Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
 expand section
 expand section
 expand section
  
  
  
 expand section
 expand section
expand section
 collapse section
རིག་གནས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར།
  
  
  
  
  
  
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousརིག་གནས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར།next

རིག་གནས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར།

བཟོ་རིག་པ།

༈ ད་ནི་རིག་གནས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ཡང་མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་གསུངས་པའི་རིག་པའི་གནས་ཆེ་བ་ལྔ་ནི། སྨྲ་བ་ངན་པ་ཚར་གཅོད་པ་སྒྲ་དང་ཚད་མ་རིག་པ། བློ་ལྡན་རྗེས་སུ་འཛིན་པར་བཟོ་དང་གསོ་བ་རིག་པ། རང་ཉིད་ཀུན་ཤེས་པར་བྱ་བ་ནང་དོན་རིག་པ་སྟེ་ལྔ་ལས། དེ་ཡང་ཐོག་མར་ནི། བཟོ་རིག་པ་འཆད་པ་སྐབས་སུ་བབས་ཏེ། བཟོ་རིག་པའི་ཡན་ལག་ཏུ་རིག་གནས་ཐམས་ཅད་འདུ་བའི་ཕྱིར་ཏེ། ཡིད་དང་འབྲེལ་བའི་ལུས་ཀྱི་གཡོ་བ་ལ་ལུས་བཟོ་དང་། ངག་གི་བརྗོད་པ་གཙོ་བོར་གྱུར་པ་ལ་ངག་བཟོར་བཏགས་ཏེ། དེ་གཉིས་གང་རུང་དང་མ་འབྲེལ་བར་ཡིད་ཀྱི་བསམ་པ་ཙམ་གྱིས་དབང་དུ་བྱས་པ་ལ་ཡིད་བཟོར་གྲགས་ཤིང་། དེ་གསུམ་དུ་མ་འདུས་པའི་བཟོ་ནི་མེད་པར་གྲགས། ད་ལྟ་སྤྱི་མིང་བྱེ་བྲག་ལ་བཏགས་ནས་བྲིས་འབུར་ལ་བཟོ་ཞེས་གྲགས་ཏེ། དེ་ལ་བྲིས་ཀྱི་རྒྱུན་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་མིའི་རྒྱལ་པོ་འཇིགས་ཐུལ་གྱིས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པ་ལས་མི་རྣམས་ཚེ་ལོ་འབུམ་དུ་འཕེལ་བའི་དུས་སུ། བྲམ་ཟེ་ཞིག་གི་བུ་དུས་མིན་དུ་ཤི་བས། རྒྱལ་པོས་བྲམ་ཟེ་གཤིན་རྗེའི་རྒྱལ་པོའི་དྲུང་དུ་ཁྲིད་དེ་འདིའི་བུ་ཕྱིར་གཏོད་པར་གསོལ་བས། གཤིན་རྗེ་ན་རེ། རང་གི་ལས་སུ་ཟད་པས་སྟེར་བར་མི་ནུས། ཞེས་སྨྲས་པའི་མཐར་ཕན་ཚུན་གཡུལ་བཤམས་ཏེ་འཐབས་པས་འཇིག་རྟེན་ཐམས་ཅད་སྐྲག་པར་གྱུར་པ་ན། ཚངས་པས་བར་བྱས་ཏེ་བྲམ་ཟེའི་བུ་རི་མོར་བྲིས་པ་གསོན་པོ་ཇི་ལྟ་བ་བཞིན་བསླངས་ནས་བྲམ་ཟེ་ལ་གཏད་དེ་འཐབ་མོ་འདུམ་པར་བྱས་སོ། །སླར་རྒྱལ་པོས་ཚངས་པའི་དྲུང་དུ་སོང་ནས་རི་མོ་འབྲི་ཚུལ་ཞུས་པས། རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །ཞེས་བསྔགས་ནས་ལྷའི་བཟོ་བོ་བི་ཤྭ་ཀརྨ་ལུང་བསྟན་ཅིང་། དེས་བཟོའི་གནས་ཁྱད་པར་ཅན་བྱ་ཞེས་གྲགས་ལ། སྤྱིར་སྟོན་པ་ཞལ་བཞུགས་པའི་དུས་བྲིས་ཀྱི་རྒྱུན་སྟོན་པའི་སྐུ་བརྙན་གཟུགས་ཅན་སྙིང་པོས་ཨུ་དྲ་ཡཱ་ན་ལ་སྐྱེས་སུ་བསྐུར་བ་དང་། བུ་མོ་མེ་ཏོག་འཁྲི་ཤིང་གི་སྐྱེས་ལན་དུ་རས་ཀྱི་གཞིར་རི་མོ་ཅི་ཐོབ་པའི་ཐད་དུ་སྟོན་པའི་སྐུ་ལས་འོད་ཟེར་བཀྱེ་བའི་སྟེང་རི་མོས་མནན་པའི་བྲིས་རྒྱུན་ཁ་ཆེ་དང་ཡུལ་དབུས་སུ་དར་བར་བཤད་པ་དང་། བྱམས་པས་སྦྱིན་བདག་མཛད་དེ་ལྷའི་བཟོ་བོས་ཇོ་བོ་རིན་པོ་ཆེའི་སྐུ་བཞེངས་པ་དང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་གྱི་བར་དུའང་མིའི་བཟོ་བོ་ལས་ཀྱི་འཕྲུལ་དང་ལྡན་པས་སྐུ་གཟུགས་སོགས་ཀྱིས་དངོས་སུ་འཕྲུལ་པ་སྐྱེ་ནུས་པའི་བཟོ་གནས་ངོ་མཚར་བ་དག་བྱེད་པ་བྱུང་ལ། དེ་རྣམས་རིམ་གྱིས་ནུབ་ནས་ལྷའི་བཟོ་བོ་མང་པོ་མིར་སྤྲུལ་ནས་བྱང་ཆུབ་ཆེན་པོ་སོགས་མ་གྷ་དྷའི་རྟེན་ངོ་མཚར་ཅན་བརྒྱད་སོགས་བྱུང་བར་གྲགས། ཕྱིས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་བིམྦ་ས་ར་ཞེས་པས་འབུར་དང་རི་མོའི་བཀོད་པ་ལྷའི་བཟོ་བོ་དང་མཐུན་པར་བྱས་པའི་ལག་རྒྱུན་ནུབ་རྙིང་མར་གྲགས་པ་དང་། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་དྷི་མཱན་ཞེས་པ་དང་། དེའི་བུ་བིཪྤ་ལོ་ཞེས་པ་གཉིས་ཀྱིས་ཀླུའི་བཟོ་བོ་དང་མཐུན་པར་བྱས་པའི་ལག་རྒྱུན་གྱི་ལུགས་མ་རྣམས་ལ་ཤར་གྱི་ལྷ་དང་། རི་མོ་ནི་ཕའི་ལག་རྒྱུན་ལ་ཤར་རིས་དང་། བུའི་རི་མོ་ལ་དབུས་ཀྱི་རི་མོར་ངོས་འཛིན། ཀསྨི་རའི་ཡུལ་དུ་ཕྱིས་ཧ་སུ་རཱ་ཛ་ཞེས་པས་བྲིས་འབུར་གཉིས་ཀའི་སྲོལ་གཏོད་པ་ལ་དེང་སང་ཁ་ཆེ་མ་ཞེས་ཟེར་རོ། །བོད་ཡུལ་འདིར་ནི་སྔོན་ཆོས་རྒྱལ་མེས་དབོན་གྱི་དུས་བྲིས་འབུར་གཉིས་ཀ་རྒྱ་བལ་གྱི་ལག་རྒྱུན་ཤས་ཆེ་ལ། ཕྱིས་འབུར་བལ་ལྷ་དང་བྲིས་རྒྱ་ནག་གི་རི་མོ་ཤས་ཆེ་བ་བྱུང་ཞེས་ཟེར་བ་ལྟར་དེ་དང་དེའི་ལུགས་སྲོལ་འདྲ་རུང་དུ་དར། རྗེས་སུ་ལྷ་བཟོ་ལ་མཁས་པ་རྡོ་པ་བཀྲས་རྒྱལ་ཞེས་པ་བྱུང་སྟེ། དེ་ལ་རང་ལས་མཁས་པའི་སློབ་མ་གཉིས་བྱུང་བར། ལྷོ་བྲག་སྨན་ཐང་དུ་སྨན་བླ་དོན་གྲུབ་པ་ཞེས་རང་གི་སྐྱེ་བ་སྔོན་མ་རྒྱ་ནག་ཏུ་འཁྲུངས་དུས་བྲིས་པའི་པི་ཐང་རྒྱ་མཛད་ཆེན་མོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་སུ་དྲན་པའི་འཇམ་དཔལ་གྱི་སྤྲུལ་པའི་སྐྱེས་བུ་ཞིག་དང་། གོང་དཀར་དགར་སྟོད་ནས་བྱུང་བའི་མཁྱེན་བརྩེ་ཆེན་མོ་ཞེས་པ་སྟེ། སྔ་མས་མདོ་རྒྱུད་རྣམས་དང་བསྟུན་པའི་ཡིག་ཆ་ཡང་མཛད་ཅིང་ཚུགས་ཆེན་བརྒྱད་ལ་ཤ་ཚུགས་རེ་དང་། ན་བཟའ་རྒྱན་སྤྲོད་རེ་བཅས་བཅུ་དྲུག་གིས་གཏན་ལ་ཕབ་པའི་སྨན་ལུགས་དང་། དེ་དང་ལུགས་སྲོལ་མི་འདྲ་ཙམ་པའི་མཁྱེན་ལུགས་ཞེས་སོ་སོའི་བཞེད་པས་ལུགས་སྲོལ་འཛིན་པ་དེང་སང་གི་བར་དར་རྒྱས་སུ་ཡོད་པ་འདི་ཡིན་ཅིང་། གཞན་ཡང་བཟོ་རིག་པའི་ཡན་ལག་ཏུ་གཏོགས་པ་རྒྱ་ཆེར་རོལ་པ་དང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་སོགས་ལས་གསུངས་བའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི། བྱེ་བྲག་རྟོགས་བྱེད་ལས་འབྱུང་བའི་བཟོར་གཏོགས་པ་སུམ་ཅུ། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུ། མདོ་སྡེ་ལས་བཤད་པའི་བཟོ་སྦྱང་བཅོ་བརྒྱད། བརྟག་པ་རྣམ་པ་བརྒྱད་རྣམས་ལས། དང་པོ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་ལས། རོལ་མོའི་མཚན་ཉིད་སྒྱུ་མ་དང་། །འགྱེད་སྟོབས་དང་ནི་མེ་ཏོག་ལས། །གཡོས་སུ་བྱ་བ་རྣམ་པར་ངེས། །ཚོང་དང་ནོར་ནི་བསྒྱུར་བ་དང་། །རྒྱན་དང་ལག་རྩིས་བཅུད་ཀྱི་ལེན། །འཁྲུལ་འཁོར་སྦྱོར་དང་དྲི་བ་དང་། །འཕོངས་བྱད་དང་ནི་འཆི་སྦྱོར་སྒྲ། །ཡི་གེ་དང་ནི་ཁ་སྐད་དང་། །རང་རང་བཟོ་དང་མཚོན་རྣམས་བརྟག། གཅོད་ཐབས་དང་ནི་སོག་ལེ་དང་། །ཕུབ་རྣམས་བསྐོར་བར་བྱེད་པ་དང་། །སོང་དང་འོང་བ་ཤེས་པ་དང་། །གཞི་ཡི་མཚན་ཉིད་ཤེས་པ་དང་། །མདུང་དང་རྡོ་རྗེ་བརྟག་པ་དང་། །ཐངས་ཀྱི་ཚོར་བའི་མཚན་ཉིད་དང་། །ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་། །བྷ་ར་ཏ་ཡི་བསྟན་བཅོས་ཤེས། །བཅིངས་དང་ཁང་པ་བརྩིགས་མ་དང་། །དེ་བཞིན་གོས་ཀྱི་འཕང་བ་དང་། །ཡན་ལག་མཉེ་དང་མོ་འདེབས་དང་། །དེ་བཞིན་ཆུ་ཡི་ཀུན་འཛིན་དང་། །དུང་གི་སྒྲ་དང་སྡེབ་སྦྱོར་དང་། །གྲོང་བརྡལ་དང་ནི་གླེགས་འདྲ་དང་། །མཚན་མོ་ཆོམ་རྐུན་ཤེས་པ་དང་། །སྒྲ་དང་ས་རྟོག་བྱེར་པ་དང་། