དཀྱིལ་འཁོར་གྱི་རྣམ་པར་དག་པ།
ད་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། ལུས་དང་ངག་དང་ཡིད་འདུས་པ་ནི་དཀྱིལ་འཁོར་རོ། །བདེན་བཞིའི་རྣམ་པའི་ཚུལ་གྱིས་གྲུབ་བཞིའོ། །བདུད་བཞི་སྐྲག་པར་མཛད་པའི་དོན་གྱིས་སྒོ་བཞི་བརྟགས་པ་ཉིད་དོ། །ཚངས་པའི་གནས་བཞིའི་ངོ་བོ་ཉིད་ཀྱིས་ཟུར་བཞིར་བརྟགས་པ་ཉིད་དོ། །རྣམ་པར་ཤེས་པ་བརྒྱད་ཀྱི་ངོ་བོ་ཉིད་ཀྱི་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་ཉིད་དོ། །རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང་ལུས་དང༌། ཡིད་དང༌། ཉོན་མོངས་པ་ཅན་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཀུན་གཞི་རྣམ་པར་ཤེས་པའོ། །བུམ་པ་བརྒྱད་ནི་གཟུགས་བརྒྱད་དེ། གང་དག་ཅེ་ན། ས་དང་ཆུ་དང་མེ་དང་རླུང་དང༌། ཁ་དོག་དང་དྲི་དང་རོ་དང་རེག་བྱ་ཞེས་བྱའོ། །ཁ་རྒྱན་གྱི་ཡལ་ག་ནི་ལམ་ཡན་ལག་བརྒྱད་པ་སྟེ། དེ་དག་གང་ཞེ་ན། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོགས་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །རིན་པོ་ཆེ་ལྔ་ནི་སྟོབས་ལྔ་སྟེ། །དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་སོ། །དཀྱིལ་འཁོར་གྱི་དོ་ཤལ་རྣམས་ནི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་ཞེས་བྱ་བའི་ཉོན་མོངས་པ་རྣམས་འཇོམས་པའི་དོན་ཏོ། །དོ་ཤལ་ཕྱེད་པ་ནི་ཉེ་བའི་ཉོན་མོངས་པ་རྣམས་འཇོམས་པའོ། །དངོས་དང་དངོས་མེད་བྱེ་བྲག་གིས། །སེམས་ནི་གང་ཞིག་རྣམ་རྒྱས་པས། །སེམས་ནི་བླ་རེ་ཞེས་བྱ་བར། །དོན་དམ་ཉིད་དུ་གསུངས་པ་ཡིན། ཏིང་ངེ་འཛིན་གྱི་ཡན་ལག་ནི་རྟ་བབས་སོ། །དེ་གང་དག་ཅེ་ན། བསྙེན་པ་དང༌། ཉེ་བར་བསྙེན་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོའོ། །རྒྱལ་མཚན་ཡང་དེ་དག་ཉིད་དོ། །ཡན་ལག་བརྒྱད་པའི་ལམ་གྱི་ཡེ་ཤེས་ནི་རྔ་ཡབ་ཀྱི་ཕྲེང་བས་བརྒྱན་པའོ། །
ཆོས་ཀྱི་གནས་བཞི་ནི་རྡོ་རྗེའི་ཐིག་དང་ལྡན་པའོ། །དེ་དག་གང་ཞེ་ན། ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྡུག་བསྔལ་བ། འདུས་བྱས་ཐམས་ཅད་ནི་མི་རྟག་པ། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བ་ཞེས་བྱའོ། །བྱམས་དང་སྙིང་རྗེ་ལ་སོགས་པ་ནི་མེ་ཏོག་དང་སྤོས་དང་མར་མེ་དང་དྲིའོ། །དེ་ལྟ་བུ་ནང་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ཕྱིའི་ལའང་ཤེས་པར་བྱའོ། །