེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་གྱིས་ཕྱོགས་བཅུ་མཐའ་ཡས་པར་གཤེགས་ནས། རང་གི་རྣམ་པར་ཐར་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་སེར་སྣ་བཅོམ་པ་དང༌། སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་སྣང་བར་བྱས་ཏེ། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་བཞི་པ་ལ་རང་རང་གི་ཁ་དོག་གི་ཡི་གེ་རྣམས་སུ་གྱུར་ཏེ་གོ་རིམས་ཇི་ལྟ་བ་བཞིན་རྣམ་པར་གཞག་གོ །འདིར་རིགས་ཀྱི་དབྱེ་བ་ནི་རིགས་རེ་རེ་ལ་མཚན་ཉི་ཤུ་རྩ་ལྔ་ལྔར་སྦྱར་བར་བྱའོ། །དེ་ནས། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཞེས་བྱ་བ་ནས།
འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅོ་ལྔ་བརྗོད་པས། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས་མཚན་གྱི་སྔགས་ཀྱི་ཚིགས་དགུ་བཅུ་རྩ་ལྔ་བྱུང་སྟེ། བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ཚུལ་གྱིས་སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དང༌། རང་གི་རྣམ་པར་ཐར་པའི་སྒོ་ནས་སེམས་ཅན་རྣམས་ཀྱི་ལེ་ལོ་མེད་པར་བྱས་ཏེ། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཡང་གསལ་བར་བྱས་ནས། སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་ལྔ་པ་ལ་ཇི་ལྟ་བའི་རིམ་པར་རྣམ་པར་གནས་པར་བྱའོ། །རིགས་ཀྱི་དབྱེ་བ་ནི་འདིར་རིགས་རེ་རེ་བཅུ་དགུ་ཡིན་ནོ། །རིགས་ཀྱི་དབྱེ་བ་འདི་ནི་སྤྲུལ་པ་སྤྲོ་བའི་དུས་ན་ཡང་འདི་ལྟ་བུའི་དབྱེ་བ་སྤྲོ་བ་ཡིན་ཏེ། སླར་བསྡུས་ཏེ་འཁོར་ལོར་བཀོད་པའི་དུས་ན་ཡང་རིགས་ཀྱི་རིམ་པས་གནས་པའོ། །དེ་ནས་མཆོག་སྤྱིན་རྡོ་རྗེ་ལ་སོགས་པའི་བསྟོད་པ་བྱའོ། །ཨོཾ་སརྦ་དྷརྨཱ་ལ་སོགས་པའི་སྔགས་ནི་གོང་དུ་བཀོད་པ་ཉིད་དོ། །དེ་ནས་ལ་སོགས་པ་ནི་རྗེས་སུ་ཡི་རང་བའི་བསྟོད་པ་གཅིག་ཡོན་ཏན་བརྗོད་པ་རྣམས་ཀྱང་བརྗོད་པར་བྱ་བ་ཡིན་ནོ། །དེ་ནས་ཅུང་ཟད་ཡིད་བརྟན་པར་བྱས་ནས། གོང་དུ་ཇི་ལྟར་འབྱོར་པ་བཞིན་ཉེ་བར་བ་སོགས་པའི་མཆོད་པའི་ཚིག་དབུལ་བར་བྱའོ། །བཤགས་པ་དང་འདོད་པའི་དོན་ལ་གསོལ་བ་གདབ་པར་ཡང་བྱ་སྟེ། བྱ་བ་རྫོགས་ནས། དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དེ་དག་ཀྱང་རིམ་པ་བཞིན་དུ་འདུས་ཏེ། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལ་བསྡུ་བར་བྱའོ། །དེ་ནས་ལུས་བསྲུང་བ་ཡང་བྱ་སྟེ་ཅི་བདེར་གནས་པར་བྱའོ། །ཚུལ་འདི་ནི་ཡོངས་སུ་རྒྱས་པའི་བསམ་གཏན་ཡིན་ཏེ། ཤིན་ཏུ་ཡོངས་སུ་རྒྱས་པ་ནི་འཁོར་ལོ་བདུན་བསྒོམ་པའི་ཚུལ་ཡིན་ནོ། །བསམ་གཏན་འདི་ནི་མོས་པ་དང་བརྩོན་འགྲུས་དང༌། བློ་གྲོས་དང་ལྡན་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རྒྱ་ཆེ་བ་སྟེ། འདིར་མི་ནུས་པའི་གང་ཟག་མོས་པའམ་བརྩོན་འགྲུས་སམ། བློ་གྲོས་དམན་པ་རྣམས་ཀྱི་ཕྱིར་བསམ་གཏན་བསྡུས་པ་བསྟན་པར་བྱའོ། །དེ་ནས་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པར་འདོད་པ་རྣམས་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་མཚན་བརྗོད་པའི་སྒོ་ནས་བསོད་ནམས་ཡེ་ཤེས་འཕེལ་
བར་བྱ་བ་དང༌། དངོས་གྲུབ་ཉེ་བར་བྱ་བ་དང༌། སེམས་ཅན་གྱི་དོན་བྱ་བའི་འདོད་པ་ཡོད་ལ། ཇི་སྐད་བསྟན་པའི་བསམ་གཏན་རྒྱ་ཆེ་བ་ལ་ནི་ནུས་པའི་སྤྲོ་བ་མེད་པ་རྣམས་ཀྱིས་སྡོམ་པ་གཟུང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱད་པའི་རྗེས་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་མཚན་བརྗོད་པར་བྱའོ། །དེ་ནས། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱཻ། ཨོ་ཨཽ། ཨཾ་ཨཿ། ཞེས་བརྗོད་པས། ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་རང་བཞིན་གྱིས་འོད་གསལ་བར་བསྒོམ་མོ། །དེ་ནས་སྠི་ཏོ་ཧྲྀ་དི་ཛྙཱ་ན་མུའུརྟི་ར་ཧཾ། བུདྡྷོ་བུདྡྷཱ་ནཱཾ། ཏྲྱ་དྷཱ་བརྟཱི་ནཱཾ། ཞེས་བརྗོད་ནས། ད་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐུགས་ལ་གནས་པ་སྟེ། ཡེ་ཤེས་སྐུ་ཡི་སངས་རྒྱས་སོ། །ཞེས་ཆོས་ཀྱི་སྐུའི་ང་རྒྱལ་དུ་གནས་པར་བྱའོ། །དེ་ནས་བཛྲ་ཏཱིཀྵྞ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པས། བཅོམ་ལྡན་འདས་རིགས་དྲུག་གི་རང་བཞིན་ཅན་ཕྱག་རྒྱ་ཆེན་པོ་མཚན་ཉིད་ཀྱི་སྐུ་རབ་ཏུ་བསྒོམས་ཏེ་དེའི་ཐུགས་ཀར། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་བྱ་བ་ཀུན་དུ་བཟང་པོའི་བྱང་ཆུབ་སེམས་འབྲས་བུའི་ངོ་བོ། །སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པ་དེ་ཉིད་དེ་ལྟར་གྱུར་པར་བྱའོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་པས་གཡས་གཡོན་ནམ་བརྩེགས་མ་ཇི་ལྟར་བདེ་བར་བསྒོམ་མོ། །དེ་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བའི་བར་དུ་བརྗོད་པས། ཉི་མ་དང་ཟླ་བ་དེ་དག་རེ་རེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རྐྱེན། འཕགས་པའི་ཚོགས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་གཞི། ཡིག་འབྲུ་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ཨ་རེ་རེ་བསམས་ཏེ་དེ་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །བྱ་བ་ལ་སོགས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་དུ་བརྗོད་པས་སྔགས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་ཨ་དེ་དག་ལས་མཚན་གྱི་གསང་སྔགས་ཀྱི་ཡི་
གེའི་ཚོགས་རྣམས་ཀྱི་འོད་ཟེར་རབ་ཏུ་འཕྲོས་པས་བདག་ཀྱང་རབ་ཏུ་སྣང་བར་བྱེད། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ན་གནས་པའི་སེམས་ཅན་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཡང་སྣང་བར་བྱེད་པ་བསྒོམ་པར་བྱའོ། །དེ་ནས་མཆོག་སྤྱིན་རྡོ་རྗེ་མཆོག་ཁྱོད་ཅེས་བྱ་བ་ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བའི་བར་ནི་རིགས་དྲུག་གི་རང་བཞིན་བཅོམ་ལྡན་འདས་ལ་བསྟོད་པའི་བསམ་པས་བརྗོད་པར་བྱའོ། །ཨོཾ་སརྦ་དྷརྨཱ་ཞེས་བྱ་བ་ལ་སོགས་པ་ནས། ཨ་ཨཱ། ཨཾ་ཨ། ཞེས་བྱ་བའི་བར་གྱི་གསང་སྔགས་བརྗོད་པ་ནི། བཅོམ་ལྡན་འདས་ཀྱི་རྩ་བའི་གསང་སྔགས་ཏེ། དེ་བཟླས་པས་ནི་རྩ་བའི་གསང་སྔགས་བཟླས་བརྗོད་བྱས་པའི་ཚུལ་གྱིས་བསྙེན་པར་གྱུར་པའི་བསམ་པས་བརྗོད་པར་བྱའོ། །པྲ་ཀྲྀ་ཏ་པ་རི་ཤུདྡྷ་ཞེས་བྱ་བ་ནས་མུ་པ་ད་ན་ཡ་ཞེས་པའི་བར་གྱིས་བརྗོད་པ་ནི། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་ཡོངས་སུ་གཟུང་བར་དམ་བཅའ་ཞིང་ཁས་ལེན་པའི་ཚིག་སྟེ་དེ་བས་ན་དེ་དག་བརྗོད་ཅིང་དེ་བཞིན་དུ་ཡོངས་སུ་གཟུང་ངོ་སྙམ་དུ་ཡིད་ལ་བསམ་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཞེས་བྱ་བ་ནས། ཛྙཱ་ན་ག་རྦྷ་ཨཱཿ་ཞེས་བྱ་བའི་གསང་སྔགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བའི་སྔགས་ཡིན་ཏེ། དེ་བས་ན་དེ་བརྗོད་ཅིང་ཕྲེང་བའི་སྔགས་བཟླས་བརྗོད་བྱ་བའི་སྒོ་ནས་བསྙེན་པ་བྱའོ། །དེ་ནས་འབྱོར་ན་མཆོད་པ་ཡང་དབུལ་ཏེ། འདོད་པའི་དོན་གསོལ་ནས། ལྷའི་ཏིང་ངེ་འཛིན་ཡང་སྐྱེ་བ་མེད་པའི་དང་དུ་བསྡུས་ཏེ་ལྡང་བར་བྱའོ། །མཇུག་ཏུ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་རྗེས་སུ་ཡི་རང་བས་བསྟོད་པ་དང༌། ཡོན་ཏན་གྱི་ཚོགས་བརྗོད་པ་ནི་བསམ་གཏན་གྱི་ཡུལ་དུ་གསུངས་པ་མ་ཡིན་ཏེ། བརྗོད་པ་ནི་གང་ཟག་རྣམས་ཀྱི་ཕན་ཡོན་ཞེས་བྱའོ། །དེ་ཉིད་དང་བརྗོད་པར་བྱ་བ་ཡིན་ཏེ། བསོད་ནམས་ཚོགས་ཐོབ་པའི་ཕྱིར་མཚན་གསང་སྔགས་ཀྱི་ཚུལ་བསྟན་པ་རྫོགས་སོ།། །།
མཚན་གཉིས་སུ་མེད་པའི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ།
དེ་ལ་མཚན་གཉིས་སུ་མེད་པའི་དོན་དུ་བལྟས་ཏེ་བརྗོད་པའི་ཚུལ་གང་ཞེ་ན། འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཐེག་པ་
ཆེན་པོའི་དོན་ཚུལ་ཟབ་མོའི་སྒོ་ནས་སྤྱོད་པར་འདོད་ཅིང༌། བདག་ཉིད་སྒྲིབ་པ་ཐམས་ཅད་མྱུར་དུ་བྲལ་བར་འདོད་པ་དང༌། ཇི་ལྟར་མེ་ལོང་དག་པ་ལ། །གཟུགས་བརྙན་ཐམས་ཅད་སྣང་བ་བཞིན། །སེམས་ཅན་རྣམས་ཀྱི་དོན་དུ་སངས་རྒྱས་ཀྱི་ཆོས་སྣ་ཚོགས་སྣང་བར་འདོད་པས། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་མངོན་པར་བརྗོད་ཅིང་ནན་ཏན་དུ་བརྗོད་པའི་སྒོ་ནས། གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བྱའོ། །དེ་ཇི་ལྟར་མཚན་བརྗོད་པས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང༌། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སོགས་པ་གསུངས་པ་ཐམས་ཅད་ཀྱང༌། ཕན་པ་དང་བདེན་པ་སྟོན་པ་ཁོ་ན་ཙམ་ཡིན་པས་ཤེས་པར་བྱའོ། །དེ་ཡང་ཕན་པའི་བདེན་པའི་དབང་གིས་འགྲུབ་པ་ཡིན་ལ། བདེན་པ་ཡང་ཕན་པས་ན་བདེན་པ་འགྲུབ་སྟེ། ལས་དང་བྱ་བ་ཡིན་ཏེ། དེ་སྟོན་པ་ནི་མཚན་ཡང་དག་པར་བརྗོད་པའི་གཞུང་གི་ཚོགས་ཡིན་ཏེ་དེ་ལ་ཉེ་བར་བསྟན་པ་ནི། དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་བྱ་བ་འདི་ཡིན་ནོ། །ཟག་པ་ལྔ་ཟད་པར་ཡང་རྒྱུ་དང་འབྲས་བུའི་སྒོ་ནས་ཟུང་དུ་བཞག་པ་སྟེ། དེ་ལ་རྒྱུའི་ཟག་པ་ལྔ་ཟད་པས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཞེས་པའོ། །འབྲས་བུའི་ཟག་པ་ལྔ་ཟད་པ་ནི། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་པ་སྟེ་དེ་ལ་ཡི་གེ་ལྔ་ནི་ཟག་པ་ཟད་པ་ཤེས་པ་ཡིན་ལ་དྲུག་པ་ནི་མི་སྐྱེ་བ་ཤེས་པ་ཡིན་ནོ། །བདེ་བའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་སྐྱེ་བའི་སྐད་ཅིག་མ་བཞིར་བསྡུས་པའི་དེ་བཞི་པོའི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་པ་ནི། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་གསུངས་ཏེ། བཅུ་དྲུག་ནི་ཡེ་ཤེས་ཀྱི་ཟླ་བའི་ཆ་དྲུག་གོ །དེའི་ཕྱེད་ཕྱེད་ནི་བཞི་སྟེ་བདེ་བའི་ཡེ་ཤེས་སྐྱེ་བའི་སྐད་ཅིག་མ་བཞིའོ། །ཐིག་ལེའི་ཆ་ནི་བཞི་སྟེ། གཡོ་བ་མེད་པའི་ཡེ་ཤེས་སོ། །དེ་ཉིད། བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་
ཀྱང་བྱའོ། །ཚིག་འདི་དག་གི་སྐབས་སུ་ཐ་སྙད་ཀྱི་ཡི་གེ་དང༌། ལྔ་དང་དྲུག་དང་བརྒྱད་དང་བཅུ་དྲུག་ཕྱེད་ཕྱེད་ཀྱི་ཟླ་ཚེས་དང༌། ཐིག་ལེ་དང་ན་རོ་རྣམས་སུ་བཤད་པ་ནི་སྒྲ་བཞིན་དུ་བཤད་པར་ཤེས་པ་སྟེ་ཚོགས་བཤད་པའི་ཚུལ་ཡིན་ནོ། །འདི་ལྟ་བུའི་མན་ངག་གི་བཤད་པ་ཡིན་པས། རེ་ཞིག་འཇུག་པའི་སྒོ་ཤེས་པར་བྱ་བའི་ཕྱིར་སྒོ་ཙམ་སྨྲས་ཀྱིས། འདི་ལེགས་པར་བསྒྲུབ་པའི་ཚུལ་ནི་དབང་བསྐུར་བསྒྲུབ་པ་ཡིན་ཏེ། འདི་ནི་མན་ངག་རྣ་བ་བརྒྱུད་དུ་བསྟན་པར་བྱ་བ་ཡིན་ལ་བདག་གིས་མ་བྲིས་སོ། །ཚུལ་འདི་ནི་ཐབས་དང། ཤེས་རབ་ཆེན་པོ་གཟིགས་པ་འབྲས་བུ་ནས་བཟློག་སྟེ་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་པའི་ཚུལ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདིས་བསྟན་པ་ཡིན་ནོ་ཞེས་འདོད་དོ། །དེའི་ཚུལ་ལ་ཨ་ཨཱ། ཞེས་བྱ་བ་ནས་བཟུང་ནས་འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་གྱི་གཞུང་གི་ཚོགས་ཀྱིས་ནི་ཡེ་ཤེས་དྲུག་བསྟན་ཏོ། །ཡེ་ཤེས་དྲུག་གིས་ནི་གཉིས་སུ་མེད་པའི་ཡེ་ཤེས་བསྟན་ཏོ། །གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་དམ་པའི་ཡི་གེ་ཡིན་ཏེ་ཟག་པ་ལྔ་ཟད་པ་དང༌། མི་གཡོ་བའི་བདེ་བ་ཐོབ་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་ཡིན་ཏེ། དེ་ལྟར་དེ་སྟོན་ཅིང་སྒྲུབ་པའི་གཞུང་གི་ཚོགས་ཡིན་ནོ་ཞེས་འདོད་དོ། །དེ་ལ་མཉམ་པ་ཆེན་པོའི་བློས་རྒྱུ་འབྲས་ཀྱི་སྒོ་དབྱེར་མེད་པ་རང་བཞིན་གྱིས་འོད་གསལ་བ་ལྷུན་གྱིས་གྲུབ་པར་བྱ་བའི་ཚུལ་གང་ཞེ་ན། འདི་ལ་རྣལ་འབྱོར་ཅན་གང་ལ་ལ་དག་མཉམ་པ་ཆེན་པོའི་སྒོ་ནས་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་རང་བཞིན་གྱིས་འོད་གསལ་བའི་འབྲས་བུའི་ཆོས་ལྷུན་གྱིས་གྲུབ་པ་རྟོགས་ཤིང་རྒྱུ་བསྒྲུབས་པས་འབྲས་བུ་འབྱུང་བའི་དུས་ལ་ལྟོས་པ་མེད་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཆོས་སུ་གྲགས་པ་རྣམས་ལ་བླང་བ་དང་དོར་བ་མེད་ཅིང༌། དོན་དམ་པ་དང་ཀུན་རྫོབ་ཏུ་དབྱེ་བ་མི་འབྱེད་པ་ལ། རྒྱུ་དང་འབྲས་བུའི་ཚུལ་དུ་ཡང་འབྱེད་པ་མི་འབྱེད་པ་དང་སེམས་དང་སེམས་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ཀྱང་འཇམ་དཔལ་རྡོ་རྗེའི་