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོ་མཚན་ཉིད་གར་སློག་དང་། །འབྱུང་པོ་དག་ནི་གསོ་བ་དང་། །ཟངས་མ་མཁར་བ་གསེར་དག་དང་། །ཤིང་དང་དུང་དང་ཤེས་པ་དང་། །རི་མོ་མཚན་དང་གསོ་དག་ནི། །ལས་རྣམས་དེ་དག་གོ་རིམ་བཞིན། །སྐར་མའི་གཏན་རྩིས་ཤེས་པ་དང་། །མཚན་མ་ཤེས་པ་ཉིད་དང་ཡང་། །ངེས་པའི་ཚིག་གི་གཞུང་རྣམས་ཀྱིས། །སྒྱུ་རྩལ་དྲུག་བཅུ་རྩ་བཞི་དྲན། །ཞེས་བཤད་དོ། །གཉིས་པ་བཟོ་ལ་གཏོགས་པ་སུམ་ཅུ་ནི། བྱེ་བྲག་རྟོག་བྱེད་ལས། ཡི་གེལག་རྩིས། གྲངས། རྩིས་ཆེན། ཐོར་ཚུགས། གོམ་སྟབས། ལྕགས་ཀྱུའི་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོགས་པ། ༼སྒྲ་དྲག་པར་འཕོགས་པ། ༽གནད་དུ་འཕོགས་པ། མི་ཚོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོང་བ། གྱད་ཀྱི་འཛིན་སྟངས། བང་། རྐྱལ་བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ། གཞུ། གྱད་སྟབས་དང་སུམ་ཅུའོ། །གསུམ་པ་རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། གར་མཁན་དང་། བྲོ་དང་དུནྡུ་བྷི་ཞེས་པ་རྔ་བོ་ཆེ་དང་། མྲྀ་དཾ་ག་སྟེ་རྫ་རྔའམ་རྔ་ཟླུམ་མམ་ཡང་ན་པགས་པས་ཁ་གཡོགས་པ། རྔ་པ་ཊ་ཧའམ་རྫ་རྔ་ཆེན་པོར་གྲགས་པ་དང་། རྔ་ཕྲན་དང་། ལདྡྷཀྐ་བྷེ་རི་སྟེ་རྔ་ཆེན་དང་། པ་ཎ་ཝ་སྟེ་མཁར་རྔ་དང་། པི་ཝཾ་རྒྱུད་གཅིག་པ་དང་། ཛྷརྫྷ་ར་ནི་སྒྲའི་ཁྱད་པར་ཡོངས་སུ་འགྱུར་བ་བྱེད་པ་རྫ་རྔ་ཁ་གཅིག་པ་སྟེ་ཀ་ར་ཌ་ཀ་ཞེས་ཀྱང་ཟེར་རོ། །ལྕགས་ཀྱི་སིལ་ཁྲོལ་དང་པཱ་མྱ་ནི་ཞེས་མཁར་བའི་སིལ་ཁྲོལ་དང་། པལླ་ཀཱི་ཞེས་པི་ཝཾ་རྒྱུད་གསུམ་པ་དང་རྔ་མུ་ཀུན་དང་། སིལ་སྙན་གླུ་དབྱངས་དང་བསྟུན་པ་དང་། ཏཱ་ལ་ཞེས་ཕེག་རྡོབ་སྟེ་ཆ་ལང་དང་། གཞན་ཡང་ཏྲྀ་ཎ་ཙ་པེ་ཊ་དང་གོ་མུ་ཥ་དང་ཧུ་ཌུཀྐར་ལ་སོགས་པ་རོལ་མོའི་སྒྲའི་རིགས་དང་། ཝི་ཎ་ཞེས་པི་ཝཾ་སྤྱིའི་རིགས་སམ་མིའམ་ཅི་སོགས་ཀྱི་སིལ་སྙན་རྒྱས་པའི་པི་ཝཾ་དང་། ཝཾ་ཤ་ཞེས་གླིང་བུ་དང་བཅོ་བརྒྱད་དོ། །བཞི་པ་གླུ་དབྱངས་ཀྱི་ངེས་པ་བདུན་ནི། འདོད་འཇོ་ལས། རྒྱུད་ལས་བྱུང་བ་དང་མགྲིན་པ་ལས་བྱུང་བའི་སྒྲ་ནི་འཁོར་ཉན་ལ་སོགས་པའི་དབྱངས་བདུན་ཏེ། ཞེས་པའི་དོན་ནི། ཐུབ་པ་མིས་བྱིན་བུས། དྲུག་སྐྱེས་རྨ་བྱའི་སྒྲ་ལྟར་སྒྲོག། ཁྱུ་མཆོག་བ་ལང་སྐད་ཀྱིས་རྩོམ། །དྲི་འཛིན་སྐྱེས་ནི་ར་ཡི་སྐད། །བར་མ་ཁྲུང་ཁྲུང་སྒྲ་སྒྲོག་བཞིན། །ལྔ་པ་མེ་ཏོག་རྒྱས་དུས་སུ། །ཁུ་བྱུག་སྒྲོག་པ་ལྟ་བུ་སྟེ། །བློ་གསལ་རྟ་སྐད་ལྟ་བུར་འཚེར། །འཁོར་ཉན་གླང་པོ་སྒྲོག་པ་བཞིན། །ཞེས་འབྱུང་། དེ་རྣམས་དུས་གང་དང་གང་གི་ཚེ་བླང་བ་ནི། སྔོན་གྱི་གཙུག་ལག་ལས། རྩེ་མོ་རློམ་པར་བླང་བ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ། །ཞེས་སློབ་དཔོན་ཡེ་ཤེས་རྡོ་རྗེས་ལང་གཤེགས་ཀྱི་གླེང་གཞིའི་འགྲེལ་པར་དྲངས་པ་ལྟར། གཞོན་ནུ་མའི་ཚོགས་དང་རྩེ་ཞིང་རོལ་བ་དང་། རློམ་སེམས་པའི་ཚུལ་དང་མཐུན་པར་བསྟན་པའི་ཚེ་ལྔ་པ་ཁུ་བྱུག་གི་སྒྲ་ལྟ་བུ་དང་བར་པ་ཁྲུང་ཁྲུང་གི་སྐད་ལྟར་བླང་ངོ་། །གཞན་ཡང་དྲག་པོའི་ཚུལ་གྱིས་གཞན་ཚར་གཅོད་པ་དང་ངོ་མཚར་གྱི་ཁྱད་པར་སྟོན་པའི་ཚེ། དེ་དང་མཐུན་པ་དྲུག་སྐྱེས་རྨ་བྱའི་སྐད་ལྟ་བུ་དང་ཁྱུ་མཆོག་བ་གླང་གི་སྐད་ལྟར་བླང་ངོ་། །ཡང་སྙིང་རྗེའི་ཉམས་དང་ལྡན་པའི་ཚེ་དེ་དང་མཐུན་པར་ས་འཛིན་ནམ་དྲི་འཛིན་ཏེ་རའི་སྐད་ལྟ་བུ་དང་འཁོར་ཉན་གླང་པོའི་སྒྲ་ལྟར་བླང་ངོ་། །རྩོད་པའི་འཁོར་ལོ་ཤོམ་པ་ལྟ་བུ་འཐབ་མོ་འཇིགས་པ་དང་བཅས་པའི་ཚེ། དེ་དང་མཐུན་པའི་གླུ་བློ་གསལ་ཞེས་པ་ཅང་ཤེས་རྟའི་སྐད་འཚེར་བ་ལྟར་བླང་བར་བྱ་བ་ཡིན་ནོ། །དེ་ལ་སོགས་པའི་གླུ་དབྱངས་ཀྱི་རྣམ་པ་མང་པོ་དྲང་སྲོང་བྷ་ར་ཏ་དང་བི་ཤ་ཁི་ལའི་གཞུང་ལས་བཤད་ཅེས་འབྱུང་ཞིང་། གཞན་ཡང་དབྱངས་བདུན་གྲོང་གསུམ་དང་། །རྒྱལ་བ་ཉི་ཤུ་རྩ་གཅིག་དང་། །ཏ་ན་བཞི་བཅུ་དགུ་རྣམས་ཏེ། །དབྱངས་ཀྱི་དཀྱིལ་འཁོར་དེ་ཙམ་མོ། །ཞེས་ཀྱང་འབྱུང་ཞེས་བཤད་དོ། །ལྔ་པ་གར་གྱི་ཆ་བྱད་དགུ་ནི། ཤྲྀངྒ་ར་ཞེས་པ་སྒེག་པ་ནི། བུད་མེད་དང་སྐྱེད་ཚལ་སོགས་ལ་རྩེ་ཞིང་རོལ་བ་ལོངས་སྤྱོད་ཀྱི་འབྱོར་པ་དང་ངོ་མཚར་བའི་ལྟད་མོ་མཐོང་བས་དགའ་བའི་འབྱོར་པ་མྱོང་བའི་འཆོར་སྒེག་སྟེ། མཆོག་གི་རང་བཞིན་མང་པོ་ཅན། །དེ་ནི་སྐྱེས་པ་བུད་མེད་རྒྱུ། །ལོངས་སྤྱོད་དང་ནི་ལྟད་མོ་སྟེ། །སྒེག་པ་རྣམ་པ་གཉིས་སུ་འདོད། །ཅེས་འདོད་འཇོར་དྲངས་སོ། །ཝཱི་ར་ཞེས་པ་དཔའ་བ་ནི། སྦྱིན་པ་དང་ཆོས་དང་གཡུལ་ལ་དཔའ་བ་སྟེ་སྤྲོ་བའི་བདག་ཉིད་ཅན་ནོ། །ཀ་རུ་ཎ་ཞེས་པ་སྙིང་རྗེ་ནི། འདོད་པ་ཉམས་པ་དང་ནོར་ཉམས་པ་སོགས་སྡུག་བསྔལ་གྱིས་ཉེ་བར་གདུང་བ་ལ་སྐྱེས་པའི་ཉམས་སོ། །ཨརྦྷུ་ཏ་ཞེས་པ་རྨད་བྱུང་ངམ་རྔམ་པ་ནི། ཡུལ་བཟང་པོ་དང་འཕྲུལ་པའི་རྣམ་འགྱུར་སྣ་ཚོགས་མཐོང་བས་སྙིང་ལ་འདོད་པའི་འབྱོར་པ་ཐོབ་པ་ལས་བྱུང་བའོ། །ཧཱ་སྱ་ཞེས་པ་རྒོད་པ་ནི། སྦ་བར་བྱ་བའི་གནས་མཐོང་བའམ་ཚོགས་སུ་སྒྲོག་པར་མི་འོས་པ་ཐོས་པ་སོགས་ཀྱིས་རྒོད་བྲོ་བའི་ཉམས་སོ། །བྷཱ་མ་ན་ག་ཞེས་པ་འཇིགས་སུ་རུང་བའི་ཉམས་ནི། སྲིན་པོ་དང་སྟག་གཟིག་སོགས་མཐོང་བའམ་མི་བཟད་པའི་སྒྲ་ཐོས་པས་སྐྲག་པ་ལ་སོགས་ལས་སྐྱེས་པའི་ཉམས་སོ། །བཱི་བྷཪྤ་ཞེས་མི་སྡུག་པའི་ཉམས་ནི། གཟུགས་ངན་པ་དང་ཤ་རུལ་བ་སོགས་སྨད་པའི་གནས་མཐོང་ཐོས་པས་སྐྱུག་བྲོ་བའི་ཉམས་སྐྱེས་པའོ། །རོ་རོ་དྲ་ཞེས་པ་དྲག་ཤུལ་གྱི་ཉམས་ནི། ལུས་ངག་གི་སྤྱོད་པ་དྲག་པོས་སྤྱོད་ཅིང་བརྡེག་པ་སོགས་ཁྲོ་བ་ཉེ་བར་སྡུད་པའི་ཉམས་སོ། །ཤཱནྟ་ཞེས་པ་ཞི་བའི་ཉམས་ནི། དཀའ་ཐུབ་དང་བརྟུལ་ཞུགས་ལ་སོགས་པའི་བདག་ཉིད་ལ་ཕན་པའི་རྒྱུན་བྱེད་པ་སྟེ། སྒེག་པའི་ཉམས་ཀྱི་རྗེས་སུ་འཇུག་གོ་ཞེས་འབྱུང་ངོ་། །དེ་ལྟར་ཡང་རིན་ཆེན་མཛོད་ལས། སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་རྒོད་དང་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །དེ་རྣམས་གར་གྱི་ཉམས་དགུའོ། །ཞེས་གསུངས། དྲུག་པ་མདོ་སྡེ་ལས་བཤད་པའི་བཟོ་སྦྱང་བཅོ་བརྒྱད་ནི། ཚོགས་པ་དང་། རྫ་མཁན་དང་། ཆང་ཚོང་དང་། ཕྱུགས་འཚོ་བ་དང་། འདྲེག་མཁན་དང་། འབྲུ་མར་འཚིར་བ་དང་། མགར་བ་དང་། ཤིང་མཁན་དང་། ཕྱྭ་མཁན་དང་། ཐ་ག་པ་དང་། ཀོ་ལྤགས་མཁན་དང་། རྐྱལ་ཆེན་པ་དང་། བཙོ་ལག་མཁན་དང་། སྨྱིག་མ་མཁན་དང་། བཤན་པ་དང་། གདོལ་པ་མཁན་དང་། ཤིང་རྟ་མཁན་ཏེ་བཅོ་བརྒྱད་དོ། །བདུན་པ་བརྟག་པ་རྣམ་པ་བརྒྱད་ནི། རིན་པོ་ཆེ་བརྟག་པ། ས་གཞི། གོས། ལྗོན་ཤིང་། རྟ། གླང་པོ། སྐྱེས་པ། བུད་མེད་བརྟག་པ་སྟེ་བརྒྱད་དོ། །གཞན་ཡང་ནང་གི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་རྣམས་ཀྱང་བཤད་དེ། སེན་མོས་འབྲད་དང་སོས་འདེབས་དང་། །འཁྱུད་པ་དང་ནི་ཐང་སྦྱར་དང་། །བྱ་བ་དང་ནི་ལག་པས་གདམ། །སྒྲ་ཡི་བྱེ་བྲག་དག་དང་ནི། །སྐྱེས་པའི་སྟེང་དུ་ཉུལ་དང་བརྒྱད། །རེ་རེ་ལའང་བརྒྱད་བརྒྱད་དེ། །དྲུག་ཅུ་རྩ་བཞིར་ཤེས་པར་བྱ། །ཞེས་བཤད་པ་ལ་སོགས་མཐའ་ཡས་སོ། །

