ལས་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་སྤྲུལ་པའི་སྐུ།
ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་དཔག་ཏུ་མེད་ཅིང་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དཔལ་ཧེ་རུ་ཀའི་གཟུགས་སུ་སྦྱངས་ནས་ཡང་དག་པར་བཀུག་སྟེ། དཀྱིལ་འཁོར་དུ་ཆུད་པར་བྱས་ལ། དཀྱིལ་འཁོར་ནི་བདག་ཉིད་དུ། བདག་ཉིད་ནི་ཡེ་ཤེས་སེམས་དཔར། ཡེ་ཤེས་སེམས་དཔའ་ནི་ཕྱག་མཚན་དུ། ཕྱག་མཚན་ནི་ས་བོན་དུ། ས་བོན་ཐིག་ལེར། ཐིག་ལེ་ལས་ཀྱང་ཡུད་ཙམ་གྱིས་གསལ་བ་ཉིད་དུ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བསམས་ལ། དེ་ལྟར་ཡང་དང་ཡང་དུ་སྤྲོ་ཞིང་བསྡུ་བར་བྱའོ། །འདི་ནི་སེམས་སྐྱོ་བ་རྣམས་ཀྱི་ཐིག་ལེའི་རྣལ་འབྱོར་རོ། །བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ་ཤེས་རབ་ཀྱི་པདྨའི་ཟེ་འབྲུའི་མཐར་རང་གི་ས་བོན་གྱི་དཀྱིལ་དུ་ཡུངས་ཀར་ཙམ་གྱི་རིན་
པོ་ཆེའི་ནང་དུ་ཆུད་པར་དཀྱིལ་འཁོར་གྱི་འཁོར་ལོ་གཟུང་བར་བྱ་ཞིང་བསམ་པར་བྱས་ནས། དེ་ལ་མཚན་མ་ལྔ་འབྱུང་བར་འགྱུར་རོ། །ཕྱི་ནས་རྗེས་སུ་དྲན་པའི་རྣལ་འབྱོར་གྱིས་སྤྲོ་བར་བྱའོ་ཞེས་བྱ་བ་ནི་ཕྲ་མོའི་རྣལ་འབྱོར་རོ། །དེ་ལྟར་ཡུད་ཙམ་གྱིས་ཡེ་ཤེས་ལས་རབ་ཏུ་གྲུབ་པའི་དཔག་ཏུ་མེད་པའི་འོད་ཟེར་གྱི་ཚོགས་སྤྲོས་པས་བདག་དང་གཞན་མཐོང་བར་སྦྱོར་བར་ཉིད་ཀྱིས་རྗེས་སུ་དྲན་པའི་རྣལ་འབྱོར་གྱི་བདག་ཉིད་ཀྱིས་མ་ལུས་པ་ཡོངས་སུ་རྫོགས་པར་བསྒོམ་པར་བྱའོ། །བསྒོམ་པས་སྐྱོ་བར་གྱུར་ན་སྔགས་བཟླ་བར་བྱ་བ་སྟེ། སྔགས་ལ་ཡང་ཆགས་པར་མི་བྱའོ། །དེ་ལ་འདིར་ཁམས་ཕྲ་བ་ལ་སེམས་སྦྱར་ལ་སྣའི་རྩེ་མོར་སེམས་བརྟན་པར་བྱས་ནས། འཇུག་པ་དང་གནས་པ་དང་འབྱུང་བའི་རིམ་པ་དང་ཡི་གེ་གསུམ་གྱིས་སྦྱར་ལ་བཟླ་བར་བྱའོ། །ཡང་ན་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་བཅུ་གསུམ་མར་མེའི་ཕྲེང་བ་བཞིན་དུ་འབར་བ་སེམས་ཀྱིས་བྲིས་ལ། སེམས་ཀྱིས་བྲིས་པ་བཞིན་དུ་ངེས་པར་བཟླ་བར་བྱ་སྟེ། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱའོ། །འདི་ནི་ལས་རྒྱལ་མཆོག་ཅེས་བྱ་སྟེ། ཏིང་ངེ་འཛིན་གསུམ་པ་སྤྲུལ་པའི་སྐུའོ། །