Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་གསུམ་པ། འདུལ་བ་སྟོད་ཆ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསུམ་པ་གང་གི་ཚེ་འབྱེད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུམ་པ་གང་གི་ཚེ་འབྱེད་པ།next

གསུམ་པ་གང་གི་ཚེ་འབྱེད་པ།

གསུམ་པ་གང་གི་ཚེ་འབྱེད་པའི་དུས་ནི།

བསྟན་པ་ལ་སྐྱོན་བྱུང་བའི་དུས་ཡིན་པ་དང༌།མཆོག་ཟུང་གཅིག་བསྐོས་པའི་དུས་ཡིན་པ་དང༌། སྟོན་པ་མྱ་ངན་ལས་འདའ་ཁའམ་འདས་ཟིན་མ་ཡིན་པ་སྟེ། མཛོད་ལས། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང༌། །ཞེས་སོ། །རིགས་པས་ཀྱང༌། བསྟན་པ་ལ་སྐྱོན་བྱུང་བའི་སྔ་རོལ་ཏུ་དགེ་འདུན་ཕྱེ་བ་མི་སྲིད་པའི་ཕྱིར་དང༌། མཛོད་འགྲེལ་ལས། ཉན་ཐོས་མཆོག་ཟུང་གཅིག་དེས་ཕྱིར་སྡུམ་པར་བྱེད་པའི་ཕྱིར་དང༌། སྟོན་པ་མྱ་ངན་ལས་འདའ་ཀའི་ཚེ་ན་དགེ་འདུན་ཤ་གཅིག་པ་ཉིད་ཡིན་པའི་ཕྱིར་དང་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ན་འགྲན་ཟླ་སྟོན་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །བཞི་པ་གང་ལ་དབྱེ་བའི་དོན་ནི། ཆོས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་སྟེ། ཆོས་མ་ཡིན་པ་ལས་ཆོས་ཀྱི་ཕྱོགས་སུ་བསྡུམས་ན་ནི། ལུང་གཞི་ལས། དགེ་འདུན་བྱ་བ་སླར་སྡོམ་བྱེད་ན་བསོད་ནམས་མང་པོ་ཚད་མེད་ཅིང་གྲངས་མེད་པ་བསྐྱེད་པར་འགྱུར་རོ། །ཞེས་གསུངས་སོ། །ལྔ་བ་དམིགས་བསལ་གང་གིས་འབྱེད་པའི་རྟེན་ནི། དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་སྟེ། ལུང་ཞུ་བའི་དབྱེན་བྱེད་པའི་ལྷག་མའི་སྐབས་ལས། དགེ་སློང་ལ་ཇི་ལྟ་བ་བཞིན་དུ་བསླབ་པ་བྱིན་པ་དང་དགེ་སློང་མ་རྣམས་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྫོགས་པའི་རྐྱེན་ནི་བཞམས་བསྒོ་ལ་སོགས་པ་བཟློག་པ་རྣམ་པ་ལྔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་འདུ་ཤེས་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་དང༌། ཀུན་སློང་ནི་དགེ་འདུན་རྣམས་ཆོས་ལས་ཆོས་མིན་ཕྱོགས་སུ་འབྱེད་པར་འདོད་པ་དང་བཟློག་ཀྱང་མི་གཏོང་བར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བ་ནི།ངག་གིས་དགེ་འདུན་ཆོས་མིན་ཕྱོགས་སུ་འབྱེད་པར་ཞུགས་ཤིང་བཟློག་ཀྱང་མི་གཏོང་བར་ཞུགས་པའོ། །བཞི་བ་མཐར་ཐུག་ནི་ལས་བརྗོད་པ་གསུམ་པ་དངོས་ཉིད་རྫོགས་པ་དེའི་མཐའ་ལ་མི་གཏོང་ནའོ། ། གཉིས་པ་སྐབས་ཀྱི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པ་ནི། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་སངས་རྒྱས་ཞལ་བཞུགས་དུས་ཡིན་པ་ཡན་ལག་ཏུ་དགོས་ཏེ། བམ་པོ་ལྔ་བཅུ་པ་ལས།འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌། དགེ་འདུན་དུ་ལོངས་པ་དང༌། དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་ཉིད་དང༌། ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པ་ན་སྨད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཁ་ཅིག་ན་རེ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ཏེ། དབྱེན་ལ་ཡང་འོས་པ་མ་ཡིན་པས། ཞེས་དང༌། དབྱེན་རྗེས་སུ་བསྒྲུབ་པ་ནི་གསོལ་བ་དང་འདྲའོ། །ཞེས་གསུངས་པས་སོ་ཞེས་ཟེར་རོ། །འོན་ཀྱང་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་པའི་གཞུང་དེ་དག་ནི། དབྱེན་འཆགས་པའི་ཡན་ལག་དང་དེའི་མཚམས་མེད་བསྐྱེད་པའི་ཡན་ལག་བསྟན་པ་ཡིན་གྱི། དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་འབྱེད་པ་པོ་ལས་ཀྱི་ཁ་བསྐོང་བར་འོས་པ་ཡན་ལག་ཏུ་མི་དགོས་ཏེ། ལུང་ལས་བསླབ་པ་བྱིན་པ་ལ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་བསྐྱེད་པར་གསུངས་པ་དང༌། སྤྱིར་བསྟན་པའི་ཊཱི་ཀ་ལས། བསླབ་པ་བྱིན་པ་ནི་ཐམས་ཅད་དུ་ལྟུང་བ་ལ་སྦྱོར་བ་དགེ་སློང་འདྲ་བ་ཉིད་དུ་རིག་པར་བྱ། ཞེས་གསུངས་ལ།འདིའི་དམིགས་བསལ་དུ་འཇོག་པའི་རྒྱུ་མ་དམིགས་པའི་ཕྱིར་རོ། །དགེ་འདུན་གྱི་དབྱེན་དང༌།དབྱེན་བྱས་པའི་མཚམས་མེད་དང༌། དབྱེན་བྱེད་པའི་ལྷག་མ་དང་གསུམ་པོ་ངོ་བོ་ཐ་དད་ཅིང་ཡན་ལག་ཐ་དད་དེ། ངོ་བོ་ལྡན་པ་དང་པོ་དགེ་སློང་མ། །བྱེད་པར་གྱུར་དང་བཟློག་དང་མཐར་ཐུག་པ། །འབྱེད་པ་པོ་སྟེ་ཁྱད་པར་བརྒྱད་ཀྱིས་ན། །དབྱེན་དང་མཚམས་མེད་ལྷག་མའི་ཁྱད་པར་རོ། །ཞེས་སྨྲས་ཏེ། ངོ་བོའི་ཁྱད་པར་ནི། དགེ་འདུན་གྱི་དབྱེན་མི་འཕྲོད་པ་ལྡན་མིན་འདུ་བྱེད་ངོ་བོ་ལུང་མ་བསྟན་ཡིན་ལ། དབྱེན་བྱས་པའི་མཚམས་མེད་ནི་དགེ་འདུན་ཕྱེས་པ་ལས་གྱུར་པའི་སྡིག་པ་སྟེ། ཚེ་ཕྱི་མ་མནར་མེད་དུ་སྐྱེ་བའི་ལས་ཀྱི་དངོས་གཞི་ཡིན་ནོ། །དབྱེན་བྱེད་པའི་ལྷག་མ་ནི། སྐབས་འདིའི་བཅས་པ་ལས་འདས་པའི་ལྟུང་བའི་དངོས་གཞི་སྟེ་དགེ་འདུན་ཕྱེད་པ་ལ་མི་ལྟོས་སོ། །ལྡན་པའི་ཁྱད་པར་ནི། དགེ་འདུན་གྱི་དབྱེན་ནི་དགེ་འདུན་ལ་ལྡན་ཞིང༌།དབྱེན་བྱས་པའི་མཚམས་མེད་དང་དབྱེན་བྱེད་པའི་ལྷག་མ་ནི་བྱེད་པ་པོ་ལ་ལྡན་པའོ། །ལས་དང་པོ་པ་ལ་འབྱུང་མི་འབྱུང་གི་ཁྱད་པར་ནི། ལས་དང་པོ་པ་ལྷས་བྱིན་གྱིས་དགེ་འདུན་ཕྱེ་བ་ལས་དབྱེན་དང་དེའི་མཚམས་མེད་འབྱུང་ལ། དབྱེན་བྱེད་པའི་དགེ་འདུན་ལྷག་མ་ནི་མི་འབྱུང་སྟེ། ལས་དང་པོ་པ་ལ་ལྟུང་བ་མི་འབྱུང་བའི་ཕྱིར་རོ། །དགེ་སློང་མ་ལ་འབྱུང་མི་འབྱུང་གི་ཁྱད་པར་ནི།དགེ་སློང་མ་ལ་དབྱེན་བྱེད་པའི་ལྷག་མ་དང་ལས་ཀྱི་དབྱེན་འབྱུང་ཡང་འཁོར་ལོའི་དབྱེན་དང་དབྱེན་བྱས་པའི་མཚམས་མེད་ནི་མི་འབྱུང་སྟེ། དེ་གཉིས་ལ་འབྱེད་པ་པོ་དགེ་སློང་ཡིན་པ་ཡན་ལག་ཏུ་དགོས་པ་ལས་དེ་མ་ཚང་བའི་ཕྱིར་རོ། །མཛོད་འགྲེལ་ལས། དགེ་སློང་གིས་འབྱེད་ཀྱི་དགེ་སློང་མ་ལ་སོགས་པས་ཀྱང་མ་ཡིན་ནོ། །ཞེས་གསུངས་ལ། མཛོད་ཀྱི་འགྲེལ་བཤད་ལས། སངས་རྒྱས་ནི་དགེ་སློང་ཡིན་པའི་ཕྱིར་ལ། འབྱེད་པ་པོ་ཡང་དེ་ལ་སྔོ་བ་ཡིན་པའི་ཕྱིར་རོ། །ཞེས་སོ། །འོན་ཀྱང་དགེ་སློང་མ་ལ་དགེ་འདུན་དབྱེན་གྱི་མཚམས་མེད་ལྡན་པ་སྲིད་དེ། དགེ་འདུན་དབྱེན་གྱི་མཚམས་མེད་བྱས་པའི་དགེ་སློང་དགེ་སློང་མར་འགྱུར་ནའོ། །དེ་ཡང་མཚན་གྱུར་པས་མཚམས་མེད་ཀྱི་སྡིག་པ་མི་འདག་པས་དགེ་སློང་མ་ལ་ཡང་དགེ་འདུན་དབྱེན་གྱི་མཚམས་མེད་ཀྱི་རྒྱུན་འབྱུང་བ་སྲིད་པ་ཁོ་ནའོ། །དགེ་འདུན་ཕྱེད་པ་ཡན་ལག་ཏུ་དགོས་མི་དགོས་དང༌། བཟློག་པ་ཡན་ལག་ཏུ་དགོས་མི་དགོས་ཀྱི་ཁྱད་པར་ནི་དགེ་འདུན་གྱི་དབྱེན་བྱས་པའི་མཚམས་མེད་པ་ལ་ནི་དགེ་འདུན་ཕྱོགས་གཉིས་སུ་ཕྱེད་པ་ཡན་ལག་ཏུ་དགོས་ལ། བཟློག་པ་ཡན་ལག་ཏུ་མི་དགོས་སོ། །དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་ནི་བཟློག་པ་ཡན་ལག་ཏུ་དགོས་ལ་དགེ་འདུན་ཕྱེད་པ་ཡན་ལག་ཏུ་མི་དགོས་པས་སོ། །དགེ་འདུན་ཕྱེད་ཟིན་ན་ནི་དེ་ལས་བཟློག་པ་མི་བྱ་སྟེ། བྱས་ཀྱང་དོན་མེད་པའི་ཕྱིར་རོ། །དཔེར་ན་ནད་པ་ཤི་ཟིན་ན་སྨན་མི་གཏོང་བ་བཞིན་ནོ། །དེས་ན་དགེ་འདུན་ཕྱེད་ཟིན་ན་དེ་ལ་བཟློག་པ་མི་བྱེད་པར་དབྱེན་སྡུམ་པར་བྱེད་པ་སྟེ། ལུང་ལས་མཆོག་ཟུང་གཅིག་གིས་དབྱེན་བསྡུམས་པ་བཞིན་ནོ། །མཐར་ཐུག་གི་ཁྱད་པར་ནི། དབྱེན་དང་དེའི་མཚམས་མེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེད་པར་གྱུར་པ་ཡིན་ལ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེད་པ་ལ་མི་ལྟོས་ཀྱི། དགེ་འདུན་འབྱེད་པར་བྱེད་པ་ན། བསྒོ་བའི་ལས་བརྗོད་པ་གསུམ་པ་དེའི་མཐའ་ལ་མི་གཏོང་ནའོ། །འབྱེད་པ་པོའི་ཁྱད་པར་ནི་དབྱེན་དང་དེའི་མཚམས་མེད་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་ལ་དབྱེན་བྱེད་པའི་ལྷག་མ་བསྐྱེད་པ་ལ་དེ་ལྟར་མ་ཡིན་ཏེ། སྔར་བཤད་ཟིན་ཏོ། །འཁོར་ལོའི་དབྱེན་དང་དབྱེན་བྱས་པའི་མཚམས་མེད་གཉིས་ནི་རྒྱུ་ཚོགས་པ་ཚར་གཅིག་ལས་སྐྱེས་པ་ཏེ། གཟུགས་དང་དེའི་རོ་བཞིན་ནོ། །ལས་ཀྱི་དབྱེན་བྱས་པ་ནི་མཚམས་མེད་དུ་མི་འགྱུར་ཏེ། ལྟུང་བ་སྦོམ་པོ་ཙམ་དུ་ཟད་དོ། །ཅུང་ཟད་དཔྱད་ན་དགེ་འདུན་མ་ཕྱེ་གོང་དུ་མཚན་མེད་ཀྱི་ལས་གྲུབ་དགོས་པར་ཐལ། རྩ་བར།དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །དེ་དང་དགེ་འདུན་ཡང་དག་ལྡན། །དེ་ཡི་ཁ་ན་མ་ཐོ་རྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །ཞེས་དང༌། མཆིམས་མཛོད་༤༣༨ལས། དགེ་འདུན་གྱི་དབྱེན་དེའི་རྒྱུ་ཁ་ན་མ་ཐོ་བའི་ལས་ནི་དགེ་འདུན་འབྱེད་པར་བྱེད་པའི་རྫུན་ཏེ། དེ་ལྟ་བུའི་རྫུན་དེ་ནི་མཚམས་མེད་ཡིན་ལ།དེ་དང་ནི་དགེ་འདུན་འབྱེད་པར་བྱེད་པ་པོ་ལྷས་སྦྱིན་ལ་སོགས་པ་ཡང་དག་པར་ལྡན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དབྱེན་གྱི་མཚམས་མེད་ཀྱི་ལས་དེ་དགེ་འདུན་ཕྱོགས་སོ་སོར་དབྱེ་ཟིན་པའི་དུས་སུ་གྲུབ་དགོས་པའི་ཕྱིར་ཏེ། འདུལ་བ་མཚོ་ཊཱིཀ༡༤ལས། མཐར་ཐུག་གི་ཁྱད་པར་ནི། དབྱེན་དང་དེའི་མཚམས་མེད་པའི་མཐར་ཐུག་ནི་དགེ་འདུན་ཕྱེ་པར་གྱུར་བ་ཡིན་ལ།ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། དགེ་འདུན་དབྱེན་གྱི་ལྷག་མ་མེད་པར་ཐལ། ལྷས་སྦྱིན་ནི་བཅས་པའི་ལས་དང་པོ་པ་ཡིན་པས་དགེ་འདུན་དབྱེན་གྱི་ལྷག་མ་མ་བྱུང་ལ་དེ་ལས་གཞན་དགེ་འདུན་གྱི་ལྷག་མ་འབྱུང་བའི་མཚན་གཞི་མི་རྙེད་པའི་ཕྱིར་ཏེ། མཚོ་ཊཱིཀ་༤༡༣ལས། དབྱེན་བྱེད་པའི་ལྷག་མ་ནི་མི་འབྱུང་སྟེ། ལས་དང་པོ་ལ་ལྟུང་བ་མི་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་མཆིམས་མཛོད་༤༣༩ལས། འདི་ཉུང་མཐའ་བཟུང་བ་ཡིན་གྱི་མང་བ་ལ་ངེས་པ་མེད་དོ། །ཞེས་དང༌། མཆིམས་མཛོད་༤༤༡ལས། དབྱེན་འདི་ཡང་ཉན་ཐོས་པ་དག་སྔོན་གྱི་ལས་ལ་རག་ལས་པའི་ཕྱིར་སངས་རྒྱས་ཐམས་ཅད་ལ་འབྱུང་བ་ནི་མ་ཡིན་ཏེ། སངས་རྒྱས་ཤཱཀྱ་ཐུབ་པས་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་བ་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ཞིག་གི་འཁོར་ཕྱེ་བས་དེའི་རྣམ་པར་སྨིན་པ་ཕྱི་མ་ཡིན་ནོ། །ཞེས་འཆད་དེ་འདི་ནི་དགོངས་པའི་དོན་དུ་ཐེག་པ་གོང་མ་བས་བཞེད་དོ། །ཞེས་གསུངས་པ་དང༌། བམ་པོ་ལྔ་བཅུ་པ་ལས། ༼དབྱེན་བྱེད་པའི་ལྷག་མ།༽ འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། སྟོན་པ་བཞུགས་པ་དང༌། དགེ་འདུན་དུ་ལོངས་པ་དང༌། དགེ་འདུན་གྱི་དབྱེན་ལ་བརྟུལ་བར་བྱེད་པ་ཉིད་དང༌།ཆོས་དང་མཐུན་པས་བཟློག་པ་དང༌། ལས་བརྗོད་པ་གསུམ་པའི་མཐར་མི་གཏོང་བའོ། །ཞེས་གསུངས་པའི་དགོངས་པ་འཚོལ་དགོས་སོ། །ལྷས་སྦྱིན་གྱི་བརྟུལ་ཞུགས་ལྔ་ནི། བམ་ལྔ་ལས།ཤ་མི་ཟ་བ་དང༌། འོ་མ་མི་འཐུང་བ་དང༌། ལན་ཚྭ་མི་ཟ་བ་དང༌། གོས་དྲས་པ་མི་གྱོན་པ་དང༌།གྲོང་དུ་གནས་པ་ཡང་དག་པར་ལེན་པའོ། །ཞེས་གསུངས་པས་སོ། །


previousགསུམ་པ་གང་གི་ཚེ་འབྱེད་པ།next