རང་བཞིན་དུ་རྫོགས་ཏེ་བསམ་དུ་མེད། བཅོལ་དུ་མེད་པ། བསྒྲུབ་དུ་མེད་པའི་དང་དུ་རྩོལ་བ་མེད་པར་ལྷུན་གྱིས་རྫོགས་པར་གནས་པར་འདོད་པ་རྣམས་ཀྱིས་ཐོག་མ་ཉིད་དུ་དགེ་བའི་བཤེས་གཉེན་དམ་པ་ལས་མཉམ་པ་ཆེན་པོའི་ལུང་ཚུལ་བཞིན་དུ་མནོས་ཏེ་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་རྟོགས་ཤིང་གོམས་པར་བྱའོ། །ཡིད་ཆེས་པའི་དད་པ་བསྐྱེད་པར་བྱའོ། །དེའི་སྟོབས་ཀྱིས་ཆོས་གཉིས་སུ་མེད་པ་དང་མཐུན་པའི་དད་པ་དང༌། བརྩོན་འགྲུས་དང་དྲན་པ་དང༌། ཏིང་ངེ་འཛིན་དང་ཤེས་རབ་རྣམས་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེའི་སྟོབས་ཀྱིས་བདག་གི་ལྟ་བ་ལྡོག །བདག་ཏུ་མི་ལྟ་ན་རྣམ་པར་མི་རྟོག་གོ །དེའི་དབང་གིས་མཚན་མར་མི་འཛིན་ཅིང་ཉམས་སུ་མི་མྱོང་མངོན་པར་མི་ཞེན་ནོ། །དེའི་དབང་གིས་མི་ཆགས་མི་ལེན་ཏེ་དེ་ལྟར་ན་སྡུག་བསྔལ་མངོན་པར་སྦྱོར་གནས་མེད་དོ། །དེ་བས་ན་ཆོས་གཉིས་སུ་མེད་པའི་གོམས་པར་བྱས། ཡང་དང་ཡང་དུ་གོམས་པར་བྱས་པས་ནི་ཟག་པ་མ་ལུས་པ་བྱང་བར་འགྱུར་ཏེ་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དུ་འགྱུར་རོ། །དེ་བསྐྱེད་པའི་ཐབས་བདེན་པ་གང་ཡིན་པ་དེ་ཕན་པ་ཡིན་ནོ། །སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ཇི་ལྟར་ན་ཕན་པའི་བདག་ཉིད་ཅན་ཡིན། ཕན་པ་གང་ཡིན་པ་དེ་བདེན་པ་ཡིན་ན་མུ་སྟེགས་ལེགས་སྐྱོང་གི་རིག་བྱེད་ཀྱི་ཕན་པ་ལྟ་བུ་ཇི་ལྟར་བདེན་པ་ཡིན་ཞེ་ན། དེ་ལ་སྨྲས་པ། དེ་བཞིན་གཤེགས་པས་གསུངས་པའི་ཕན་པ་གང་ཇི་སྙེད་པ་ནི་བདེན་པ་ཡིན་ཏེ་བདེན་པ་ལ་ཕན་པ་ཡང་དེ་བཞིན་ནོ། །འདི་ལྟར་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ནི་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་ལ་སོགས་པའི་རྣམ་པ་བདེན་པར་གསུངས་པ་ཡིན་ལ། དེ་ལ་དེ་ལྟར་དམིགས་ཤིང་གོམས་པར་བྱས་པ་ནི་ཕན་པར་འགྱུར་རོ། །གནོད་པའི་མཚན་ཉིད་ནི་རྟག་པ་དང༌། བདེ་བ་དང་བདག་ལ་སོགས་པའི་རྣམ་པར་བལྟས་པ་ཡིན་ཏེ། མི་བདེན་པའི་ཕྱིར་བསླུས་པ་ཞེས་བྱའོ། །མུ་སྟེགས་ལེགས་སྐྱོང་རྣམས་ཀྱི་ཕན་པ་ནི། དེ་བཞིན་གཤེགས་པས་གསུངས་པའི་ཕན་པར་གྲགས་པ་ཡང་མ་ཡིན་ཏེ། འོན་ཀྱང་ཕན་པ་དེ་ཡང་བདེན་པའི་མདོ་
ལས་འདས་པ་ཡང་མ་ཡིན་ནོ། །ཡང་རྒལ་བ། དེ་ལྟར་གྲུབ་པས་མཚན་ཡང་དག་པར་བརྗོད་པ་གཉིས་སུ་མེད་པའི་དོན་བརྗོད་པ་ལ་ཛི་ལྟར་ཕན་པར་འགྱུར་ཞེ་ན། དེ་ལ་སྨྲས་པ། དེ་འདི་ལྟར་རྒྱལ་བ་རྣམས་ཀྱི་བཀའ་མཐའ་དག་ཕན་པ་དང་བདེན་པ་སྟོན་པ་ཁོ་ན་ཙམ་ཡིན་ལ། ཕན་པ་དང་བདེན་པ་སྟོན་པ་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཡིན་ཏེ། ཡོན་ཏན་ཐམས་ཅད་བསྟན་པ་ཡང་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་འདི་ཡིན་ནོ། །དེ་བས་ན་ཡོན་ཏན་ཐམས་ཅད་ཀྱང་ཕན་པ་དང་བདེན་པ་སྟོན་པ་ཙམ་ཡིན་ལ་ཕན་པ་དང་བདེན་པ་ཡང་བདག་ཉིད་གཅིག་པའི་ཕྱིར་གཉིས་སུ་བསྟན་དུ་མེད་དོ། །ཕན་པ་དང་བདེན་པ་ཐམས་ཅད་ཀྱི་དངོས་གཞི་དང་སྙིང་པོར་གྱུར་པ་ཡང་ཆོས་གཉིས་སུ་མེད་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་མཚན་གང་ཅི་བརྗོད་ཀྱང་རུང་སྟེ། དེ་དག་ཐམས་ཅད་ཀྱི་བརྗོད་བྱ་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལྟར་ན་གཉིས་སུ་མེད་པའི་དོན་ཁོང་དུ་ཆུད་ཅིང་ཡོངས་སུ་གྲུབ་པར་བྱ་བའི་ཕྱིར་མཚན་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ། །དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བ་ཡང༌། ཚུལ་འདི་ཉིད་ལས་གསུངས་པ་ཡིན་ནོ། །དེ་ལ་ཆོས་གཉིས་སུ་མེད་པ་རྒྱུད་ལ་བསྐྱེད་པའི་དོན་དུ་མཚན་བརྗོད་པ་གཅིག་མོད་ཀྱི་གདུལ་བྱའི་དབང་གིས་སྒོ་ཐ་དད་དེ། དེ་བས་ན་འདིར་སྒོ་གསུམ་དུ་ཤེས་པར་བྱའོ། །གསུམ་གང་ཞེ་ན། ཆོས་གཉིས་སུ་མེད་པར་རྟོགས་པས་གང་ཟག་གི་རྒྱུ་མི་སྐྱེ་བར་བྱ་བའི་ཚུལ་དང༌། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་ཟབ་པའི་འབྲས་བུ་ཟག་པ་ཟད་པ་བཟློག་པས་རྒྱུ་དང་བཅས་པ་བཟློག་པར་གྱུར་པ་བསྟན་པའི་ཚུལ་དང༌། མཉམ་པ་ཆེན་པོའི་བློས་རྒྱུ་འབྲས་ཀྱི་སྒོ་དབྱེར་མེད་པར་རང་བཞིན་གྱིས་འོད་གསལ་བའི་བསམ་པ་ལྷུན་གྱིས་གྲུབ་པར་བྱ་བའི་ཚུལ་ལོ། །དེ་ལ་རྒྱུ་ཟད་པར་བྱ་བའི་ཆོས་ནི། མཚན་བརྗོད་པས་ཆོས་གཉིས་སུ་མེད་པའི་ཡོན་ཏན་བརྗོད་པར་མོས་པར་བྱའོ། །དྲན་པར་བྱའོ། །སྤྲོ་བར་བྱའོ། །དེའི་