གསོ་བ་རིག་པ།

གཉིས་པ་གསོ་བ་རིག་པ་བཤད་པ་ནི། དེ་ཡང་ལེགས་པར་སྦྱར་བའི་སྐད་དུ། ཨཱ་ཡུ་སྦད་དེཿཞེས་ཚེ་དང་སྲོག་དང་འཚོ་བ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་ཡིན་པས། འདོད་པ་དང་གཟུགས་ཀྱི་ཁམས་ན་དྲོད་དང་རྣམ་པར་ཤེས་པའི་རྟེན་གཉིས་ཀ་བྱེད་པ་དང་། གཟུགས་མེད་ན་རྣམ་པར་ཤེས་པའི་རྟེན་ཁོ་ན་བྱེད་པས་ན་ཚེའི་རིག་བྱེད་དེ། བི་ཙི་ཀ་ནི་ས་ཏི། ཞེས་པས་གསོ་བའི་དཔྱད་ཅེས་བཤད་ཅིང་། དེའང་ཁམས་ཀུན་གྱི་འདུ་བ་མི་སྙོམས་པ་བསལ་ནས་མཉམ་པར་བྱ་བའི་ཕྱིར་རྣམ་དཔྱད་ཡིན་པས་གསོ་དཔྱད་ཅེས་བྱ་བ་དང་། ཙི་ཀི་རྭ་བིདྱ་སྟེ་གསོ་བ་རིག་པ། དེ་ལ་གསོ་བྱ་ནད་དང་ནད་པ། གསོ་ཐབས་སྨན་དང་དཔྱད། གསོ་བ་པོ་ནད་གཡོག་དང་སྨན་པ། ཞེས་དོན་གསུམ་དུ་བསྡུ་བའམ། ཡང་ན་སྨན་པ་དང་ནད་པ། ནད་གཡོག་དང་སྨན་ཏེ་བཞི་ལ་སྐྱོན་བཞི་བཞི་སྤངས་པའི་ཡོན་ཏན་བཞི་བཞི་ལྡན་པ་སྟེ། ཡན་ལག་བརྒྱད་པ་ལས། གསོ་བ་དག་ཏུ་བསྟན་པ་ནི། །སྨན་པ་སྨན་དང་ནད་གཡོག་དང་། །ནད་པ་ཡན་ལག་རྣམ་བཞི་སྟེ། །རེ་རེའང་རྣམ་པ་བཞི་བཞི་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལ་གསོ་བའི་རིག་པ་འདི་ཇི་ལྟར་འབྱུང་བའི་ཁུངས་ལ་བཞི་སྟེ། དང་པོ་སངས་རྒྱས་ཀྱིས་གསུང་ཚུལ་ནི། བྱེ་བྲག་བཤད་མཛོད་ཆེན་མོ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམྦྷི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་ཏུ་གནས། །རྒྱལ་བ་དེ་དག་བརྒྱད་ཅུ་ལ། །ཞེས་པ་སྨན་གྱི་ནགས་ཚལ་གྱི་དབུས་རག་པའི་ཞིང་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་དུ་སྟོན་པ་ཤཱཀྱའི་རྒྱལ་པོས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་སྐུར་བཞེངས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔའི་རང་གདངས་ལས་ཤར་བའི་དྲང་སྲོང་ལྔས་ཞུ་བ་ཞུ་ལན་གྱི་ཚུལ་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འཁོར་རྣམས་ལ་རྩ་རྒྱུད་གསུངས་པ་དྲང་སྲོང་ཡིད་ལས་སྐྱེས་པས་གསེར་གྱི་ལྗང་ཤོག་ལ་བཻ་ཌཱུརྱ་ཞུན་མའི་ཁུ་བས་བྲིས་པའི་གླེགས་བམ་འདི་ཉིད་གསང་བའི་ཚུལ་གྱིས་རྒྱ་གར་དུ་ཟབ་བརྒྱུད་ལས་བྱིངས་ལ་ཆེར་མ་དར་བར་གྲགས། སྟོན་པས་ཐོར་བུར་གསུངས་པ་ནི། འཁོར་ལོ་དང་པོའི་དུས་སུ། དགེ་སློང་ནད་པས་ནི་སྨན་པ་ལ་:བྲིས་༼དྲིས་༽ཏེ་བྱའོ་ཞེས་སོགས་དང་། བཅོམ་ལྡན་འདས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སྐབས། དགེ་སློང་རྣམས་སྟོན་ཀའི་གྲོ་ནད་ཀྱིས་མནར་བ་ལ། ཀུན་དགའ་བོ་ལ་རྗེས་སུ་གནང་སྟེ། དགེ་སློང་རྣམས་ཀྱིས་སྨན་རྣམ་པ་བཞི་དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། ཇི་སྲིད་འཚོའི་བར་དུ་བཅང་བ་སོགས་འདུལ་བ་སྨན་གྱི་གཞི་གསུངས། འཁོར་ལོ་བར་པའི་སྐབས་སུ་ལྷ་ཆེན་པོ་ཚངས་པ་ལ། གཅེར་མཐོང་རིག་པའི་རྒྱུད་ཆེན་པོ་ལེའུ་སུམ་སྟོང་ལྔ་བརྒྱ་པའམ་གསོ་དཔྱད་འབུམ་པར་གྲགས་པ་གསུངས་ཤིང་། འཁོར་ལོ་ཐ་མའི་སྐབས་སུ་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་མདོ་སྡེ་གསེར་འོད་དམ་པ་བཀའ་སྩལ་པ་ལས། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །ཞེས་སོགས་གསུངས། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ། ལུས་ཆགས་ཚུལ་དང་། དེའི་ཁམས་འཁྲུགས་པས་ནད་བསྐྱེད་ཚུལ། དེ་ལ་ཕན་པའི་ཕྱི་ནང་གི་དཔྱད་རྒྱས་པར་གསུངས་པ་རྣམས་སོ། །ཁྱད་པར་འཕགས་པའི་ཡུལ་དུ་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ཆེན་པོ་དང་། དེའི་སྙིང་པོ་བསྡུས་པ་སོགས་མཛད། དེ་ལ་ཁ་ཆེ་ཟླ་དགས་འགྲེལ་པ་ཟླ་ཟེར་མཛད་ཅིང་དར་རོ། །གཉིས་པ་ལྷ་ལས་བརྒྱུད་ཚུལ་ནི། ཇི་སྐད་དུ། སྙན་ཚིག་མཆོད་སྦྱིན་སྲིད་སྲུང་དང་། །ངེས་བརྗོད་ཡན་ལག་བཞི་ཞེས་བྱ། །ཞེས་པ་མེས་པོ་ཚངས་པའི་ཞལ་བཞི་ལས་བྱུང་བའི་ཚུལ་ཏེ། གང་ཕྱིར་ཚངས་པ་ཡི་ནི་ཞལ། །དབུས་མ་ནས་ནི་ཚེའི་རིག་བྱེད། །སྙན་ཚིག་ངེས་བརྗོད་མཆོད་སྦྱིན་རྣམས། །ཞལ་གཞན་ལས་ནི་གསུང་བར་མཛད། །ཅེས་གསུངས་པ་ལྟར། སྔོན་ལྷ་མིན་སྟོབས་ལྡན་གྱིས་རི་རབ་ཀྱི་བསྲུབས་ཤིང་ཀླུའི་རྒྱལ་པོ་གཉིས་ཀྱིས་བསྲུབས་ཐག་བྱས་ནས་ཕྱིའི་རྒྱ་མཚོ་བསྲུབས་པ་ལས་ཟླ་ཉི་དུག་བདུད་རྩི་སོགས་བྱུང་བའི་དུས་དབང་ཕྱུག་གིས་བདུད་རྩི་འཐུང་བས་མགྲིན་པ་སྔོན་པོར་སོང་། ཚངས་པས་བདུད་རྩི་ཁྱེར་བ་ལ་སྒྲ་གཅན་གྱིས་ཁྱབ་འཇུག་གི་ལག་ན་ཞོ་འཐུང་གི་རུས་པ་ལས་བི་ཤྭ་ཀརྨ་བཟོས་པའི་ཉི་མ་བརྡར་བའི་འཁོར་ལོ་ཡོད་པ་དེ་བསྣུན་པས་དཔྲལ་བའམ་མཁུར་ཚོས་སྣད་པས་ཡུན་རིང་དུ་བརྒྱལ། དེ་ལས་གསོས་ཏེ་དྲན་པ་རྙེད་ནས་ཕན་པའི་ཐབས་བསམ་པས་སྔོན་སངས་རྒྱས་ལ་སྨན་གྱི་རྒྱུད་ཐོས་པ་རྣམས་དྲན་ཅིང་རྨ་ནང་ནས་ཚེའི་རིག་བྱེད་ཀྱི་ཐོག་མར། ༀ་ཨ་ཐ། ཞེས་འཐོན་པ་ལ་བརྟེན་ནས་ཚེའི་རིག་བྱེད་ཡན་ལག་དང་བཅས་པ་བྱུང་སྟེ། ཟླ་ཟེར་ལས། ཡི་གེ་ༀ་དང་ཨ་ཐའི་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྡོལ་ནས་བྱུང་བ་སྟེ། །དེས་ན་འདི་དག་བཀྲ་ཤིས་ཡིན། །ཞེས་སོ། །དེ་ལྟར་ཚངས་པས་རང་གི་ནད་གསོས་ཤིང་། སྐྱེ་དགུའི་བདག་པོ་ལ་བསྟན། དེས་སྐར་མ་ཐ་སྐར་གྱི་བུ་རིས་མེད་དང་ལྷར་བཅས་གཉིས་ལ་བཤད། དེ་གཉིས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བན་ཏེ་ལྷའི་དྲང་སྲོང་དུ་མ་ལ་བརྒྱུད་དོ། །གསུམ་པ་རྒྱ་གར་དུ་དར་ཚུལ་ནི། སྟོན་པ་བཞུགས་པའི་དུས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཟུར་བུ་ཆུང་བ་རང་གི་ཕུ་བོ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པས། སྨན་པའི་རྒྱལ་པོ་འཚོ་བྱེད་གཞོན་ནུས་གསོས་ཞེས། མིའི་དྲང་སྲོང་རྒྱུན་ཤེས་ཀྱི་སློབ་མ་སྟེ། འདུལ་ལུང་གི་གསོ་གཞིའི་སྐབས་ལས། ཐུབ་པ་སྙུན་གསོའི་སྨན་གྱི་རྒྱལ་པོར་དབང་བསྐུར་བ་ལ་སོགས་པའི་ལོ་རྒྱུས་རྒྱས་པར་འབྱུང་ཞིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གསོ་རིག་ལ་སྦྱོར་བ་བརྒྱ་པ་དང་། འཚོ་བའི་མདོ་ཚིགས་སུ་བཅད་པ་རྩ་ཨ་ཝའི་ཆོ་ག་དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ་རྣམས་མཛད་ཅིང་། དེའི་སློབ་མ་དཔའ་བོས་གོང་དུ་བཤད་པའི་ཡན་ལག་བརྒྱད་པ་དང་དེ་ལ་ཁ་ཆེ་ཟླ་དགས་ཟླ་ཟེར་ལ་སོགས་པའི་འགྲེལ་པ་མཛད་ཅིང་དར་བར་མཛད་དོ། །བཞི་པ་གངས་ཅན་བོད་ཀྱི་ཡུལ་འདིར་ཇི་ལྟར་དར་བའི་ཚུལ་ནི། སྔོན་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས་དམ་པ་ཆོས་ཀྱི་སྲོལ་གཏོད་པའི་སྐབས། ཁ་ཆེའི་པཎྜི་ཏ་ཟླ་བ་མངོན་དགའ་དང་། ལོ་ཆེན་བཻ་རོ་ཙཱ་ནས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་སོགས་བསྒྱུར་བཤད་མཛད་ཅེས་འབྱུང་ཞིང་། གང་ལྟར་ཡང་སངས་རྒྱས་བྱང་སེམས་དང་ལྷ་མིའམ་དྲང་སྲོང་རྣམས་ཀྱིས་མཛད་པའི་སྨན་གཞུང་རྒྱ་གར་རྒྱ་ནག་ཧོར་གེ་སར་གྱི་ཡུལ་རྣམས་ནས་ལོ་ཆེན་བཻ་རོ་ཙཱ་ན་ལ་སོགས་པས་བོད་དུ་བསྒྱུར་བ་དང་། ཡན་ལག་བརྒྱད་པ་རྩ་འགྲེལ་རིན་ཆེན་བཟང་པོས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ་ཅིང་། དེ་ལ་བརྟེན་ནས་སྟོན་པ་སྨན་གྱི་བླ་དང་དབྱེར་མ་མཆིས་པ་གཡུ་ཐོག་པ་ཡོན་ཏན་མགོན་པོས། ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་རྒྱུད་བཞི་སྤེལ་ཏེ་དར་བ་ཡིན་ཏེ། སྨན་གྱི་བླ་མས་ལུང་བསྟན་པར། དང་པོའི་དུས་སུ་ཀརྨ་དྲི་མེད་དང་། །བར་དུ་གཞོན་ནུ་འཇིགས་མེད་གྲགས་པ་ཡིན། །ད་ལྟ་གཡུ་ཐོག་ཡོན་ཏན་མགོན་པོར་གྲགས། །འདི་ནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག། དྲང་སྲོང་རིག་འཛིན་རྣམས་ཀྱི་ཚོགས་དཔོན་བྱེད། །དེ་ནས་ལྔ་བརྒྱ་ཐ་མའི་དུས་བབས་ལ། །ང་ཡི་གསུང་སྤྲུལ་སྐྱེས་བུ་དམ་པ་ཁྱེད། །ཡོན་ཏན་མགོན་པོ་ཞེས་བྱ་འབྱུང་ཞིང་འབྱོན། །ཞེས་གསུངས་སོ། །

