དུར་ཁྲོད་བརྗོད་པ།
ད་ནི་དུར་ཁྲོད་བརྗོད་པར་བྱ་སྟེ། དབུགས་རྒྱུ་ཞེས་བྱའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་བྱ་བར་དུར་ཁྲོད་ཅེས་བྱ་བ་ནི་ལུས་ཏེ་སའི་ཁམས་སོ། །དེས་ཞིང་སྐྱོང་བར་བྱེད་པས་ན་ཞིང་སྐྱོང་སྟེ་རླུང་ངོ༌། །སྲེག་ཅིང་འཚེད་པའི་བདག་ཉིད་ཀྱིས་ནི་ཀླུའོ། །ནམ་མཁའི་མཚན་ཉིད་ཀྱིས་ནི་ཤིང་ངོ༌། །ཆུའི་ངོ་བོ་ཉིད་ཀྱིས་ནི་སྤྲིན་ནོ། །རྙེད་པ་དང༌། མ་རྙེད་པ་དང༌། གྲགས་པ་དང༌། མ་གྲགས་པ་དང༌། སྨད་པ་དང༌། བསྟོད་པ་དང༌། བདེ་བ་དང༌། སྡུག་བསྔལ་ལ་སོགས་པ་ནི་འཇིག་རྟེན་སྐྱོང་བའོ། །ནད་ལ་སོགས་པ་ནི་ཡི་དགས་དང༌། འབྱུང་པོ་དང་ཤ་ཟ་ལ་སོགས་པའོ། །དུར་ཁྲོད་བརྒྱད་ནི་ཡན་ལག་བརྒྱད་དོ། །འདི་དག་གི་དཀྱིལ་ན་མཆོག་དུ་དགའ་བའི་རང་བཞིན་གྱིས་བཅོམ་ལྡན་འདས་རྣལ་འབྱོར་མ་རྣམས་ཀྱིས་བསྐོར་ནས་བཞུགས་སོ། །བདག་དང་བདག་གིར་འཛིན་པའི་སྐྱོན་རྣམས་མ་ལུས་འཁྲུགས་པའི་རླབས་དང་འཛིན་ཁྲི་དང༌། །ལྡན་པའི་འཁོར་བའི་རྒྱ་མཚོའི་ནང་ན་གནས་པ་སྲོག་མཐར་ཐུག་པས་ལྡོངས་གྱུར་ལ། །དེ་ཉིད་གསལ་བར་བྱེད་པ་འདི་བརྩམས་པ་ལས་བསོད་ནམས་སྐྱེས་པ་མ་ལུས་པ། །དེས་ནི་དེ་ཉིད་གྲུ་ཡིས་འཇིག་རྟེན་འདི་དག་རྣམས་ནི་མ་ལུས་རྟག་ཏུ་སྒྲོལ་བར་ཤོག །དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བ་སློབ་དཔོན་པཎྜི་ཏ་ནག་པོའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།མཁས་པ་ཆེན་པོ་བྲམ་ཟེའི་རིགས། །སངས་རྒྱས་བསྟན་ལ་ཕན་དགའ་བའི། །ནག་པོའི་མཚན་ཅན་དེ་དང་ནི། །དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར། །དེ་ལས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་བ་མ་ལུས་པས། །རིམ་གཉིས་ཕྱག་རྒྱ་བཞི་རྟོགས་ནས། །རྡོ་རྗེ་འཛིན་པའི་གནས་ཐོབ་ཤོག །