ཆེ་བ་ཡང་ཐེག་པ་ཆེན་པོའི་ཐབས་ཀྱི་སྤྱོད་པ་བརླབས་པོ་ཆེ་རྣམས་འགག་པ་མེད་པ་ལ་ནི་བརྗོད་པ་ཡིན་ཏེ། འདི་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་དུས་གཅིག་ཏུ་སྐྱེད་པར་འགྱུར་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར་དང༌། སེམས་ཅན་ལ་ཕན་པ་བརྗོད་པའི་ཕྱིར་དང༌། སེམས་ཅན་ལ་ཕན་པ་ཡིན་པའི་ཕྱིར་བསོད་ནམས་རྫོགས་པར་འགྱུར་རོ། །ཆོས་གཉིས་སུ་མེད་པའི་དོན་བདེན་པ་བརྗོད་པ་ཡིན་ཞིང་གཉིས་སུ་མེད་པ་རྒྱུད་ལ་བསྐྱེད་པས་ཡེ་ཤེས་རྫོགས་པར་འགྱུར་རོ། །དེ་བས་ན་ཕ་རོལ་དུ་ཕྱིན་པའི་ཚུལ་ལ་མོས་པའི་གང་ཟག་ཡེ་ཤེས་ཀྱི་ཚོགས་ལ་ལྷུར་བླངས་པ་བསོད་ནམས་ཀྱི་ཚོགས་ཞར་ལ་བསྐྱེད་པར་འདོད་པ་རྣམས་ཀྱིས་ཀྱང་འདི་ལྟ་བུ་ཡིད་ལ་བྱེད་པ་དང༌། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་བརྗོད་ཅིང་ཡིད་ལ་བྱའོ། །འདི་ཉིད་ལས་སྐབས་དང་པོ་ཉིད་དུ། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །གཉིས་སུ་མེད་པར་འབྱུང་བ་དང༌། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་དམ་བཅའ་མཛད་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་ཆོས་གཉིས་སུ་མེད་པའི་དོན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་པར་བསྟན་པའི་སྒོ་ནས་མཚན་བརྗོད་པས་ཞལ་གྱིས་བཞེས་གསུངས་ཀྱི། དོན་གཞན་སྐབས་ཕྱེ་སྟེ་མ་གསུངས་སོ། །མཇུག་ཏུ་ཡང་རྩ་བའི་སྔགས་དང་གཟུང་བར་དམ་བཅའ་བ་དང༌། ཕྲེང་སྔགས་ཀྱི་སྐབས་སུ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་མཐོང་བར་བྱ་བ་ལ་ཨ་བཞིས་བྱིན་གྱིས་བརླབས་པ་རྩ་བའི་སྔགས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་གཟུང་བར་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པར་བརྗོད་པ་ཁས་ལེན་པ་ནི་གཟུང་བར་དམ་
བཅས་པའོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བ་ཤིན་ཏུ་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྙིང་པོ། །ཨ་གཉིས་ཀྱིས་བྱིན་གྱིས་བརླབས་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་འཕྲོག་པ། སྒྲིབ་པ་ཐམས་ཅད་བསྲེག་པ་ནི་ཕྲེང་བའི་སྔགས་ཡིན་ཏེ། དེ་བས་ན་འདིར་བཅོམ་ལྡན་འདས་ཀྱིས་ཆོས་གཉིས་སུ་མེད་པའི་མཚན་བརྗོད་པ་ཙམ་མ་གཏོགས་པ་གཞན་མི་གསུང་ངོ༌། །དེ་ལ་ཤེས་རབ་ཆེན་པོ་དང་ཐབས་ལ་མཁས་པ་དང་ལྡན་པ་ཆོས་གཉིས་སུ་མེད་པ་མངོན་དུ་བྱ་བའི་ཕྱིར། ཞུ་བ་ཟག་པ་མེད་པ་བཟློག་པས་ཉོན་མོངས་པའི་ཟག་པ་ཡང་ཟད་པར་འགྱུར་ཞིང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པར་བྱ་བའི་ཐབས་གསུངས་པ། བཅོམ་ལྡན་འདས་ཀྱིས་མཚན་བརྗོད་པ་གསུངས་ཏེ། འདི་ལྟར་འདི་དབུ་ཞབས་སུ་ནི་ཡེ་ཤེས་དྲུག་གི་མཚན་བརྗོད་པ་ཡིན་ལ། ཡེ་ཤེས་དྲུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ཡིན་ལ། འདི་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ནི་མེ་ལོང་ལྟ་བུའི་མཚན་ཉིད་ཡིན་ཏེ། འདི་ལྟར་དྲི་མ་ཐམས་ཅད་ཡོངས་སུ་དག་པས། སངས་རྒྱས་ཐམས་ཅད་ཀྱི་གཟུགས་བརྙན་སྣང་བར་འགྱུར་རོ། །དེ་ནི་མཉམ་པ་ཉིད་ཀྱི་མཚན་ཉིད་ཡིན་ཏེ། བདག་དུ་ལྟ་བའི་གནས་མེད་དེ། སྟོབས་དང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པའོ། །དེ་ནི་སོ་སོར་རྟོགས་པའི་མཚན་ཉིད་ཡིན་ཏེ། མཚན་མར་འཛིན་པ་ཐམས་ཅད་དང་བྲལ་བས་ཆོས་ཐམས་ཅད་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པ་དང་སྟོན་པའི་གནས་སུ་གྱུར་པའོ། །དེ་ནི་བྱ་བ་གྲུབ་པའི་མཚན་ཉིད་ཡིན་ཏེ། སེམས་ཅན་མ་གཟིགས་པས་ཐུགས་རྗེ་དང་མཛད་པ་ལྷུན་གྱིས་གྲུབ་པའི་གནས་སུ་གྱུར་པའོ། །དེ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་མཚན་ཉིད་དེ། ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཡེ་ཤེས་ལྔར་ཕྱེ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའོ། །དེ་ནི་དོན་དམ་པའི་ཡི་གེ་ཨའོ། །
བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དང༌། ཀུན་དུ་བཟང་པོ་དང༌། བདེ་བ་ཆེན་པོ་ལ་སོགས་པའི་བརྗོད་པ་ཡང་དེ་ཡིན་ཏེ་དེ་བཞིན་དུ་མཚན་ཉིད་ཇི་སྙེད་པར་བརྗོད་པ་ཡང་ཚིག་གི་དོན་དེ་ཉིད་ཡིན་ནོ། །དེ་དག་ཉེ་བར་སྟོན་པ་འདི་ཉིད་ལས། དོན་ཆེན་ཡི་གེ་དམ་པ་སྟེ། །ཞེས་གསུངས་སོ། །དེ་འདིར་དམ་པའི་ཡི་གེའི་སྒྲ་ནི་ཟག་པ་མེད་པའི་ཡེ་ཤེས་ལ་བྱ་སྟེ། ཟག་པ་དེ་ཡང་འདིར་ཁམས་བཅུའི་བདག་ཉིད་ཅན་གཟུགས་ཀྱི་ཕུང་པོའི་དབང་དང་བཅས་པའི་དེའི་བདག་ཉིད་ཀྱི་ས་བོན་ཞེས་བཤད་དོ། །དེ་ཡང་འདོད་པའི་སྲིད་པ་དང༌། གཟུགས་ཀྱི་སྲིད་པ་དང༌། གཟུགས་མེད་པའི་སྲིད་པ་དག་ལ་གོ་རིམས་ཀྱིས་གནས་སོ་ཞེས་འདོད་དོ། །འདིར་རྒལ་བ་གཟུགས་དབང་པོ་དང་བཅས་པའི་ཟག་པ་བཟློག་པས། སེམས་དང་སེམས་ལས་བྱུང་བའི་ཟག་པ་ཇི་ལྟར་ལྡོག་ཅེ་ན། དེ་ནི་འདི་ལྟར་སེམས་དང་སེམས་ལས་བྱུང་བའི་གང་ཟག་ལ་གཟུགས་ཀྱི་དྲི་མ་ནི་ཡོངས་སུ་དག་ལ། མིང་གཞིའི་དྲི་མ་ནི་ཡོངས་སུ་མ་དག་གོ་ཞེས་བྱ་བ་ནི་མི་སྲིད་ན། དེ་བཞིན་དུ་མིང་གཞིའི་དྲི་མ་དག་ན། གཟུགས་ཀྱི་དྲི་མ་ཡང་དག་པ་ཡང་མི་སྲིད་དེ། འོན་ཀྱང་གཟུགས་ནི་ཆེར་རགས་ཤིང་གནས་པ་དང༌། དམིགས་པར་གྱུར་པས་དེ་ཉིད་དྲི་མ་སྔོན་ལ་གཞོམ་པར་བྱ་བ་ཡིན་ནོ། །དེ་ཉིད་བཅོམ་པས་ཐམས་ཅད་ཀྱང་དག་པར་འགྱུར་བ་ཡིན་ནོ། །དཔེར་ན་ལྗོན་ཤིང་གི་རྩེ་མོ་བཅད་གཤགས་ཏེ། མངོན་པར་སྐྱེ་བའི་གནས་མེད་པར་བྱས་ནས་རྩ་བ་ཡང་མྱུར་དུ་མེད་པར་འགྱུར་ལ། ཕྲ་མོས་ཀྱང་ཕན་གནོད་བྱེད་པར་ཡང་མི་འགྱུར་རོ། །དེ་བཞིན་དུ་ཟག་པ་འབྲས་བུ་ནས་བཟློག་ན། རྒྱུ་ཡང་མྱུར་དུ་ཟད་པར་འགྱུར་ལ། ཕྲ་མོས་ཀྱང་གནོད་པར་བྱེད་པར་མི་འགྱུར་རོ། །དེ་བས་ན་ཐབས་མཁས་པ་རྣམས་ཀྱིས་ཡུལ་དུ་ནི་འབྲས་བུ་ནས་བཟློག་པ་འདི་ཤེས་པར་བྱའོ། །ཐབས་དང་ཤེས་རབ་ཟབ་མོའི་ཚུལ་འདི་ཐུན་མོང་དུ་མ་བསྟན་པའི་དགོངས་པ་ནི། ཐབས་དང་ཤེས་རབ་ཞན་པ་རྣམས་ལ་ཉེས་པ་རྒྱུའི་དུས་ནས་མ་བཟློག་ན། འབྲས་བུ་མངོན་དུ་སྨིན་པའི་དུས་ན་བཟློག་པའི་ཐབས་མེད་པའི་དབང་དུ་གསུངས་པ་ཡིན་
ནོ། །དེ་བས་ན་འདིར་འཕགས་པ་འཇམ་དཔལ་ནི་ཡེ་ཤེས་དྲུག་གི་བདག་ཉིད་དམ་པའི་ཡི་གེ་ཞེས་བྱ་བའི་སྒྲས་བསྟན་པ། ཟག་པ་ལྔ་ཡོངས་སུ་ཟད་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐུ་བདེ་བ་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་གི་རང་བཞིན་སྐྱེ་བའི་སྐད་ཅིག་མ་བཞི། ཡེ་ཤེས་ཀྱི་མཐའ་ཅན་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་གཉིས་དང་བདག་ཉིད་ཐ་དད་པ་མེད་དོ། །དེ་བས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དང་དབང་གིས་ཕན་པ་ཇི་སྙེད་པ་དང་བདེ་བ་ཇི་སྙེད་པ་ཐམས་ཅད་ཀྱི་གཞིར་གྱུར་པ། རྩ་བར་གྱུར་པ། སྙིང་པོར་གྱུར་པ་ནི་ཆོས་གཉིས་སུ་མེད་པ་ཡིན་ཏེ། དེ་ལྟར་ཡང་གཞན་ལས་གསུངས་པ་ཆོས་ཉིད་ཀྱི་རྒྱུ་མཐུན་པ་གསུང་རབ་ཡན་ལག་བཅུ་གཉིས་སོ་ཞེས་གསུངས་སོ། །འདི་ཉིད་ལས་ཡོན་ཏན་གྱི་སྐབས་ལས་ཀྱང་མཚན་གཟུང་བ་ཆོས་གཉིས་སུ་མེད་པ་འཛིན་པ་ཡིན་པར་གསུངས་ཏེ། དེ་བས་ན་དེ་ལྟར་ཤེས་པར་བྱའོ། །འདིར་རྒལ་བ། ཞེན་པའམ་བསྒྲུབ་པའི་རྩོལ་བ་ཡང་མི་བསྐྱེད་དེ། བདུད་ཀྱི་ལས་སུ་གྱུར་པ་རྣམས་ཀྱང་སྤང་བར་བྱ་བར་མི་བལྟ། ཡོངས་སུ་འཛིན་པས་དེ་དག་གོས་པར་ཡང་མི་འགྱུར་ཏེ། འདི་ལྟ་བུ་ལ་གནས་པར་འདོད་པའི་རྣལ་འབྱོར་པས་འདི་ལྟར་སྣང་བ་ཐམས་ཅད་ཡེ་ཤེས་རྒྱུན་གྱི་རོལ་བ་ལས་སྒོ་གསུམ་གྱི་སྤྱོད་པ་ཅི་ཡང་མ་བཀག་པའི་བསམ་པས་མཚན་བརྗོད་པར་བྱའོ། །དེ་ལ་དང་པོར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ་ཞེས་བརྗོད་པས་ན། དོན་འདི་ཤེས་པར་བྱ་སྟེ། ཡི་གེ་སྒྱུ་འཕྲུལ་འདི་ནི། སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་སེམས་དཔའི་ཚུལ་ཡིན་པར་ཤེས་པར་བྱའོ། །དེ་ལ་ཇི་ལྟར་ཞེ་ན། འདིར་རྡོ་རྗེ་འཛིན་པས་ཞུས་པ། ཁྱབ་བདག་བདག་ལ་སྨན་པ་དང༌། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་ཞུས་པ་ལས། ལན་དུ་སྒྱུ་འཕྲུལ་དྲ་བ་མངོན་པར་སངས་རྒྱས་པའི་ཚུལ་ནི་ཨ་བཅུ་གཉིས་ཙམ་གསུངས་སོ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཕྱི་