སྒྲ་རིག་པ།

༈ རིག་གནས་གསུམ་པ་སྒྲའི་རིག་པ་ནི། ཇི་སྐད་དུ། གང་ཞིག་ཤེས་ན་མཁས་པའི་གནས་ཐོབ་ཅིང་། །མཐར་ཐུག་ཀུན་མཁྱེན་གོ་འཕང་བདེ་བླག་བགྲོད། །རིག་གནས་ཀུན་ལ་ཐོགས་མེད་འཇུག་པའི་སྒོ། །བརྡ་སྤྲོད་རིག་གནས། ཞེས་བསྔགས་པ་ལྟར། བརྗོད་བྱའི་དོན་རྗོད་བྱེད་སྒྲའི་བསྟན་བཅོས་ཤེས་དགོས་ཏེ། དཎྚིའི་ཚིག་རྒྱན་ལས། སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། །གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །ལོང་བ་དག་ལ་ཡོད་དམ་ཅི། །ཞེས་གསུངས། དེ་ཡང་ཇི་ལྟར་ཞེ་ན། སྨྲ་བ་ཀུན་ལ་འཇུག་པར། ཟིན་པ་དང་ནི་མ་ཟིན་དང་། །གཉིས་ཀ་དག་ལས་བྱུང་བའི་སྒྲ། །སེམས་ཅན་སྟོན་དང་མི་སྟོན་དག། ལུང་དུ་སྟོན་དང་མི་སྟོན་པའོ། །ཞེས་པས་སྤྱིར་སྒྲ་ནི། ཟིན་པ་དང་། མ་ཟིན་པ་དང་གཉིས་ཀ་ལས་བྱུང་བའམ། ཡང་ན་སེམས་ཅན་དུ་མི་སྟོན་པ་དང་སྟོན་པ་གཉིས་ལ། མི་སྟོན་པའི་སྒྲ་རྣམས་ལ་ཡང་། སྐད་ཀྱི་བྱིངས་དང་། རིག་པ་དང་། དུས་དང་། མིང་དུ་གདགས་པ་བཞིའི་སྒོ་ནས་བརྟགས་ན་སེམས་ཅན་དུ་སྟོན་པར་འགྱུར་བའང་ཡོད་པར་བཤད་དེ། སྨྲ་བ་ཀུན་ལ་འཇུག་པ་ལ། །འཛམ་བུའི་འབྲས་བུ་སྨིན་པ་ནི། །དྲི་མ་མེད་པའི་ཆུ་ལ་ལྷུངས། །ཉ་ཡིས་བཟའ་བའི་ཕྱིར་དུ་ནི། །འགུ་ལུ་འགུ་ལུ་ཞེས་སུ་སྨྲ། །ཞེས་གསུངས་སོ། །འདིར་ནི་ཟིན་པ་སེམས་ཅན་དུ་སྟོན་ཅིང་ཚིག་ཏུ་ལྷུང་བའི་སྒོ་ནས་ལུང་དུ་སྟོན་པས་ན་བྱཱ་ཀ་ར་ཎ་ཞེས་ལུང་དུ་སྟོན་པའམ་བརྡའ་སྤྲོད་པ་ཞེས་གྲགས། དེའི་བརྗོད་བྱ་ཐུན་མོང་པ་ནི་ཚོགས་པ་གསུམ་ལྡན་ཏེ། སྨྲ་བ་རྒྱན་གྱི་མེ་ཏོག་ལས། །ངོ་བོ་ཙམ་དང་ཁྱད་པར་སྟོན། །དེ་གཉིས་རྟེན་དུ་གྱུར་པ་ནི། །མིང་དང་ཚིག་དང་ཡི་གེ་ཡིན། །ཞེས་པས། ཡི་གེ་དང་མིང་དང་། ཚིག་གི་ཚོགས་པའོ། །འདི་གསུམ་མངོན་པའི་ལུགས་ལྟར་ན་ཕན་ཚུན་འགལ་བ་ཅན་ཡིན་ཏེ། སློབ་དཔོན་བློ་གྲོས་བརྟན་པས་མངོན་པ་ཕུང་པོ་ལྔའི་བཤད་པར། དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་སྟོན་པ་ཚིག། གང་ཡང་མི་སྟོན་ཡི་གེའོ། །ཞེས་གསུངས་པས་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་། དེའི་ཁྱད་པར་སྟོན་པ་ཚིགགང་ཡང་མི་སྟོན་པའི་འབྲུ་ནི་ཡི་གེའོ། །སྒྲ་པའི་ལུགས་ལ་དེ་གསུམ་མི་འགལ་བའི་སྐབས་སྲིད་དེ། ནི་པཱ་ཏའི་སྐབས་སུ་ཨ་ཨི་ཨུ་རྣམས་ཡི་གེ་ཡིན་ཏེ་དབྱངས་ཡིག་ཡིན་པའི་ཕྱིར་དང་། མིང་ཡིན་ཏེ། ཨ་ཁྱབ་འཇུགཨི་བདུད། ཨུ་དབང་ཕྱུག་རྣམས་ཀྱི་མིང་ཡིན་པའི་ཕྱིར། ཚིག་ཡིན་ཏེ། མིང་རྣམ་དབྱེའི་མཐའ་ཅན་ཡིན་པའི་ཕྱིར་རོ། །དེ་ལ་ཡི་གེ་ནི། བརྗོད་འདོད་ཀྱིས་ཀུན་ནས་བསླངས་པས། གནས་དང་བྱེད་པ་དང་རྩོལ་བ་རྣམས་འཕྲད་པ་ལས་སྐྱེས་པའི་སྐད་གདངས་འབའ་ཞིག་པ་སྟེ། དཔང་ལོས། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། །དེ་ཡི་གནས་དང་བྱེད་པ་དང་། །རྩོལ་བ་བསྐྱེད་དང་དབུགས་དབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེས། །ཞེས་པ་སྟེ་མཚན་ཉིད་བཞི་ནི། ཨཱ་ལི་དང་། ཀཱ་ལིའི་ཡི་གེ་ཡིན་ལ་དེ་ཡང་རྒྱ་ནག་གི་ཡུལ་དང་། མི་ཉག་ལ་སོགས་ལ་ཡི་གེའི་ཚོགས་པ་མེད་པས་ཡིག་གཟུགས་ལ་ཐུག་པ་མེད་ཅིང་། རྒྱ་བལ་དང་བོད་ཡུལ་སོགས་སུ་ཡི་གེ་དབྱངས་གསལ་གཉིས་སུ་བསྡུས་ཏེ་བཤད་པས་མིང་ཚིག་གསར་དུ་བྱུང་ཡང་ཡི་གེ་སྦྱོར་བ་ལ་དཀའ་བ་མེད་དོ། །མིང་ནི་ཡི་གེ་འདུས་པ་ལས་བྱུང་བའི་བརྗོད་བྱའི་དོན་གྱི་ངོ་བོ་ཙམ་རྗོད་པར་བྱེད་པའི་སྒྲ་སྤྱིར་སྣང་བ་སྟེ། ཀ་བ་དང་བུམ་པ་ཞེས་པ་ལྟ་བུའོ། །དེ་ལྟར་ཡང་། ཡི་གེ་གཉིས་སམ་མང་འདུས་པས། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །ཞེས་སོ། དབྱེ་ན། དང་པོར་བརྡ་སྦྱར་བ་དངོས་མིང་དང་། འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་ཕྱིས་བརྡའ་སྦྱར་བ་བཏགས་མིང་ངོ་། །ཚིག་ནི། མིང་དུ་མ་འདུས་པ་ལས་བྱུང་བ། དོན་གྱི་ཁྱད་པར་སྟོན་པའི་སྒྲ་སྤྱིར་སྣང་བ་སྟེ། ཙནྡན་གྱི་ཀ་བའམ། གསེར་གྱི་བུམ་པ་ཞེས་པ་ལྟ་བུའོ། །ཁྱད་པར་སྒྲ་པའི་ལུགས་ལ། ཨ་མ་ར་ཀོ་ཥ་ལས། རྗོད་བྱེད་བསྟན་བཅོས་སྒྲ་ལ་ནི། །པུསྟ་དང་ཏིང་གི་མཐའ་ཅན་ཚིག། ཅེས་སོ། །ཡང་བརྡ་སྤྲོད་པའི་ལུགས་ཀྱི་བརྗོད་བྱ་ཐུན་མོང་མ་ཡིན་པ་ནི། རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་གྱིས་བསྡུས་ཏེ། བརྡ་སྤྲོད་སྙིང་པོ་གསལ་བ་ལས། རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཞེས་སོ། །དེ་ལ་རང་བཞིན་ནི། རྐྱེན་གྱི་དབང་གིས་རྣམ་འགྱུར་སྣ་ཚོགས་སུ་བསྒྲུབ་པར་བྱ་བའི་གཞིར་གྱུར་པ་སྟེ། རང་བཞིན་བྱིངས་དང་མིང་དེ་ཡང་། །ཐོག་མའི་རང་བཞིན་བྱ་བའི་དོན། །རྟགས་གསུམ་དབྱངས་དང་གསལ་བྱེད་མཐའ། །ཞེས་པས་ཐོག་མའི་རང་བཞིན་ནི་བྱིངས་ཏེ། བྱ་བའི་དོན་ཞེས་ཀྱང་བྱ་ཞིང་། དབྱེ་ན་གསུམ་སྟེ། བྷཱུ་ཡོད་པ་ལའོ་ཞེས་བྱིངས་མདོ་ལེའུ་དགུ་པ་ནས་བཤད་པ་རྣམས་ནི་གླེགས་བམ་ལས་བྱུང་བའི་བྱིངས་དང་། ཀུན་བཤད་ལེའུ་གཉིས་པ་ནས་བཤད་པའི་སནྡ་སོགས་བདུན་གྱི་མཐའ་ཅན་ནི། རྐྱེན་གྱིས་བཅོས་པའི་བྱིངས་དང་། ཛཱུ་མདོའི་བྱིངས་སོགས་སྒྲ་མདོའི་ཟུར་ནས་རྙེད་པ་རྣམས་ལ་མདོའི་བྱིངས་ཞེས་ཟེར་རོ། །རང་བཞིན་གཉིས་པ་མིང་ནི། སྒྲ་པའི་ལུགས་འདིར་རྟགས་སུ་གྲགས་ཏེ་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སོ། །ཞེས་པས་བྱིངས་ལ་ཀྲྀར་྄རྐྱེན་བྱིན་ཞིང་རྣམ་དབྱེ་མ་བྱིན་པའི་བར་སྐབས་ཀྱི་སྒྲའི་ཡན་ལག་ཞིག་ལ་ངོས་འཛིན་ཞིང་། དབྱེ་ན། ཕོ་མོ་མ་ནིང་གི་རྟགས་གསུམ་སོ་སོ་བ་དང་ཐུན་མོང་པ་སྟེ་མིང་གཞི་ཞེས་བྱ་སྟེ། བྲིཀྵ་ལྟ་བུ་དབྱངས་ཀྱི་མཐའ་དང་། བིརྷུར་྄ལྟ་བུ་གསལ་བྱེད་ཀྱི་མཐའ་ཅན་གཉིས་སུ་འདུས་སོ། །གཉིས་པ་རྐྱེན་ནི། སྒྲའི་རང་བཞིན་གཉིས་མིང་ཚིག་བྱིངས་གསུམ་གང་རུང་སྒྲུབ་པར་བྱེད་པའི་སྒྲའི་ཡན་ལག་ལ་རྐྱེན་ཞེས་བྱ་སྟེ། ཀུན་བཤད་ལས། རྐྱེན་ལ་མཚན་ཉིད་རང་བཞིན་རྣམ་འགྱུར་དུ། །སྒྲུབ་པར་བྱེད་པ་སྒྲ་ཡི་ཡན་ལག་ཡིན། །ཞེས་སོ། །ཀྲྀཏ་྄རྐྱེན་དང་ཨུ་ཎ་྄སོགས་བྱིངས་རྟགས་སུ་སྒྲུབ་པའི་རྐྱེན། ཏི་སོགས་བྱིངས་ཚིག་ཏུ་སྒྲུབ་པའི་རྐྱེན། ཡིན་དང་ཨ་ཡི་མ་གཏོགས་པའི་པན་྄སོགས་བྱིངས་བྱིངས་སུ་སྒྲུབ་པའི་རྐྱེན། བུད་མེད་ལས་ཨ་ལས་ཨའོ། །ཞེས་སོགས་རྟགས་རྟགས་སུ་སྒྲུབ་པའི་རྐྱེན་ཏེ། མིང་ལས་རང་དང་འབྲེལ་བ་ཡི། །མིང་གཞན་སྒྲུབ་པ་དེ་ཕན་ཏེ། །ཞེས་མིང་མིང་དུ་སྒྲུབ་པར་བྱེད་པ་དེ་ཕན་དང་། ཨཱ་ཡི་སོགས་རྟགས་བྱིངས་སུ་སྒྲུབ་པའི་རྐྱེན། སི་སོགས་རྟགས་ཚིག་ཏུ་སྒྲུབ་པའི་རྐྱེན་དང་བདུན་ཡོད་ལ། དེ་ལས་ཀྱང་སི་སོགས་དང་ཏི་སོགས་ནི་རྐྱེན་དང་། རྣམ་དབྱེའི་གཞི་མཐུན་ཏེ། སྔ་མས་མིང་ཚིག་ཏུ་སྒྲུབ་པའི་སྒོ་ནས་དོན་རྣམ་པར་འབྱེད་པའི་ཕྱིར་དང་། ཕྱི་མས་བྱིངས་ཚིག་ཏུ་སྒྲུབ་པའི་སྒོ་ནས་དུས་དང་དོན་རྣམ་པར་འབྱེད་པའི་ཕྱིར་རོ། །གསུམ་པ་རྣམ་འགྱུར་ནི། དཔང་ལོས། རང་བཞིན་རྐྱེན་དང་འབྲེལ་བའམ། །ཡི་གེ་ཙམ་དང་འབྲེལ་བ་ཡི། །བསྒྱུར་དང་དབྱེ་བ་རྣམ་འགྱུར་ཏེ། །ཞེས་པས། མིང་ལེ། ཀུན་བཤད། ཀྲྀར྄་རྣམས་སུ་བཤད་པའི་བསྒྱུར་བ་དང་དབྱི་བ་རྣམས་ནི་རང་བཞིན་རྐྱེན་དང་འབྲེལ་བའི་རྣམ་འགྱུར་ཡིན་ལ། མཚམས་སྦྱོར་ལས་བཤད་པའི་བསྒྱུར་དབྱི་རྣམས་ནི་ཡི་གེ་ཙམ་དང་འབྲེལ་བའི་རྣམ་འགྱུར་རོ། །དེ་དག་སྟོན་པའི་གཞུང་ལུགས་ཀྱང་། ཨིནྡྲ་བྱཱ་ཀ་ར་ཎ། བི་ཤ་ལི་བྱཱ་ཀ་ར་ཎ། ཤ་ཀོ་ཊ་ཡ་བྱཱ་ཀ་ར་ཎ། པཱ་ཎི་བྱཱ་ཀ་ར་ཎ། སུ་མནྟ་བྷ་དྲ་བྱཱ་ཀ་ར་ཎ། པ་རཉྫ་ལེ་བྱཱ་ཀ་ར་ཎ། མ་ནུ་ཛེནྡྲ་བྱཱ་ཀ་ར་ཎ། ཞེས་པ་ཎི་པའི་འགྲེལ་བར་གྲགས་ལ། རྒྱ་བོད་ཀྱི་མཁས་པ་སྤྱི་ལ་གྲགས་པར། པ་ཎི་བྱཱ་ཀ་ར་ཎ། འཇམ་དཔལ་གྱི་བྱཱ་ཀ་ར་ཎ། ཀ་ལཱ་པ་དང་། ཙནྡྲ་པ། དབྱངས་ཅན་བྱཱ་ཀ་ར་ཎ་རྣམས་ལས་ཨིནྡྲ་བྱཱ་ཀ་ར་ཎ་མ་གཏོགས་བོད་དུ་འགྱུར་ཞིང་། ཁྱད་པར་ཀ་ཙན་྄གཉིས་ནི་གངས་ཅན་གྱི་རྨོངས་མུན་སེལ་བ་ལ་ཉི་ཟླ་ཟུང་འབྲེལ་ལྟ་བུར་གྱུར་པ་ཡིན་ནོ། །དེ་ལྟར་སྒྲ་རིག་པ་ཇི་ལྟར་བྱུང་བའི་ཁུངས་ལ་བཞི་ལས། དང་པོ་འཕགས་པས་གསུང་ཚུལ་ནི། སྟོན་པ་སངས་རྒྱས་ཀྱིས་སོ་སོར་ཡང་དག་རིག་པ་བཞིའི་ནང་ནས་གསུམ་པ་ངེས་ཚིག་འཆད་པའི་དུས་དང་། རྔ་བོ་ཆེའི་མདོར། རང་བཞིན་རྐྱེན་རྣམ་འགྱུར་རྣམས་དང་། དེ་དག་གི་ཉེར་མཁོའི་མིང་དང་ཆ་ལག་ཀྱང་མཚོན་ཏེ་གསུངས་ཤིང་། བྱང་སེམས་འཕགས་པས་གསུངས་པ་ནི། དུས་འཁོར་འགྲེལ་ཆེན་ལས། འཇམ་དཔལ་གྱིས་རང་གི་ལུང་སྟོན་པ་ལས་བྲིས་པ་ཞེས་འཇམ་དཔལ་བྱཱ་ཀ་ར་ཎ་བསྟན་པ་དང་། པ་ཎི་པ་དང་དབྱངས་ཅན་མ་གཉིས་ཀྱང་བྱང་འཕགས་ཀྱིས་གསུངས་པར་བགྲངས་ན་ལེགས་ཏེ། སྔ་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱིས་བྲམ་ཟེ་པཱ་ཎི་པ་ལ་གསུངས་པ་ཡིན་ལ། ཕྱི་མ་འཕགས་མ་དབྱངས་ཅན་མས་ཨ་ནུ་བྷཱུ་ཏི་ལ་དངོས་སུ་གསུངས་པའི་ཕྱིར་རོ། །གཉིས་པ་ལྷའི་ཡུལ་དུ་དར་ཚུལ་ནི། སུམ་ཅུ་རྩ་གསུམ་དུ་སརྦ་ཛྙཱ་ཞེས་པའི་སྒྲ་མཁན་མཁས་པ་ཞིག་བྱུང་སྟེ། དེས་སྒྲའི་བསྟན་བཅོས་ཆེན་པོ་བྱས་པ་ལྷའི་ཡུལ་དུ་དར་ཞེས་གྲགས། དེ་ལ་བརྒྱ་བྱིན་གྱིས་བསླབ། དེས་སྒྲ་མཁན་ཕུར་བུ་ལ་བཤད་ནས། ཕུར་བུ་ལྷ་རྣམས་ཀྱི་སློབ་དཔོན་དུ་བསྐོས་ཏེ། དེའི་ཚེ་ཕུར་བུ་ང་རྒྱལ་ཆེ་བས་ལྷ་རྣམས་ཀྱིས་བསྟེན་དཀའ་བ་ན། བརྒྱ་བྱིན་གྱིས་ཆུ་བུམ་ལས་ཀུ་ཤའི་རྩེས་ཐིགས་པ་བླངས་ཏེ། སྒྲ་ཡི་བསྟན་བཅོས་རྒྱ་མཚོ་ཙམ། །ཁོ་བོས་ཤེས་པ་བུམ་གང་ཙམ། །ཁྱོད་ཀྱིས་ཤེས་པ་ཆུ་ཐིགས་ཙམ། །ཞེས་སྨྲས་པས་ཕུར་བུ་ཡིད་ཆད་དེ་སྒྲ་མི་སྟོན་༼པར་༽དམ་བཅས་ན། དབང་པོས། རང་གིས་ཇི་ཙམ་ཤེས་པ་སྟོན་ཅིག་ཅེས་བསྒོས་པས་རང་སྦྱོང་བའི་ཆེད་དུ་དུས་གཉན་བཞི་བསྲུངས་ནས་ལྷ་གཞན་ལ་བསྟན་པས་སྒྲ་མཁན་ནམ་ལྷའི་བླ་མ་ཞེས་གྲགས་སོ། །གསུམ་པ་རྒྱ་གར་དུ་དར་ཚུལ་ནི། པཱ་ཎི་བྱཱ་ཀ་ར་ཎ་འཇིག་རྟེན་དུ་མ་ཕེབས་གོང་དུ་སྒྲ་སྦྱོར་དུམ་ཀ་བསགས་ནས་སྦྱོང་བ་ལས་གཅིག་ཏུ་བསྡེབས་པའི་བསྟན་བཅོས་མེད་པར་གྲགས། དེ་ནས་བྲམ་ཟེ་པཱ་ཎིས་ས་སྟེང་གི་སྒྲ་མཁན་ཐམས་ཅད་ལ་རིག་པ་བསླབ། ཁྱད་པར་འཕགས་པ་སྤྱན་རས་གཟིགས་བསྒྲུབ་པས་གྲུབ་སྟེ། འཕགས་པས་ཡི་གེ་བསྡུ་བ་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་ན་ཡོད་པའི་སྒྲའི་གནས་ཐམས་ཅད་ཁོང་དུ་ཆུད་དེ། པཱ་ཎི་བྱཱ་ཀ་ར་ཎ་ཞེས་ཤོ་ལོ་ཀ་ཉིས་སྟོང་ལྔ་བརྒྱ་ཡོད་པར་གྲགས། དེའི་འོག་ཏུ་གཞོན་ནུ་ཀཱརྟི་ཀས་བྲམ་ཟེ་པཔྟ་ཝརྨ་ལ་བསྟན་པ་ཀཱ་ལ་པ་དང་། སློབ་དཔོན་ཙནྡྲ་གོ་མིས་པཱ་ཎི་པའི་དོན་འགྲེལ་དུ་ཙནྡྲ་བྱཱ་ཀ་ར་ཎ་མཛད། དེ་རྗེས་མཁས་པ་སྒོ་དྲུག་དང་དུས་མཚུངས་པར་སྒྲ་དབྱངས་ལྷ་མོས་ཨ་ནུ་བྷུ་ཏི་ལ་དབྱངས་ཅན་བྱཱ་ཀ་ར་ཎ་གསུངས་པ་ཡིན་ནོ། །བཞི་པ་བོད་དུ་འགྱུར་ཚུལ་ནི། ཤོང་དཔང་གཉིས་ཀྱིས་ཀ་ཙན་དང་། ཆོས་སྐྱོང་བཟང་པོས་འཇམ་དཔལ་གྱི་བྱཱ་ཀ་ར་ཎ། ཇོ་ནང་ལོ་ཙཱ་ཕྱི་མས་དབྱངས་ཅན་མ། འདར་ལོས་དེ་ལ་འགྱུར་བཅོས་དང་པཱ་ཎི་པ་ལ་གཞི་འགྱུར་མཛད་པ་ཡིན་ནོ། །

ཚད་མ་རིག་པ།

༈ རིག་གནས་བཞི་པ་ཚད་མ་རིག་པ་ནི། ཀུན་ལས་བཏུས་ལས། མངོན་སུམ་དང་ནི་རྗེས་སུ་དཔག། ལྟར་སྣང་བཅས་པ་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་ངག། ལྟར་སྣང་བཅས་པ་གཞན་རྟོགས་བྱེད། །ཅེས་གསུངས་པ་ལྟར་རྟོག་གེའི་ཚིག་དོན་བརྒྱད་དེ། མངོན་སུམ། རྗེས་དཔགསྒྲུབ་ངགཐལ་འགྱུར་བཞི་པོ་རེ་རེ་ལ་ཡང་། ཡང་དག་དང་ལྟར་སྣང་གཉིས་གཉིས་སུ་ཕྱེ་བའི་ཕྱིར་རོ། །དེའང་བསྡུ་ན། རང་གིས་གཞལ་བྱ་རྟོགས་པའི་ཐབས་དང་། རྟོགས་ནས་གཞན་རྗེས་སུ་འཛིན་པའི་ཐབས་ཏེ་གཉིས་སུ་འདུ་ཤིང་། དེ་ཡང་ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་པས་ཚད་མའི་དོན་ནི་མི་བསླུ་བ་སྟེ། རང་གི་གཞལ་བྱ་ལ་མ་འཁྲུལ་བའི་འཇལ་བྱེད་ཅིག་ལ་འཇོག་པ་ཡིན་པའི་ཕྱིར། དཔེར་ན་བྲེ་ཚད་དང་སྲང་ཚད་བཞིན་ནོ། །གཞལ་བྱ་ལ་གསུམ་སྟེ། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་རོ། །དེ་དག་འཇལ་བྱེད་ནི། གཞལ་བྱ་མངོན་གྱུར་འཇལ་བྱེད་ལ་མངོན་སུམ་བཞི་སྟེ། དབང་པོ། ཡིད། རང་རིགརྣལ་འབྱོར་མངོན་སུམ་དང་བཞིའོ། །ལྐོག་གྱུར་འཇལ་བྱེད་དང་སྒྲུབ་བྱེད་ནི། དངོས་སྟོབས་རྗེས་དཔག་གི་རྟེན་གཏན་ཚིག་གསུམ་སྟེ། ཆོས་བཅུ་པའི་མདོར། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལ་ཤེས། །ཞེས་གསུངས་པ་ལྟར་འབྲས་བུའི་གཏན་ཚིག་དང་། རྣམ་འགྲེལ་དུ། ཅུང་ཟད་སྐྱེ་བའི་མཚན་ཉིད་ཅན། །གང་དེ་ཐམས་ཅད་དགག་ཆོས་ཅན། །ཞེས་པ་ལྟ་བུ་རང་བཞིན་གྱི་གཏན་ཚིག་དང་། །ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །གཏན་ཚིག་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་མི་ཤེས་འབྲས་བུ་ཅན། ཞེས་པ་ལྟ་བུ་མ་དམིགས་པའི་གཏན་ཚིག་རྣམས་སོ། །གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་གཏན་ཚིག་ནི། མངོན་སུམ་དང་དངོས་སྟོབས་ཀྱི་གཏན་ཚིགས་གཉིས་ཀས་མི་འགྲུབ་པའི་ཕྱིར་དཔྱད་གསུམ་དག་པའི་ལུང་ཉིད་ལ་བརྟེན་ནས་རྟོགས་དགོས་པ་ཡིན་ནོ། །དེ་ལྟར་ཚད་མ་རིག་པ་ཇི་ལྟར་བྱུང་བའི་ལོ་རྒྱུས་ལ་གསུམ་ལས། དང་པོ་སངས་རྒྱས་ཀྱིས་གསུང་ཚུལ་ནི། དགེ་སློང་དག་མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་པའི་སྔོན་པོ་ཤེས་ཀྱི་ཞེས་པས་ཡན་ལག་གིས་མ་འཁྲུལ་བའི་རིག་པ་དེ་བསྟན། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་པས་རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ་བསྟན་པས་མངོན་སུམ་གྱི་མཚན་ཉིད་གསལ་བར་གསུངས། ཡང་། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེས་པའི་མིག་དང་ཞེས་པས་དབང་མངོན་དང་། ཡིད་ལ་བརྟེན་པའོ་ཞེས་པ་ཡིད་མངོན། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས་རང་རིག་མངོན་སུམ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ། ཞེས་པས་རྣལ་འབྱོར་མངོན་སུམ་སྟེ། དེ་ལྟར་མངོན་སུམ་བཞི་ཀ་དང་རྗེས་དཔག་གི་རྟེན་གཏན་ཚིག་གསུམ་ཀ་མདོ་ལས་གསུངས་ཚུལ་སྔར་བཤད་པ་ལྟར་རོ། །གཉིས་པ་༼མཁས་པས་༽བཀྲལ་ཚུལ་ནི། སྟོན་པ་ནས་བརྒྱུད་དེ་དགྲ་བཅོམ་པ་ཆོས་སྐྱོབ། དེས་པཎ་ཆེན་མེ་ཝཾ་གདེས་མཁས་མཆོག་དབྱིག་གཉེན་ལ་གསུངས་ཤིང་། དེས་གཞོན་ནུའི་དུས་སུ་རྩོད་གྲུབ་ཏུ་གྲགས་པའི་བསྟན་བཅོས་ཀྱང་མཛད། དབྱིག་གཉེན་ལ་རང་མཁས་ཀྱི་སློབ་མ་བཞི་བྱུང་བའི་ཚད་མ་རང་ལས་མཁས་པ་ནི་ཕྱོགས་ཀྱི་གླང་པོ་སྟེ། དེ་ལ་འཇམ་དཔལ་གྱིས་དངོས་སུ་དབུགས་ཕྱུངས་ནས་བརྩམས་པ་ཚད་མ་མདོ་དང་། དེའི་དགོངས་འགྲེལ་དུ་ཕྱོགས་གླང་གི་སློབ་མ་དབང་ཕྱུག་སྡེ་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས་གསན་ནས་ཚད་མ་སྡེ་བདུན་མཛད་དེ། རྒྱས་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། དེ་ལས་འཕྲོས་པ་བཞི་ནི། རང་དོན་རྗེས་དཔག་ལས་འཕྲོས་པ་གཏན་ཚིག་ཐིགས་པ་དང་འབྲེལ་པ་བརྟགས་པ། གཞན་དོན་རྗེས་དཔག་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ་དང་རྩོད་རིགས་ཏེ་ཡན་ལག་གི་བསྟན་བཅོས་བཞིའོ། །གསུམ་པ་བོད་དུ་བསྒྱུར་ཚུལ་ནི། བསྟན་པ་སྔ་དར་གྱི་དུས་སུ་སྡེ་བདུན་ཕྱི་མ་འགའ་དང་། :དུས་༼དུལ་༽ལྷའི་འགྲེལ་པ་སོགས་འགྱུར། ཕྱི་དར་ལ་རྨ་དགེ་བློས་མདོ་དང་རྣམ་འགྲེལ་རྣམ་ངེས་འགྲེལ་ཆེན་དང་བཅས་པ་བསྒྱུར་ཅིང་། ཁྱད་པར་རྔོག་ལོ་ཆེན་པོས་གསར་བསྒྱུར་དང་འགྱུར་བཅོས་དུ་མ་མཛད་ནས་འཆད་ཉན་གྱིས་གཏན་ལ་ཕབ། རྣམ་འགྲེལ་ནི་རྣམ་ངེས་ལ་ལྟོས་ནས་བཤད་རྒྱུན་མ་ནུབ་ཙམ་དུ་གནས་པ་ལས། ཕྱིས་ཆོས་རྗེ་ས་པཎྜི་ཏས་རྩལ་དུ་བཏོན་ནས་བསྒྱུར་བཤད་ཀྱིས་གཏན་ལ་ཕབ། འཕགས་པ་རིན་ཆེན་གྱིས་གསང་ཕུར་རྣམ་འགྲེལ་གྱི་ཚད་རྒྱགས་སྦྱར་བ་སོགས་ཀྱིས་ཤིན་ཏུ་དར་རྒྱས་སུ་གྱུར་པ་ཡིན་ནོ། །