མ་ལས་གསུངས་པ། འཇམ་དཔལ་འདི་ནི་དཔལ་འགྱུར་རྫོགས་པའི་སྐུ། །ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །རྒྱུ་ཉིད་དུས་གསུམ་མཉམ་སྙོམས་རྒྱལ་ཀུན་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །བློ་དང་ལྡན་པས་གང་ཞིག་མདོ་འདི་དག །མངོན་སུམ་ཚད་མས་གཞལ་ནས་མཐོང་འདོད་པས། །སྒྱུ་འཕྲུལ་དྲ་བ་འཁོར་ལོའི་དོན་བཞིན་དུ། །ཡི་གེ་འཁོར་ལོའི་ཚུལ་གྱིས་འཇམ་དཔལ་ལོ། །གདོད་ནས་དག་ཅིང་སྐྱེ་བ་མེད་པའི་ངང༌། །ཨ་ཨཱ་ཞེས་པས་འདུས་མ་བྱས་པའི་ཆོས། །རྒྱུ་ཉིད་མེད་པས་འབྲས་བུ་ཚོལ་མེད་ཕྱིར། །ཨ་ལྟར་མཉམ་གཞག་ཆོས་ཀྱི་སྐུ་ཉིད་བདེ། །དོན་དམ་དབྱིངས་ཉིད་མཁའ་ལྟར་དམིགས་མེད་ཁྱབ། །ཐུབ་པ་རང་བཞིན་མེད་པས་གནས་པ་ལ། །འཇམ་དཔལ་རལ་གྲི་བཏབ་པས་གཅོད་པ་ལྟར། །ཨ་ཡི་གུ་གུ་ཐུགས་རྗེའི་དང་ཉིད་འཕྲོ། །ཨི་ཨཱི་ཞེས་བྱས་དུས་ཀྱི་ཡུལ་ཉིད་ལམ། །ཤེས་རབ་ཕ་རོལ་ཕྱིན་པ་འཇམ་པའི་དབྱངས། །ལྡང་དང་མི་ལྡང་བླང་དོར་མེད་ཚུལ་གྱིས། །ཐུན་མོང་མ་ཡིན་བསྟི་གནས་ཀུན་དུ་བཟང༌། །མེད་པའི་དང་ཉིད་མེད་པ་ལས་བྱུང་བ། །ཨུ་ཨཱུ་ཞེས་པས་མེད་པའི་སྙིང་པོ་འབྱུང༌། །ཨུ་ཞེས་ཆེན་པོ་ཡོད་མེད་མཐའ་ལས་འདས། །ཆེ་བའི་དང་འགྲོ་ཀུན་དུ་དགའ་ལ་སྦྱོར། །ཉིད་དང་གཉིས་མེད་བསམ་འདས་བརྗོད་དང་བྲལ། །གྲུ་གསུམ་ཨེ་ཡི་རང་བཞིན་ཉིད་མི་གཡོ། །ཨཻ་ཞེས་ཐ་སྙད་བཏགས་ཤིང་བརྗོད་དང་བྲལ། །སེམས་དང་སེམས་ནི་འཇམ་དཔལ་ཏིང་འཛིན་ནོ། །ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲ་བའི་ཚོགས། །ཨོ་ཨཽ་ཞེས་པས་འདུ་འཕྲོ་འོད་ཟེར་འཁྲུག །འཇའ་ཚོན་རྣམ་པ་སོ་སོའི་ཡིད་བཞིན་སྦྱོར། །འཇམ་དཔལ་རྣམ་པར་རོལ་པས་བདེ་བ་ཆེ། །རྣལ་འབྱོར་ཆེན་པོ་ཡེ་ཤེས་འབྱོར་པའི་དཔལ། །ནམ་མཁའ་མི་དམིགས་ཨཾ་ཞེས་ཡེ་ཤེས་བརྗོད། །ཤེས་རབ་ཡེ་ཤེས་མ་འདྲེས་ཨཿ་ལས་འདས། །སྟོང་ཉིད་ཅི་ལའང་མ་རག་ལྷུན་གྱིས་གྲུབ། །དོན་ཀུན་འབྱོར་པས་བླང་དོར་མེད་པ་ཡི། །བདག་ཉིད་རང་བཞིན་བཞུགས་དང་འཇམ་དཔལ་ཉིད། །བསམ་གྱིས་མི་ཁྱབ་མི་
གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་བརྗོད་པར་གསུངས་ཏེ། ཡི་གེ་སྒྱུ་འཕྲུལ་དྲ་བ་འདིའི་སྒོ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚིག་ནི། །ཨ་གདོང་ནས་སྐྱེ་བ་མེད་ཅིང་འདུས་མ་བྱས་པས་རྒྱུ་མ་གྲུབ་པའི་ཕྱིར། འབྲས་བུ་བཙལ་དུ་མེད་པས་གདོད་མ་ནས་ཆོས་ཀྱི་སྐུ་བདེ་བ་ཆེན་པོའོ། །ཨི་ནི་དེ་ཉིད་ནམ་མཁའ་ལྟར་མི་དམིགས་པའི་ཕྱིར། ཤེས་རབ་ཆེན་པོས་དེ་ལྟར་མཆོད་ཅིང་མི་དམིགས་པའི་ཐུགས་རྗེ་འཕྲོ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་གདོད་མ་ནས་ཡིན་པའི་རང་བཞིན་ནོ། །ཨུ་ནི་དེ་པས་ན་ཀུན་དུ་བཟང་པོའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏོ། འདི་ལྟར་མཚན་མ་དང་རྟོག་པ་ལྡང་བ་ལ་ནི་དམན་པར་མི་འདོར་མི་ལྡང་བ་ལ་དང་དུ་མི་ལེན་ཏེ། བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོ་མཐའ་ལས་འདས་པ་ཆེ་བའི་ངང་གིས་འགྲོ་བ་ཀུན་ཀྱང་བདེ་བ་ཆེན་པོ་ལ་རང་བཞིན་གྱིས་སྦྱོར་བའོ། །ཨེ་ནི་དེ་ལྟར་ན་ཆོས་ཐམས་ཅད་བསམ་བརྗོད་དང་བྲལ་ཞིང་གཡོ་བ་མེད་པ་ལ་ཐ་སྙད་མེད་པར་འགྲུབ་པས་སེམས་དང་སེམས་ཀྱི་རང་བཞིན་ནོ། །རྣམ་པར་རྟོག་པ་ཡང་འཕགས་པ་འཇམ་དཔལ་གྱི་ཏིང་ངེ་འཛིན་དུ་གནས་པའོ། །ཨོ་ནི་དེ་ལྟ་བུའི་རང་བཞིན་ཡིན་པའི་ཕྱིར་ན། སེམས་ཀྱི་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲ་བའི་ཚོགས་ཡིན་ཏེ། ནམ་མཁའི་འཇའ་ཚོན་བཞིན་དུ་འགྲོ་བ་སོ་སོའི་ཡིད་དང་མཐུན་པ་འཇམ་དཔལ་རྣམ་པར་རོལ་པའི་ཆོ་འཕྲུལ་བདེ་བ་ཆེན་པོ་ལས་མ་ཉམས་པའོ། །ཨཾ་ནི་དེ་ལྟར་རྣལ་འབྱོར་བའི་རྣལ་འབྱོར་ཆེན་པོ་ཡེ་ཤེས་དཔལ་ཐམས་ཅད་ཀྱི་འབྱུང་གནས་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ནོ། །ཨཿ་ཞེས་བྱ་བ་ནི་ཤེས་རབ་དང་ཡེ་ཤེས་ཆོས་ཐམས་ཅད་ལ་རིག་ཅིང་ཀུན་ལས་འདས་པ་སྟེ། དེ་ལྟར་ན་ཡི་གེ་བཅུ་གཉིས་ཀྱི་སྒོ་ནས་འབགས་པ་འཇམ་དཔལ་ནི་ཆོས་ཐམས་ཅད་གདོད་མ་ནས་བླང་དོར་མེད་པར་རང་བཞིན་གྱིས་སངས་རྒྱས་པ་སྟེ། དེ་ལྟར་དོན་ཐམས་ཅད་རྫོགས་པའི་བདག་ཉིད་དུ་ཡེ་ནས་གནས་བས་རྣལ་འབྱོར་བ་གང་གིས་ཆོས་ཐམས་ཅད་དེ་ལྟར་རྟོགས་ཏེ། ཆོས་འགའ་ཡང་མི་གནས་མི་སེམས་མི་ལེན་མི་འདོར་ན།