ནང་རིག་པ།

༈ རིག་གནས་ལྔ་པ་ནང་རིག་པ་ནི། ནང་རིག་ཐེག་པ་གསུམ་དུ་གྲགས་ཤིང་གྲུབ། །ཅེས་པ་ལྟར། བརྗོད་བྱའི་དབང་དུ་བྱས་ན་ཐེག་པ་གསུམ་མམ་དགུ་སྟེ། དེ་ལ་ཐེག་པ་གསུམ་ནི། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ཐེག་པ་དང་གསུམ་མོ། །ཡང་ན་དགོངས་འདུས་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག། དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས། ཐེག་པ་དགུ་ནི། གསུམ་པོ་དེ་རེ་རེ་ལའང་གསུམ་གསུམ་དུ་དབྱེ་བ་སྟེ། ཉན་རང་བྱང་སེམས་གསུམ་ལ་མཚན་ཉིད་སྡེ་གསུམ་མམ་ཀུན་འབྱུང་འདྲེན་པའི་ཐེག་པ་དང་། ཀྲྀ་ཡ། ཨུ་པ། ཡོ་ག་གསུམ་ལ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་ཕྱི་རྒྱུད་སྡེ་གསུམ་དང་། མ་ཧཱ་ཡོ་གཨ་ནུ་ཡོ་གཨ་ཏི་ཡོ་ག་གསུམ་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་ནང་རྒྱུད་གསུམ་མོ། །དེ་ཐམས་ཅད་ཀྱང་གཞི་ཆོས་ཉིད་རིས་མེད་ལ། སོ་སོའི་དབང་པོའི་རྟོགས་ཚུལ་གྱིས་ལྟ་བ་ལ་དམིགས་ནས་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བརྩོན་པས། རང་རང་གི་འདོད་པའི་གྲུབ་འབྲས་རྣམ་གྲོལ་གྱི་རིམ་པ་མི་བསླུ་བར་ཐོབ་པ་ཞིག་ཡིན་ནོ། །རྗོད་བྱེད་ཀྱི་དབང་དུ་བྱས་ན་ཐེག་དམན་དང་ཐེག་ཆེན་གྱི་དབྱེ་བས་གཉིས་སོ། །བསླབ་པ་གསུམ་ལ་ལྟོས་ནས་གསུམ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དང་གསུམ་སྟེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། ཞེས་གསུངས་པའི་ཕྱིར་རོ། །འོ་ན་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སྡེ་སྣོད་གསུམ་གང་དུ་བསྡུ་ཞེ་ན། པཎྜི་ཏ་ཆེན་པོ་བཱི་མ་ལ་སོགས་མངོན་པའི་སྡེ་སྣོད་དུ་བཞེད་པ་དང་། ཤནྟི་པ་སོགས་ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་མདོ་སྡེའོ་ཞེས་མདོ་སྡེར་བསྡུ་བ་སོགས་ལའང་འགལ་བ་མ་མཆིས་འདྲ་ཡང་མཁས་པ་སྤྱིའི་བཞེད་པ་ལྟར་ན་སྡེ་སྣོད་བཞི་པའམ་རིག་པ་འཛིན་པའི་སྡེ་སྣོད་ཅེས་རྐང་ཐུབ་གཅིག་ཏུ་འདྲེན་པར་མཛད་དེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཐམས་ཅད་འདུལ་བའི་:སྙིང་༼གཉེན༽པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་པ་དང་དགོངས་པ་མཐུན་ནོ། །དེ་ལ་སྡེ་སྣོད་གསུམ་གྱི་སྒྲ་དོན་ནི། མདོ་སྡེའི་སྡེ་སྣོད་ལ་སཱུཏྲཱ་ཞེས་མགོར་སྨོས་པར་འགྱུར་ཏེ། རྒྱལ་པོའི་ཁབ་ན་ཞེས་པ་ལྟ་བུ་གནས་སྨོས་པ་དང་། སའི་མཚན་ཉིད་སྲ་བའོ། །ཞེས་པ་ལྟ་བུ་མཚན་ཉིད་སྨོས་པ་དང་། ཆོས་ཀྱི་ཚིག་དང་དོན་སྨོས་པས་མདོ་སྡེ་སྟེ། ཇི་སྐད་དུ། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་གསུངས། མངོན་པའི་སྡེ་སྣོད་ནི། ཨ་བྷི་ཥི་ན་ཞེས་པས་ཡང་ཡང་སྟེ་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་ཤེས་བྱ་ཇི་སྙེད་པའི་ཆོས་རྣམས། ཕྲ་ཞིབ་ནས་སྟོན་པས་གཞན་ཟིལ་གྱིས་གནོན་པ་སྟེ། མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་གསུངས། འདུལ་བའི་སྡེ་སྣོད་ལ་བི་ན་ཡ། ཞེས་པས། ལྟུང་བ་སྟོན་ཅིང་ངེས་པར་བྱེད་པས་ན་འདུལ་བ་སྟེ། །ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་དབྱེ་བ། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་གསུང་སོ། །དེ་ལྟར་ནང་རིག་པ་ཇི་ལྟར་བྱུང་བའི་ཁུངས་ལ་སོགས་པ་ནི་གོང་དུ་སྨོས་པ་ལ་འདུས་པས་མ་སྤྲོས་སོ། །

རིག་གནས་ཆུང་བ་ལྔ།

༈ རིག་གནས་ཆུང་བ་ལྔ་ནི། དེ་ཡང་དཔལ་སྒང་ལོ་ཙཱ་བས། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་བརྗོད་ཟློས་གར་འདི་དག་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་སྒྲོག། ཅེས་གསུངས་པར་ལྟར། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། རྩིས་རིག་ཤེས་ན་གྲངས་ཀྱི་གནས་ལ་མི་རྨོངས་པ་སྟེ་རིག་གནས་ལྔ་ལས། སྙན་ངག་ནི། སྔོན་གྱི་སྙན་ངག་མཐའ་དག་ལས་རྨད་དུ་བྱུང་བ་སློབ་དཔོན་དབྱུག་པ་ཅན་གྱི་རིང་ལུགས་ལ་འཇུག་དགོས་ཤིང་། དེ་ལ་ལུས། རྒྱན། སྐྱོན་སེལ་གསུམ་དུ་བཤད་ཅིང་། ལུས་ནི། དེ་ཉིད་ལས། དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །ཞེས་སོ། །དེ་ཡང་ལུང་ལས་བྱུང་བ་དང་། བསྟན་བཅོས་ལས་བྱུང་བ་གཉིས་ཤེས་དགོས་ཏེ་ལུང་ནི་མངོན་པ་ཀུན་ལས་བཏུས་ལས། ཚིགས་སུ་བཅད་པ་ནི་རྐང་པ་གཅིག་པ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ། ལྔ་པ། དྲུག་པའི་བར་དུ་ཡང་ཡོད་དོ། །དེ་ཡང་གཅིག་པ་ནི། བྲམ་ཟེ་ཆུ་ལ་ཇི་ཙམ་ཞིགཅེས་ཚིགས་བཅད་གཅིག་གིས་དྲིས་པ་ལ། མི་ཡི་བདག་པོ་པུས་ནུབ་ཙམ། །ཞེས་གཅིག་གིས་ལན་བཏབ་པ་ལྟ་བུ་སོགས་དང་། བསྟན་བཅོས་ལས་འབྱུང་བ་ནི། རྐང་པ་བཞིར་ངེས་པ་སྟེ། ཇི་སྐད་དུ། ཚིགས་བཅད་རྐང་བཞི་དེ་ཡང་ནི། །བྲཱྀཏྟ་ཛཱ་ཏི་རྣམ་གཉིས་དབྱེ། །ཞེས་བྱུང་བ་ལྟར་རོ། །རྒྱན་ནི། ཐུན་མོང་མ་ཡིན་པའི་རྒྱན་གྱི་དབྱེ་བ་དང། ཐུན་མོང་གི་རྒྱན་དོན་རྒྱན་སོ་ལྔ་དང་། སྒྲ་རྒྱན་བྱ་སླ་བྱ་དཀའ་ལ་སོགས་པ་དང་། གབ་ཚིག་གི་རྒྱན་དང་། དེ་དག་གི་རྣམ་འགྱུར་རྣམས་སོ། །སྐྱོན་སེལ་ནི། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་རྣམས། །སྒྲ་དམན་གཅོད་མཚམས་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་ལ། །སྙན་ངག་མཁན་གྱིས་རྣམ་པར་སྤངས། །ཞེས་སྐྱོན་སེལ་རྣམས་ཤེས་པས་མི་རྨོངས་པར་བྱ་བའོ། །སྡེབ་སྦྱོར་ནི། སྔོན་གྱི་ཕྱི་རོལ་པའི་དྲང་སྲོང་སེར་སྐྱའམ་དམར་སེར་ཅན་དུ་གྲགས་པས་བྱས་པའི་རྩ་བའི་མདོ་དང་། དེའི་དཔེར་བརྗོད་རྒྱལ་བའི་ལྷས་མཛད་པ་སོགས་ལ་ཡོན་ཏན་བརྒྱད་ཀྱིས་དབེན་པས། སྙིགས་དུས་ཀྱི་སློབ་དཔོན་རཏྣ་ཨ་ཀ་ར་ཤིནྟི་སྟེ་རིན་ཆེན་འབྱུང་གནས་ཞི་བས། མདོར་བསྡུས་ཚིགས་བཅད་གསལ་བ་དང་། །མདོ་ཉིད་དཔེར་བརྗོད་གྱུར་པ་དང་། །མ་འདྲེས་རིམ་ཅན་འདོན་སླ་དང་། །བསྟོད་དང་ཚོགས་དང་ཡོན་ཏན་བརྒྱད། །ཅེས་པའི་ཡོན་ཏན་གྱིས་ཁྱད་དུ་བྱས་པ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་རང་འགྲེལ་དང་བཅས་པ་ལས་ཤེས་དགོས་ཏེ། ཡི་གེ་ལྕི་ཡང་དང་། མཉམ་པ་དང་། མི་མཉམ་པའི་བྲཱྀཏྟ་སྟེ་ཞུགས་པའམ་འཕེལ་བ། འཕགས་མ་དང་། རོ་ལངས་ཅན་གྱི་ཕྱི་མོ་མཉམ་པ་དང་གསུམ་གྱིས་ཛཱ་ཏི་སྟེ། རིགས་སམ་བསྐྱེད་པའི་ཁྱད་པར་དང་རྟོགས་བྱེད་ཀྱི་སྡེབ་སྦྱོར་གྱི་གནས་ཇི་སྙེད་ཅིག་ཤེས་པས་ཚིགས་བཅད་རྩོམ་པ་ལ་མི་རྨོངས་པར་བྱའོ། །མངོན་བརྗོད་ནི། ཆོས་རེ་རེ་ལ་མིང་གི་རྣམ་གྲངས་དུ་མ་བརྗོད་པ་སྟེ། སློབ་དཔོན་འཆི་མེད་སེང་གེས་ཨ་མ་ར་ཀོ་ཥའམ་འཆི་མེད་མཛོད་མཛད། དེའི་འགྲེལ་པ་སུ་བྷུ་རི་ཙནྡྲས་མཛད་པའི་འདོད་འཇོ་སོགས་ཤེས་དགོས་ཏེ། དཔེར་ན། ཉི་མ་ལྟ་བུའི་དོན་ཉིད་ལ་མིང་གི་རྣམ་གྲངས། ནམ་མཁའི་ནོར་བུ་དང་། རྟ་བདུན་རྒྱལ་པོ་དང་། རྟ་ལྗང་ཅན་དང་། པདྨའི་གཉེན་དང་། འོད་སྟོང་ལྡན་པ་དང་། ཚ་ཟེར་ཅན་དང་། ཉིན་མོར་བྱེད་དང་། ཀུ་མུད་དགྲ་དང་། བཅུ་གཉིས་བདག་པོ་ལ་སོགས་པ་མིང་གི་རྣམ་གྲངས་དུ་མ་ཡོད་པ་དང་། ཡང་མིང་གཅིག་ཉིད་དོན་མང་པོ་ལ་འཇུག་པ་དཔེར་ན་གོ་སྒྲ་ཞེས་པའི་སྒྲ་ལྟ་བུའི་མིང་གཅིག་ཉིད་ངག་ལ་སོགས་པའི་དོན་དགུ་ལ་འཇུག་སྟེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་བཟུང་། །ཞེས་གསུངས་པས། དེ་སོགས་མིང་གི་མངོན་བརྗོད་ལ་མཁས་པར་བྱས་པས་མི་རྨོངས་པའོ། །ཟློས་གར་ནི། སྔོན་བྱུང་གི་གཏམ་བཞིན་གྱི་གཟུགས་བྱས་ཏེ་སྐད་རིགས་སོ་སོའི་གཏམ་དང་གླུ་ཟློས་ཤིང་གར་བྱེད་པ་ལ། སྐྱེས་བུའི་ལག་པ་དང་། མགོ་བོའི་བསྒྱུར་ཐབས་གཙོ་བོར་གྱུར་པ་ཡན་ལག་ལྔ་དང་ལྡན་པའོ། །ཡན་ལག་ལྔ་ནི། ཟློས་གར། མདོ་འཛིན་པ། རོལ་མོ་བ། ཆས་སུ་ཞུགས་པ། བཞད་གད་པ་དང་ལྔའོ། །དེ་ཡང་ལེགས་པར་སྦྱར་བ་སམ་སྐྲྀ་ཏའི་སྐད་གླུར་བླང་བ་དང་། ཨ་ཝ་སྦྲཾ་ཤ་སྟེ་ཟུར་ཆག་གི་སྐད་དང་། པི་ཤ་ཙི་ཞེས་ཤ་ཟའི་སྐད་དང་། རང་བཞིན་གྱི་སྐད་དེ། དེ་དག་ཀྱང་རོལ་མོ་དང་སྡེབ་ནས་སྒྱུར་བར་བྱེད་པ་སྟེ། ཀླུ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། གནོད་སྦྱིན་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱིས་གར་དང་༼སོ་སོའི་༽སྐད་ཀྱི་གླུའི་ཁྱད་པར་བློ་གསལ་བ་སོགས་རྣམ་པ་བདུན་དུ་ལེན་པས་ན་སྐད་རིགས་ལ་མི་རྨོངས་པ་ཞེས་བྱའོ། །དེ་དག་སྟོན་པའི་གཞུང་ནི། ཟློས་གར་གྱི་བསྟན་བཅོས་བྷ་ར་ཏ་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ཞེས་རྒྱལ་པོ་སྤྲིན་གྱི་བཞོན་པས་ཀླུའི་སྲོག་བསྐྱབས་པའི་སྐྱེས་རབས་དགའ་བའི་ལྷས་མཛད་པ་དང་། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་གཙུག་གི་ནོར་བུའི་བར་བཏང་ནས་བྲམ་ཟེའི་དབུལ་བ་བསལ་ཕྱིར་རང་ཚོང་དུ་བཅུག་སྟེ་དགྲ་ལ་སྟེར་དུ་བཅུག་པས་ཐམས་ཅད་བཏུལ་བའི་སྐྱེས་རབས་ཙནྡྲ་གོ་མིས་མཛད་པ་སོགས་ཟློས་གར་གྱི་བསྟན་བཅོས་རྣམས་སོ། །སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་པའི་གྲངས་ཀྱི་གནས་གཞན་ལ་མི་རྨོངས་པ་ནི། བརྩི་བྱ་དུས་དང་གཟུགས་ཅན། རྩི་བྱེད་གྲངས་གནས་དངོས་ཏེ་གཉིས་སུ་ཡོད་ཅིང་། དང་པོ་ལའང་དུས་ཀྱི་ཐོག་མ་ངོས་བཟུང་བ་དང་། དུས་ཀྱི་ཚད་ཇི་ལྟར་བརྩི་བ་དང་། གཟུགས་ཅན་གྱི་ཚད་ཇི་ལྟར་གཞལ་བ་དང་གསུམ་ལས། དང་པོ་དུས་ཀྱི་ཐོག་མ་ནི། ལུང་དང་། སྔོན་བྱུང་དང་། ཆོས་མངོན་པ་ལས། དང་པོ་ནི། ཤེད་བུ་དང་། ཤེད་ལས་སྐྱེས་གཉིས་ཀྱིས་དུས་སུ་ཁམས་ཀྱིས་ཟས་ལྕི་བ་ཟོས་པས་ལུས་ཀྱི་རང་འོད་ཉམས་ཏེ་མུན་པར་གྱུར་པ་ན། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་ཉི་ཟླ་བྱུང་བ་ཙམ་ཞིག་གསུངས་ཤིང་། འཇམ་དཔལ་རྩ་བའི་རྒྱུད་ལས། །རང་ཉིད་འོད་ལྡན་སེམས་ཅན་ནི། །དེ་ཡི་དུས་སུ་རྫོགས་ལྡན་ཡིན། །ཐམས་ཅད་ནམ་མཁའ་ལ་འགྲོ་ཞིང་། །རྒ་དང་འཆི་བ་རྣམ་པར་སྤངས། །དེ་ཡི་དུས་སུ་རྒྱུ་སྐར་མེད། །ཉི་མ་ཟླ་བ་སྐར་མ་མེད། །ལྷ་དང་ལྷ་མིན་འཇིག་རྟེན་མེད། །དང་པོའི་དུས་ནི་དུས་མཆོག་ཡིན། །ཞེས་གསུངས་པས། དུས་ཀྱི་ཚད་ཇི་ལྟར་རྩི་བ་ནི། འདི་ལ་བཤད་ཚུལ་མང་དུ་བྱུང་སྟེ། སེམས་ཀྱི་རྣམ་པར་རྟོག་པའི་སྐད་ཅིག་མ་གཅིག་ལ་དུས་མཐའི་སྐད་ཅིག་མ་གཅིགདེ་བརྒྱ་ཉི་ཤུ་ལ་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིགདེ་དྲུག་ཅུ་ལ་ཐང་གཅིགདེ་སུམ་ཅུ་ལ་ཡུད་ཙམ་གཅིགདེ་སུམ་ཅུ་ལ་ཟླ་བ་གཅིགཟླ་བ་གཉིས་ལ་དུས་གཅིགདེ་གསུམ་མམ་ཟླ་བ་དྲུག་ལ་བགྲོད་པ་གཅིགདེ་གཉིས་སམ་ཟླ་བ་བཅུ་གཉིས་ལ་ལོ་གཅིགདེ་ལ་དུས་བཞི་དང་། དུས་བཞི་ཆེན་པོ་དང་། བསྐལ་ཆུང་དང་། བསྐལ་ཆེན་ལ་སོགས་པ་རྣམས་ཀྱི་རྣམ་བཞག་འཇོག་པར་བྱེད་པ་དང་། འཇམ་དཔལ་རྩ་རྒྱུད་ལས། མིག་གིས་འབྱེད་འཛུམ་བཅུ་ལ་ནི། །སྐད་ཅིག་ཙམ་དུ་རབ་ཏུ་བརྟག། སྐད་ཅིག་བཅུ་ཞེས་བཤད་པ་ནི། །ཡུད་ཙམ་དུ་ནི་ཡོངས་སུ་བརྟག། ཡུད་ཙམ་བཞི་ལ་ཐུན་གཅིག་ཅེས། །སྔགས་རིག་པ་ནི་ཡོངས་སུ་བརྟག། ཅེས་དང་། མངོན་མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ། ཡུད་ཙམ་ཉིན་ཞག་ཟླ་བ་རྣམས། །གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ནི་ལོ། །ཞེས་དང་། ཡང་གསེར་འོད་དམ་པའི་མདོ་སྡེ་ལས་བྱུང་བའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། སེམས་ཀྱི་རྣམ་པར་རྟོག་པ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་ཞེས་བྱ། དེའི་སྐད་ཅིག་མ་གསུམ་ལ་དབུགས་འབྱུང་འཇུག་རྔུབ་ཅེས་བྱ། དབུགས་དྲུག་ལ་ཆུ་སྲང་། ཆུ་སྲང་དེ་དྲུག་ཅུའམ་དབུགས་སུམ་བརྒྱ་དྲུག་ཅུ་ནི་ཆུ་ཚོད། དེ་དྲུག་ཅུ་ལ་ཞག་གཅིག་སྟེ། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞག་སུམ་ཅུ་ལ་ནི་ཟླ་བ། ཟླ་བ་བཅུ་གཉིས་ལ་ནི་ལོ་སྟེ། དེ་བརྒྱ་ལ་སྐྱེས་བུའི་ཚེ་མཐར་ཕྱིན་པ་ཞེས་བྱའོ། །ཞེས་པ་ལྟར་སྐྱེས་བུ་ནད་མེད་ཀྱི་དབུགས་དྲུག་ལ་ཆུ་སྲང་གཅིགདེ་དྲུག་ལ་ཆུ་ཚོད་གཅིགདེ་དྲུག་ཅུ་ལ་ཉིན་ཞག་གཅིག་དང་། ཚེས་དང་རེས་གཟའ་དང་རྒྱུ་སྐར་ལ་སོགས་པའི་རྣམ་བཞག་འཇོག་པར་བྱེད་དོ། །གཟུགས་ཅན་གྱི་ཚད་ཇི་ལྟར་འཇལ་བ་ནི། མངོན་པ་མཛོད་ལས། ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །ཅེས་བཤད་དོ། །ཡང་དཔངས་ཚད་འཇལ་བར་བྱེད་པ་ལ་སོར། ལྕི་ཚད་འཇལ་བྱེད་ལ་སྲང་། བོངས་ཚད་འཇལ་བྱེད་ལ་བྲེ་སོགས་གསུངས་ཏེ། འཆི་མེད་མཛོད་ལས། འཇལ་བྱེད་སྲང་དང་སོར་དང་བྲེ། །མ་རུ་ལྔ་སོགས་མ་ཤ་ཀ། དེ་དག་དྲུག་ཅུ་ཞོ་ཡིན་ཏེ། ཞོ་བཞི་ལ་ནི་སྲང་གང་ངོ་། །ཞེས་གསུངས་པ་ཡིན་ནོ། །༼གྲངས་གནས་༽དངོས་ནི། གྲངས་ཀྱི་གནས་གཞན་དྲུག་ཅུ་ལ་སོགས་པ་རྣམས་ཏེ་སྤྲོས་པས་ཆོག་གོ། གཞན་ཡང་རྩིས་ལས་ཨངྐི། དབྱེ་བ། བསྣན་པ། བགོད་པ། བསྒྱུར་བ་སྟེ་ཡི་གེའི་ཡན་ལག་ལྔ་དང་། གཟའ། ཚེས། སྐར་མ། སྦྱོར་བ། བྱེད་པ་སྟེ་རྩིས་ཀྱི་ཡན་ལག་ལྔ་དང་། གཟའ་སོ་སོའི་མྱུར་བ་དང་། བུལ་བ་དང་། དྲང་པོ་དང་། འཁྱོག་པོའི་རྐང་པ་གཉིས་བཙལ་བ་དང་། ཁྱིམ་དང་། དེ་དག་གི་དགེ་ལེགས་ཀྱི་རྩིས་དང་། སྒྲ་གཅན་དང་། དུས་མེ་དང་། དེ་དག་གིས་ཉི་ཟླ་འཛིན་པའི་རྩིས་དང་། དུ་བ་མཇུག་རིང་འཆར་བ་དང་། ནུབ་པ་ལ་སོགས་པ་ཕྱིའི་ལས་མཐའི་རྩིས་དང་། ནང་གི་རྩ་རླུང་དང་། ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་དང་། དུས་སྦྱོར་དང་། དབུགས་དང་། ཆུ་སྲང་དང་། དབྱུ་གུ་དང་། འཕོ་བ་དང་། ཐུན་ཚད་དང་། ཉིན་ཚད་དང་། དེ་དག་ལ་བརྟེན་ནས་ཡེ་ཤེས་འཆར་བ་དང་ནུབ་པ་སོགས་དང་། གཞན་ཡང་ཐུན་མོང་མ་ཡིན་པའི་དབྱེ་བ་མཐའ་ཡས་སོ། །