འཇམ་དཔལ་ཉིད་དང་ཡོན་ཏན་བརྗོད་པས་མཉམ་པ་ཡིན་ནོ་ཞེས་བཤད་དོ། །ཡང་འདི་ཉིད་ལས་གསུངས་པ། ཇི་ལྟར་སྒྱུ་འཕྲུལ་དྲ་བ་ཡི། །འཇམ་དཔལ་ཆོས་ཀྱི་སྙིང་པོ་འདི། །རྒྱལ་བ་རྣམས་ཀྱི་ཡབ་དང་ཡུམ། །དོན་གྱི་མཐའ་སྟེ་ཤེས་རབ་དབྱིངས། །གང་ཕྱིར་ཐབས་ཀྱི་ཀུན་འབྱུང་བ། །ཡི་གེ་འཁོར་ལོ་རྣམས་ཀྱི་སྒྲ། །སྒྱུ་འཕྲུལ་དྲ་བ་ཉིད་ཀྱི་ཚུལ། །གྲག་མ་ཐག་ཏུ་དོན་རེག་པ། །ཨ་ཨཱ་ཞེས་པ་འཇམ་དཔལ་ཉིད། །རང་བཞིན་ཆོས་ཀྱི་སྐུ་ཡི་དབྱིངས། །ཨི་ཨཱི་ཞེས་བྱ་གཡོ་བ་མེད། །མི་བསྐྱོད་པ་ལ་ཡུམ་དུ་གསལ། །ཨུ་ཨཱུ་ཞེས་པས་སྐྱེ་བ་མེད། །དག་པའི་ངང་ཉིད་ཀུན་དུ་གསལ། །རྒྱུད་ལས་རྒྱལ་བ་སེམས་དཔའ་སྟེ། །ཡེ་ཤེས་ངང་ཉིད་གཅོད་པའོ། །ཨེ་ཨཻ་ཞེས་པ་ནམ་མཁའ་སྦྱོར། །འབྲས་བུ་མེད་པས་རྒྱུ་ལ་གནས། །དེ་མ་ཐག་པར་གསལ་བ་ཡི། །འཇམ་དབྱངས་ཕྲ་བའི་ལམ་འགྱུར་ལ། །ཨོ་ཨཽ་ཞེས་པ་ཨེ་ལས་འདས། །ཨེ་ཞེས་གསང་སྔགས་ཐབས་ཆེན་བསྟན། །ཨེ་དང་ཨོ་ཡི་རང་བཞིན་དབྱིངས། །མུ་ནི་ངོ་བོ་ཉིད་ཀྱི་དབྱིངས། །ཨ་ལས་རྣམ་པར་རོལ་པ་བསྟོན། །ཨོཾ་གྱིས་གཉིས་མེད་འབྱོར་པ་ཡིས། །ཟབ་མོ་རྡོ་རྗེ་ཏིང་འཛིན་མཐའ། །མ་ཞེས་མཉམ་དང་མི་མཉམ་མེད། །འཇམ་དཔལ་ཡེ་ཤེས་རྡོ་རྗེ་རྫོགས། །སྒྱུ་འཕྲུལ་དྲ་བའི་འཁོར་ལོ་འདི། །མྱ་ངན་འདས་དང་འཁོར་བ་ལས། །མི་གནས་རྡོ་རྗེ་རྩེ་མོ་སྟེ། །བསམ་རྩོལ་སྒྲུབ་པ་མེད་པ་ཡི། །དབྱིངས་ཉིད་གཞག་ན་ཡོངས་སུ་རྫོགས། །ཞེས་གསུངས་ཏེ། ཚུལ་འདི་ཡང་སྔ་མ་བཞིན་དུ་ཡི་གེ་བཅུ་གཉིས་ཀྱི་སྒོ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་དུ་མངོན་པར་བྱང་ཆུབ་པའི་རང་བཞིན་ཡེ་ནས་རྩོལ་སྒྲུབ་ལས་འདས་པར་སངས་རྒྱས་པའི་རང་བཞིན་འཕགས་པ་འཇམ་དཔལ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟ་བུ་ཡིན་པས་རྣལ་འབྱོར་ཅན་གྱིས་ཀྱང་དེ་ལྟ་བུའི་ངང་དུ་བློ་བཞག་ན། འཇམ་དཔལ་གྱི་ཡོན་ཏན་རྫོགས་ཞེས་བཤད་དོ། །དེ་ཡང་རེ་ཞིག་ཡི་གེ་ཨ་ཨཱ་ནི་འཇམ་དཔལ་ཆོས་ཀྱི་སྐུའོ། །ཨི་ཨཱི་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །ཨུ་ཨཱུ་ནི་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་མོ་སྟེ། སེམས་ཉིད་སེམས་དཔའ་ཆེན་པོའི་རང་བཞིན་ནོ། །ཨེ་ཨཻ་ནི་འདུ་འབྲལ་མེད་པའི་མཁའ་ལ་སྦྱོར་བའོ། །ཨོ་ཨཽ་ནི་
དེ་ལས་འདས་ཏེ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ཐབས་ལ་མཁས་པའི་ཆོ་འཕྲུལ་རང་བཞིན་གྱིས་འཕྲོ་བའོ། །ཨཾ་ལ་ཨཾ་སྦྱར་ན་ཨོཾ་དུ་འགྱུར་ཏེ། དེ་ནི་གསང་སྔགས་ཀྱི་སྐུའོ། །ཨོཾ་གྱི་ཀླད་ཁོར་ནི་མུཾ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་གྲོལ་བའོ། །ཨོཾ་ནི་ཡོན་ཏན་ཐམས་ཅད་འབྱོར་པའི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ནོ། །གླང་ཀོར་གྱི་མ་ནི་ཆོས་མཉམ་པ་ཉིད་དང་མི་མཉམ་པར་དབྱེར་མེད་པ་སྟེ། འདི་ལྟ་བུའི་དོན་གྱི་འཇམ་དཔལ་ཡེ་ཤེས་རྡོ་རྗེ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་ཡེ་ཤེས་རྡོ་རྗེ་རྩེ་མོ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟ་བུ་ཡིན་པས། རྣལ་འབྱོར་ཅན་གང་གིས་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། ཆོས་ཐམས་ཅད་ནི་བསམ་པར་བྱ་བ་དང༌། བརྩལ་བར་བྱ་བ་དང༌། བསྒྲུབ་པར་བྱ་བ་ཐམས་ཅད་ལས་འདས་པ་སྟེ། གདོད་མ་ནས་རྣམ་པར་དག་པ། རང་བཞིན་གྱིས་འོད་གསལ་བ། ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་བཙལ་དུ་མེད་པར་ལྷུན་གྱིས་གྲུབ་པ་འདི་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་པས། འདི་ལྟ་བུའི་ངང་ལ་བློ་བཞག་སྟེ། མཚན་བརྗོད་ཇི་སྙེད་པ་ཡང་འདི་ལྟ་བུའི་རང་བཞིན་སྟོན་པ་ཤ་སྟག་སྟེ། ཐབས་དང་ཤེས་རབ་སྒྱུ་འཕྲུལ་དྲ་བའི་ཚོགས་སུ་གྱུར་པ། ཆོས་ཉིད་ཀྱི་རྒྱན་ཡེ་ཤེས་ཀྱི་རོལ་པ། འགག་པ་མེད་པའི་ཆོ་འཕྲུལ་དུ་རྟོགས་པ། བླང་དོར་དང་རྩོལ་སྒྲུབ་ཀྱི་རྟོགས་པ་ས་མི་གཡོ་བར་བརྗོད་པར་བྱའོ། །བརྗོད་པས་རྫོགས་ནས་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པ། ལས་ཀྱི་མཐའ་ཡོངས་སུ་མཐོང་བའི་བསམ་པས་གནས་པར་བྱའོ། །མཚན་གཉིས་སུ་མེད་པར་བརྗོད་པ་ཞེས་བྱ་བའི་རྣམ་པ་གསུམ་གྱི་མཚན་ཉིད་ཅན་བསྟན་པ་ཡིན་ནོ། །མཚན་ཙམ་རྣམ་པར་བཤད་བྱས་པས། །གཞུང་གི་སྤྱི་བཤད་རྣམ་པར་བཀོད། །སེམས་ཅན་མོས་པ་སྣ་ཚོགས་པའི། །འཇུག་སྒོ་ཚུལ་ཙམ་ཤེས་བྱའི་ཕྱིར། །འཇམ་དཔལ་མཚན་བཅས་བརྗོད་ཚུལ་བཅས། །རྣམ་གསུམ་བཤད་པ་ཙམ་བྱས་པའོ། །ཚུལ་གསུམ་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། །།