འཕྲོས་དོན་རྟེན་གསུམ།

༈ ད་ནི་འཕྲོས་དོན་༼རྟེན་གསུམ་༽བརྗོད་པར་བྱ་སྟེ། སྐུ་རྟེན་དང་གསུང་རྟེན་སྔར་སྨོས་པའི་ནང་དུ་ཚང་ཞིང་། ཐུགས་རྟེན་ནི། སྤྱི་མིང་བྱེ་བྲག་ལ་བཏགས་པ་མཆོད་རྟེན་ལ་བཞག་སྟེ། དེ་ལ་དབྱེ་ན་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན། བླ་ན་མེད་པའི་མཆོད་རྟེན། བྱིན་གྱིས་བརླབས་པའི་མཆོད་རྟེན། དངོས་གྲུབ་འབྱུང་བའི་མཆོད་རྟེན། ཐེག་པ་སོ་སོའི་མཆོད་རྟེན་བཤད་པ་དང་ལྔ་ཡོད་པ་ལས། དང་པོ་ནི། སྨྲྀ་ཏིའི་དེ་ཁོ་ན་ཉིད་གྲུབ་པར། ས་ཡི་ཁྲི་འཕང་ཟུར་བཅུ་གཉིས། །གླིང་བཞི་གླིང་ཕྲན་བརྒྱད་ཡིན་ཏེ། །བང་རིམ་བདུན་དུ་བརྩེགས་པ་ནི། །གསེར་གྱི་རི་བདུན་ཤེས་པར་བྱ། །ཞེས་སོགས་གསུངས་པ་ལྟར། སྣོད་བཅུད་ཀྱི་འཇིག་རྟེན་རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་དུ་བཞག་པའོ། །གཉིས་པ་བླ་ན་མེད་པའི་མཆོད་རྟེན་ནི། ཐིག་ལེ་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། །ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །རང་བྱུང་རིན་ཆེན་སྣང་བའོ། །ཞེས་སོ། །གསུམ་པ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། འཁོར་ལོ་འབྱུང་བའི་རྒྱུད་དུ་གྲགས་པ་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་གསུངས་པ་ལྟར། ཤར་ལུས་འཕགས་ན། བྱིན་ལྡན་སྙོམས་གཏེར་དང་། མཐར་ལེགས་གཡུང་དྲུང་ཏོག་གཉིས། ལྷོ་འཛམ་བུའི་གླིང་ན་ཐུགས་རྗེ་སྤྲུལ་པ་དང་། ཡིད་བཞིན་ལྷུན་གྲུབ་གཉིས། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང་། རྨད་གྲགས་ཆོས་དབྱིངས་གཉིས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་པ་དང་། ཁམས་གསུམ་བདེ་རྒྱས་སྒྲོན་མེའི་མཆོད་རྟེན་གཉིས་རྣམས་བཞུགས་པར་བཤད་དོ། །བཞི་པ་དངོས་གྲུབ་འབྱུང་བའི་མཆོད་རྟེན་ནི། བདུད་རྩི་མཆོག་གི་རྒྱུད་ལས། །རོ་ཡི་སྲུང་མ་ཆེན་པོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ། མཆོད་རྟེན་བརྒྱད་དུ་རྣམ་པར་བཞག། དེ་དག་རྟེན་གནས་ཆེན་པོ་ཡང་། །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག། ཅེས་པའི་འགྲེལ་པར། སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་བརྒྱད་དུ། མ་མོ་བརྒྱད་ཀྱི་རྟེན་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་བྱུང་བ་ནི། མ་ག་དྷར་བདེ་བྱེད། སིངྒ་ལར་རི་བོ་ཏ་ལ། བལ་པོར་བྱ་ཁྲི་ཁ་ཤོར། སེང་གེའི་གླིང་དུ་གེའུ་དོ་ནཱ། ལི་ཡུལ་དུ་གོ་མ་ལ་སཱ་ལ་གནྡྷ། ཁ་ཆེར་ཀ་ན་ཀཟ་ཧོར་དུ་བདེ་སྤྱོད་གཞོན་ནུའི་མཆོད་རྟེན་ནོ། །ལྔ་པ་ཐེག་པ་སོ་སོའི་མཆོད་རྟེན་བཤད་པ་ལ་གསུམ་སྟེ། དང་པོ་ཉན་ཐོས་ཀྱི་མཆོད་རྟེན་ནི། ཆོས་གོས་བཞི་བལྟབས་ཀྱི་སྟེང་དུ་ལྷུང་བཟེད་སྦུབ་པ་ལ་མཁར་སིལ་བཙུགས་པ་ལྟ་བུའོ། །གཉིས་པ་རང་རྒྱལ་གྱི་མཆོད་རྟེན་ནི། རྨང་གྲུ་བཞིའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་ནོ། །གསུམ་པ་བྱང་སེམས་ཀྱི་མཆོད་རྟེན་ནི། ལྷུང་བཟེད་སྦུབ་པ་ལྟ་བུ་:བིམ་པའི་༼བུམ་པ་༽ཟླུམ་པོ་དང་། ཁང་བུ་ལྟ་བུ་དང་། རྒྱལ་མཚན་ལྟ་བུའི་མཆོད་རྟེན་བརྒྱད་ལ་སོགས་པ་ལྟ་བུའོ། །འདུལ་བ་ལུང་ལས་ནི། ཆོས་འཁོར་ལ་གདུགས་དང་། གདུགས་ལ་ཆར་ཁེབས་སུ་བཏགས་ནས། སོ་སྐྱེའི་གདུགས་མེད་པའི་བྱི་བོའོ། །ཉན་ཐོས་ཀྱི་འབྲས་བུའི་གྲངས་ཀྱི་གདུགས། རང་རྒྱལ་གྱི་གདུགས་བདུན། སངས་རྒྱས་ཀྱི་གདུགས་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་པ་རྣམ་པ་ཐམས་ཅད་པར་གསུངས་སོ། །རྒྱུད་སྡེ་སོ་སོའི་དབང་དུ་བྱས་ན། བྱ་སྤྱོད་ཀྱི་མཆོད་རྟེན་བང་རིམ་ནང་དུ་བཅག་ཅིང་ཕྱིར་འབུར་བའམ། དབུས་འབུར་ལ་མཐའ་གཉིས་ནང་དུ་བཅུམ་པ་འཁོར་ལོ་བཅུ་གཉིས་པ་ལ་སོགས་པའང་བཤད་པར་གྲགས། རྣལ་འབྱོར་རྒྱུད་ཀྱི་སྔར་བཤད་པའི་རྡོ་རྗེ་བརྩེགས་པ་སོགས་དང་། བླ་མེད་ཀྱི་དུས་འཁོར་སོགས་ནས་གསུངས་པ་རྣམས་སོ། །ཁྱད་པར་ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པ་མཛད་པ་སྔོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག། ཅེས་བཤད་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཡོངས་གྲགས་དང་མཐུན་པར་སྟོན་པ་འདིའི་མཛད་པ་ཁྱད་པར་ཅན་ལ་བརྟེན་ནས་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་ཡུལ་ལྗོངས་དེ་དང་དེའི་སྐྱེ་བོ་སྤྲོ་བ་བསྐྱེད་དེ། དུས་སྟོན་བྱ་བའི་ཕྱིར་དུ་བརྩིགས་པ་ཤཱཀྱ་ཐུབ་པའི་མཆོད་རྟེན་བརྒྱད་དུ་གྲགས་པ་ནི། དེ་ལ་མཆོད་རྟེན་གྱི་མཚན་གྱི་རྣམ་གྲངས། དང་པོ་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་ཚེ་གཏེར་ཁ་བརྒྱད་སོགས་དགེ་མཚན་དུ་མ་བྱུང་བ་བཀྲ་ཤིས་འབྱུང་བའམ། ཞབས་ཀྱི་གོམ་པ་བདུན་བོར་བས་པདྨ་བདུན་བྱུང་བ་སོགས་དང་འབྲེལ་བར་པད་སྤུངས་དབྱིབས་ཟླུམ་པོ་པདྨའི་དབྱིབས་ཅན་གྱི་བང་རིམ་བཞིའམ་བདུན་བརྒྱད་དུའང་བཤད་པ་པདྨ་དང་འཁོར་ལོས་སྤྲས་པ། སེར་སྐྱར་ལུམ་བིའི་ཚལ་དུ་ཟས་གཙང་སོགས་ཀྱིས་བཞེངས་པའི་པད་སྤུངས་མཆོད་རྟེན། གཉིས་པ་རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་དུས་དབྱིབས་གྲུ་བཞི་བང་རིམ་བཞི་པ་གཟུགས་ཅན་སྙིང་པོ་སོགས་ཀྱིས་བཞེངས་པའི་བྱང་ཆེན་མཆོད་རྟེན། གསུམ་པ་ཝ་ར་ཎ་སིར་ཆོས་འཁོར་བསྐོར་བའི་ཚེ། གྲུ་བཞི་བང་རིམ་བཞི་པ་གློ་འབུར་དང་བཅས་པ་སྒོ་རབ་བརྒྱ་རྩ་བརྒྱད་པ། འབྲིང་ང་དྲུགཐ་མ་བཅུ་དྲུག་པར་ཡོངས་གྲགས་བཞེད་ཀྱང་། ཕྱོགས་རེར་སྒོ་བཞི་རེ་བྱེད་པ་བདེན་པ་བཞི། བརྒྱད་རེ་བྱེད་པ་རྣམ་ཐར་བརྒྱད། བཅུ་གཉིས་བྱེད་པ་རྟེན་འབྲེལ་བཅུ་གཉིས། བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་མཚོན་པ་ལྔ་སྡེ་བཟང་པོས་བཞེངས་པའི་བཀྲ་ཤིས་སྒོ་མང་མཆོད་རྟེན། བཞི་པ་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པའི་ཚེ་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ་ལི་ཙ་བྱི་སོགས་ཀྱིས་ཛེ་ཏའི་ཚལ་དུ་བཞེངས་པའི་མུ་སྟེགས་ཕམ་བྱེད་དམ་ཆོ་འཕྲུལ་མཆོད་རྟེན། ལྔ་པ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཡུམ་ལ་ཆོས་གསུངས་བདེན་པ་ལ་བཀོད་ནས་ནམ་མཁའ་ལས་བབས་ནས་ཕེབས་དུས་བང་རིམ་བཞི་པའམ་བརྒྱད་པ་ངོས་རེ་རེ་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པ་གསལ་ལྡན་དད་པ་ཅན་རྣམས་ཀྱིས་བཞེངས་པའི་ལྷ་བབས་སམ་ཡང་ན་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་དུ་གྲགས་པའོ། །དྲུག་པ་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་དབྱེན་བྱས་པ་མཆོག་ཟུང་གིས་བསྡུམས་པའི་དུས་བང་རིམ་བཞི་པ་གྲུ་བཞི་ཟུར་བཞི་མཉམ་པར་བཅད་པའམ་རྒྱལ་བྱེད་པ་སོགས་མ་ག་དྷ་པ་རྣམས་ཀྱིས་བཞེངས་པའི་འོད་ཟེར་ཅན་ནམ་བྱམས་ངོས་ཀྱང་བྱ་ཞིང་དབྱེན་བསྡུམས་མཆོད་རྟེན། བདུན་པ་ཡངས་པ་ཅན་དུ་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཟླུམ་པོ་བང་རིམ་གསུམ་པ་དེའི་གྲོང་ཁྱེར་པ་རྣམས་ཀྱིས་བརྩིགས་པའམ། ཡང་ན་འགའ་ཞིག་ཏུ་ལྷས་བརྩིགས་པར་གྲགས་པའི་བྱིན་བརླབས་སམ་རྣམ་རྒྱལ་མཆོད་རྟེན། བརྒྱད་པ་རྩྭ་མཆོག་ཏུ་མྱ་ངན་ལས་འདས་པའི་ཚེ་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་རྟེན་ཡན་ཆད་བཞུགས་པ་རྩྭ་ཅན་གྱི་གྱད་རྣམས་ཀྱིས་བརྩིགས་པའི་མྱང་འདས་མཆོད་རྟེན། གཞན་ཡང་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་ཆེན་པོ་བརྒྱད་དང་། རས་ཚིག་པའི་མཆོད་རྟེན། མ་ཚིག་པའི་མཆོད་རྟེན། སོལ་བའི་མཆོད་རྟེན་ཏེ་བཅུ་གཅིགཚེམས་མཆེ་བ་ལྷ་དང་སྲིན་པོས་ཁྱེར་བའི་མཆོད་རྟེན། ཕྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པ་མཆོད་རྟེན་བྱེ་བ་དུས་གཅིག་ལ་བཞེངས་པའི་མཆོད་རྟེན་སོགས་དང་མྱ་ངན་ལས་མ་འདས་གོང་དུ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་སོགས་དཔག་ཏུ་མེད་དེ། གཙོ་བོ་སྔ་མ་བརྒྱད་དུ་ཅི་རིགས་པར་འདུས་ལ་དེང་སང་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་ན་ནི་གང་ཟག་སུའི་ཆེད་དུ་བཞེངས་ཀྱང་བརྒྱད་པོ་གང་རུང་གི་རྣམ་པ་ཅན་རྣམ་པ་ཐམས་ཅད་པར་བྱ་དགོས་ཞེས་བཤད་དོ། །


previousརིག་གནས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་པར།next